གངས་ཅན་གྱི་ལྗོངས་སུ་བྱོན་པའི་བཤེས་གཉེན་འགའ་ཞིག་གི་ལོ་རྒྱུས།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-018
Wylie title gangs can gyi ljongs su byon pa'i bshes gnyen 'ga' zhig gi lo rgyus JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 18, Pages 226-243 (Folios 113b5 to 122a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gangs can gyi ljongs su byon pa'i bshes gnyen 'ga' zhig gi lo rgyus. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 226-243. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre History Texts - lo rgyus  ·  Notes - zin bris

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི་པྲ་ཛ་བྷྱཿ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཚིགས་སུ་བཅད་པ། །ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་བལྟམས། །ཕྱི་ནང་རིག་པའི་གནས་རྣམས་ཀུན་ལ་མཁས། །བསླབ་གསུམ་རྣམ་དག་གནས་བརྟན་འདུལ་བ་འཛིན། །རྩ་བའི་སྡེ་བཞི་གྱེས་པ་བཅོ་བརྒྱད་ཀྱི། །ལུགས་རྣམས་སོ་སོར་མ་འདྲེས་ཐུགས་ཆུད་པས། །ཀུན་གྱིས་བཀུར་ཅིང་ཁྱོད་གསུང་ཚད་མར་ལེན། །རྣམ་གནོན་ངང་ཚུལ་ལ་སོགས་མ་ག་ངྷཱའི། །གཙུག་ལག་ཁང་ཆེན་ཀུན་གྱི་བདག་པོ་མཛད། །ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས་ཤིང་། །སྡེ་སྣོད་རྒྱུད་སྡེའི་ཆོས་ལ་མི་མཁྱེན་མེད། །གསེར་གླིང་ཞལ་གྱི་བུམ་བཟང་ལས་འོངས་པའི། །བྱང་ཆུབ་སེམས་ཀྱི་བདུད་རྩི་རྫོགས་པར་གསོལ། །སྒྲུབ་དང་སུན་འབྱིན་རིགས་པའི་ང་རོ་ཡིས། །རྒོལ་བ་ངན་པའི་གླང་ཆེན་མྱོས་མཛད་ཅིང་། །སྐལ་བར་ལྡན་རྣམས་རང་རང་བསམ་པ་དང་། །མཐུན་པར་དམ་པའི་ཆོས་ཀྱིས་ཚིམས་པར་མཛད། །བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཞེས། །ཇོ་མོས་ལུང་བསྟན་དཔལ་ལྡན་ནཱ་རོ་པས། །བསྟན་པའི་བདག་པོ་ཉིད་དུ་མངའ་གསོལ་བ། །དེ་ནི་དཔལ་ལྡན་མར་མེ་མཛད་དཔལ་ལ། །ལྔ་བརྒྱ་པ་ཡི་ཐམས་ཅད་མཁྱེན་པ་དེ། །ལྷ་རིགས་དགེ་སློང་བྱང་ཆུབ་སེམས་ལྡན་པས། །དགེ་སློང་ཚུལ་ཁྲིམས་རྒྱལ་བ་རབ་མངགས་ཏེ། །དཀའ་བ་དུ་མས་བོད་དུ་སྤྱན་དྲངས་ཚེ། །ཆུ་ཕོ་རྟ་ལ་མགོན་པོ་བོད་དུ་བྱོན། །མེ་མོ་ཕག་ལ་བསམ་ཡས་གནས་སུ་ཕེབས། །ས་མོ་གླང་ལ་ར་ས་འཕྲུལ་སྣང་དང་། །ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་བཞུགས། །ལྕགས་ཕོ་སྟག་ལ་སྙེ་ཐང་འོར་དུ་ཕེབས། །ལོ་སྐོར་གཅིག་གི་བར་དུ་བོད་ཡུལ་དུ། །ཟབ་ལ་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར། །ཐམས་ཅད་མཐོ་རིས་བྱང་གྲོལ་ལམ་ལ་བཀོད། །དེ་ནས་བླ་མ་རྗེ་བཙུན་ཆེན་པོ་དེས། །བསྟན་པ་རྒྱལ་བའི་འབྱུང་གནས་ལ་གཏད་ནས། །ཤིང་ཕོ་རྟ་ལ་དགའ་ལྡན་གནས་སུ་གཤེགས། །དེར་ནི་ནམ་མཁའ་དྲི་མ་མེད་པར་གྲགས། །དེ་ནས་ལོ་ངོ་བཅུ་ཡི་བར་དག་ཏུ། །དགེ་བཤེས་སྟོན་པས་ཚོགས་ཀྱི་དཔོན་མཛད་དེ། །ཇོ་བོའི་གདན་ས་དཔལ་གྱི་རྭ་སྒྲེངས་བཏབ། །ཡོངས་སུ་དག་པའི་འཁོར་སློབ་སྨིན་པར་མཛད། །དེ་ནས་ལོ་གྲངས་ཉི་ཤུ་ལྷག་ཙམ་ན། །སྐུ་མཆེད་གསུམ་གྱི་ཕྲིན་ལས་ཀློང་བརྡོལ་ཏེ། །དབུ་རུ་བྱང་དུ་བཀའ་གདམས་ཉི་མ་ཤར། །གངས་ཅན་མ་ལུས་འོད་ཀྱིས་ཁྱབ་པར་མཛད། །དྲང་སྲོང་ཆེན་པོ་པུ་ཏོ་བ་ལ་ནི། །ལྟ་སྤྱོད་ཡོངས་སུ་དག་པའི་སློབ་མ་ནི། །དུས་རེ་ལ་ཡང་ཉིས་སྟོང་ལྷག་ཙམ་དང་། །སྤྱན་སྔ་བ་ལ་བརྒྱད་བརྒྱ་དགུ་བརྒྱ་འདུས། །ཕུ་ཆུང་པ་ཡིས་ཚོགས་པ་མ་བསྐྱངས་ཀྱང་། །སྦས་པའི་ཚུལ་དུ་དཔག་མེད་སྨིན་པར་མཛད། །ཁམས་པ་ལུང་པའི་ཐུན་བརྒྱད་མ་ལ་ཡང་། །རྣམ་གྲོལ་དོན་གཉེར་བརྒྱད་བརྒྱ་འདུས་པར་གྲགས། །སྐུ་མཆེད་གསུམ་གྱིས་ལེགས་པར་བསྐྱངས་པའི་སྲས། །གླང་ཐང་པ་ལ་སྟོང་ཕྲག་རེ་ཙམ་དང་། །དགེ་བཤེས་ཆེན་པོ་ཤ་ར་བ་ལ་ནི། །རྣམ་ཐར་གཙང་བས་སུམ་སྟོང་ལྷག་རེ་འདུས། །དགེ་བཤེས་སྤང་གད་པ་ལ་སྟོང་ལྷག་དང་། །བྱ་ཡུལ་བ་ལ་ཉིས་སྟོང་བདུན་བརྒྱ་སོགས། །ཕྲིན་ལས་སྐྱོང་བའི་བཤེས་གཉེན་མཐའ་ཡས་ཏེ། །དེ་དུས་ཁོ་ན་བསྟན་པའི་གདལ་ཆེའོ། །ཞེས་བཀའ་གདམས་ཆོས་འབྱུང་ལས་གསུངས་སོ། ། ༈

མཁས་གྲུབ་ཁྱུང་པོ་ནི། རང་གི་གསུང་ལས། །བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། །སྙེ་མོ་ར་མང་རྗེ་རིགས་ཁྱུང་པོ་ཡིན། །ཕ་རུ་སྨོས་པ་ཁྱུང་རྒྱལ་སྟག་སྐྱེས་དང། །མ་རུ་སྨོས་པ་མགོ་བཟའ་བཀྲ་ཤིས་སྐྱིད། །དེ་ཉིད་ལྷུམས་སུ་བདག་ཉིད་ཞུགས་པའི་ཚེ། །ཕ་མ་ཡུལ་མི་བདེ་སྐྱིད་ལྡན་པར་གྱུར། །སྟག་གི་ལོ་ལ་མ་ཡི་རུམ་ནས་བཙས། །ཞེས་དང་། ལོ་བཅུ་ལོན་ནས་ཡིག་རྩིས་མཁས་པ་ཤེས། །བཅུ་གཉིས་ལོ་ལ་ཕ་མེས་བག་ཆགས་ཀྱིས། །སེམས་ཕྱོགས་བོན་བསླབ་དེ་རྗེས་རྫོགས་ཆེན་བསླབ། །ཅེས་དང་། དེ་ནས་རིན་ཆེན་གསེར་ཕྱེ་ཕངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དཀའ་སྤྱད་ནས། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། །རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམ་བཞི་བསྟེན། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཅིག །མཉེས་པར་བྱས་ནས་མཐར་ཐུག་གདམས་ངག་ཞུས། ཞེས་སོ།། །། ༈ མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་བུ་སྟོན་རིན་ཆེན་གྲུབ་ནི། ཤབ་སྨད་སྒོམ་གནས་ཞེས་བྱ་བར། གདུང་རུས་བྲག་པ། ཡབ་བྲག་སྟོན་རྒྱལ་མཚན་དཔལ་བཟང་ཞེས་བྱ་བའི་དབོན་པོ་བླ་མ་བྲག་སྟོན་པ་ཞེས་སྔགས་རྙིང་མའི་རིགས་དང་། ཡུམ་སློབ་དཔོན་མ་བསོད་ནམས་འབུམ་གྱི་སྲས་སུ་ལྕགས་ཕོ་རྟའི་ལོ་དཔྱིད་འབྲིང་མར་ངོའི་ཚེས་དགུ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས། ཆེར་སྐྱེས་པ་ན་འཇམ་དབྱངས་ཀྱི་ཞལ་གཟིགས། དགུང་ལོ་བདུན་པར་སེམས་དཔའ་ཆེན་པོ་ཁྲོ་ཕུ་པའི་དྲུང་དུ་སེམས་བསྐྱེད་ཀྱི་གདམས་པ་ཞུས་པས་བདག་བས་གཞན་གཅེས་ཐུགས་ལ་འཁྲུངས། བརྒྱད་པར་བླ་མ་དེ་ཉིད་ལས་བདེ་མཆོག་དྲིལ་བུ་པ་དང་། མན་ངག་བརྒྱ་རྩ་སོགས་ཞུས། མེས་པོ་ཚུལ་ཁྲིམས་དཔལ་བཟང་ལ་གསང་སྙིང་དགོངས་འདུས་སོགས་རྙིང་མའི་ཆོས་སྐོར་མང་པོ་དང་། ཞི་བྱེད་ཀྱི་རྒྱུད་ཕྱི་མ། གུ་རུའི་གཏོར་མའི་དོན་སོགས་ལ་མཁས་པ་ཕུལ་ཕྱིན་དུ་མཛད། བཟླས་བརྗོད་དང་བསྐྱེད་རྫོགས་བསྒོམས་པས་དྲོད་ཚད་ཐོབ། བཅོ་བརྒྱད་པར་མཁན་ཆེན་བཟང་པོ་དཔལ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ཉིད་ལ་ཕར་ཕྱིན་ལོ་ངོ་གཉིས་ཀྱི་བར་དུ་འབད་རྩོལ་གྱིས་སྦྱངས་པས་ཤིན་ཏུ་མཁས། ཉི་ཁྲི་སྣང་བ། བརྒྱད་སྟོང་འགྲེལ་པ། ས་སྡེ་ལྔ། སྡོམ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད་སོགས་ལའང་བྱང་ཆུབ། གཞན་ཡང་སྤྱོད་འཇུག་སོགས་མདོ་སྡེའི་དགོངས་འགྲེལ་སྐོར། མདོ་རྩ་མེ་ཏོག་ཕྲེང་རྒྱུད་སོགས་འདུལ་བ། ཚད་མ་ཀུན་བཏུས་སོགས་ཚད་མ། མངོན་པ་ཀུན་བཏུས། གཞན་ཡང་རྒྱུད་སྡེ་བཞིའི་དབང་བཀའ་དང་། བཤད་བཀའ་མཐའ་ཀླས་པ་གསན། ཉེར་གཅིག་པར་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་ཀུན་གྱི་ཡིད་འཕྲོག །ཉེར་གསུམ་པར་མཁན་ཆེན་གྲགས་པ་གཞོན་ནུ་ལས་བསྙེན་པར་རྫོགས་ཤིང་། སོ་ཐར་གྱི་མདོ། ཀརྨ་ཤ་ཏཾ་སོགས་ཀྱི་བཤད་པ་གསན། དེ་ནས་ཐར་ལོའི་དྲུང་དུ་ཀ་ཙཱ་ན་འགྲེལ་བཅས་ལ་སྦྱངས་པས་ལོ་ཙ་བ་ཆེན་པོར་གྱུར། འགྱུར་ཡང་མང་དུ་མཛད། དེ་ཉིད་ལས་སྦྱོར་དྲུག་གསན་ནས་བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བླ་མ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ལས་ཐ་མལ་གྱི་སྣང་བ་སྐད་ཅིག་ཀྱང་མ་སྐྱེས་གསུངས། གཞན་ཡང་སྙན་ངག་དང་སྡེབ་སྦྱོར་སོགས་གསན། བླ་མ་དཔལ་ལྡན་སེང་གེ་ལས་དུས་འཁོར་སོགས་རྒྱུད་སྡེ་བཞི་ཀའི་དབང་བཤད་བཀའ་སོགས་བོད་དུ་རྒྱུན་ཡོད་དོ་ཅོག་ལྟ་བུ་དང་། བླ་མ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་གི་དྲུང་དུ་དུས་འཁོར་གྱི་སྐོར་མཐའ་ཆོད་པ་སོགས་གསན། དགུང་ལོ་སོ་གཅིག་པར་རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྣམ་འཕྲུལ་སྐུ་ཞང་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ཞ་ལུ་གསེར་བཀང་གི་གདན་སར་སྤྱན་དྲངས་ཏེ་མདོ་སྔགས་ཀྱི་བཤད་གྲྭ་ཆེན་པོ་བཙུགས། སློབ་དཔོན་འཕགས་པའི་སྦུགས་སུ་སྤྱན་དྲངས་གསང་འདུས་ཀྱི་སྨིན་གྲོལ་གསན་པས་འདུས་པ་ལྷ་སོ་གཉིས་ཀྱི་ཞལ་གཟིགས། འོད་གསལ་མ་བསྒོམས་ཀྱང་ཟིན། དག་པའི་ཞིང་དུ་བྱོན་པ་སོགས་ལམ་རྟགས་རང་བྱུང་དུ་ཤར། རྒྱུད་སྡེ་བཞིའི་བསྟན་པའི་བདག་པོར་གྱུར། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། ཁྱད་པར་དུ་བཀའ་བསྟན་བཞེངས་པའི་ཚེ་མ་ཚང་བ་བཅུག །ལྷག་པ་བཏོན་པ་སོགས་དག་ཐེར་འགྲན་ཟླ་བྲལ་བ་མཛད། ཆོས་སྡེ་ཆེན་པོར་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་དང་། རི་སྦུག་ཏུ་སྡེ་སྣོད་འཛིན་པ་འདག་སྦྱར་ཆུ་བུག་སྒོ་ལ་བཞུགས་པའི་དགེ་བཤེས་ལྔ་བརྒྱ་ཙམ་རེ་འདུས། བཤད་སྒྲུབ་ཐམས་ཅད་ཀྱི་ཆུ་གཏེར་དུ་གྱུར། ས་སྐྱ་བླ་མ་དམ་པས་སྤྱན་དྲངས་ཏེ་ཡོངས་འཛིན་དུ་བཀུར། སྙན་གྲགས་ཀྱིས་ས་སྟེང་ཐམས་ཅད་ཁྱབ་པས་རྒྱ་ནག་རྒྱལ་པོ་ཐོ་གོན་ཐེ་གུར་ཁཱན་དང་། རྒྱ་གར་ཆོས་ཀྱི་རྒྱལ་པོ་པུཎྱ་མཱ་ལ་ལ་སོགས་པས་ཀྱང་བསྔགས་པའི་སྤྲིངས་ཡིག་གིས་མཆོད། རེ་གཉིས་པར་གཡའ་ཕག་གཉིས་འཁྲུགས་པར་འདུམ་པར་དབུས་སུ་བྱོན་ཅིང་། ལམ་བར་དུ་ཆེན་པོ་ཐམས་ཅད་ཀྱིས་ཞབས་ནས་བཏེགས། རེ་གསུམ་པར་རི་སྦུགས་སུ་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས། རེ་བཞི་པར་ས་སྐྱར་ཕེབས་ཤིང་ཏི་ཤྲཱིར་བཀུར། རེ་ལྔ་པར་སླར་ཉིད་ཀྱི་གདན་སར་ཕེབས་ཤིང་ཡང་བསྐྱར་ས་སྐྱར་བྱོན། དེ་ནས་གདན་སར་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བསྐོ་བར་གནང་། ཉིད་ཀྱིས་རི་སྦུགས་སུ་ཀུན་སྤོང་མཛད་དེ་ཐུགས་དམ་ཟབ་མོ་ལ་གཞོལ་པར་མཛད། རྗེ་བཙུན་གྲགས་པ་ལན་གཉིས་སུ་ཞལ་མཇལ་ཞིང་ཆོས་ཀྱི་དག་ཐེར་གྱིས་ཤིག་པའི་གནང་བ་ཐོབ། །རྒྱུད་སྡེ་བཞི་དང་འབྲེལ་བའི་འཆད་ཉན་བསམ་གྱིས་མི་ཁྱབ་པ་མཛད། མདོར་ན་འཁོར་ལོ་གསུམ་གྱི་བྱ་བ་རེ་རེ་ལ་འདི་ཁོ་ན་སྐུ་ཚེ་ཧྲིལ་པོར་མཛད་དམ་སྙམ་པ་ཡོད། དམ་པའི་ཆོས་མ་བསྒྱུར་བ་རྣམས་བསྒྱུར། བསྒྱུར་པ་རྣམས་ཞུ་ཆེན་བྱས། ཧོལ་ཁང་བསབས། འགྲེལ་བཤད་ཀྱིས་བཀྲལ། ཐུན་མོང་དང་ཐུན་མོང་མིན་པའི་ཆོས་ཐམས་ཅད་ཕས་བུ་གཅིག་པུ་ལ་སྟེར་པ་ལྟ་བུར་མཛད་པས་བསྟན་པ་སྤྱི་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་དགུང་ལོ་དོན་ལྔ་པ་ཤིང་འབྲུག་ཟླ་བ་དྲུག་པའི་ཉི་ཤུ་གཅིག་ལ་དགའ་ལྡན་ཆོས་ཀྱི་འདུན་ས་ཆེན་པོར་གཤེགས་སོ། །ཞལ་སློབ་ཀྱི་རིམ་པ་ནི་རྒྱ་དཀར་ནག་བོད་བལ་སོག་པོ་སོགས་སྨོས་ཀྱིས་མི་ལང་། ལེགས་བཤད་གསུང་རྩོམ་གྱི་དབང་དུ་བྱས་ན་སྒྲ་ཚད་དབུ་ཕར་རྒྱུད་སྡེ་རྣམ་བཞི་དང་འབྲེལ་བའི་བསྟན་བཅོས་པོད་ཆེན་ཉེར་བརྒྱད་ཀྱིས་མཚོན་མཐའ་ཀླས་སོ།། །། ༈ རྒྱལ་སྲས་ཐོགས་མེད་པ་ནི། དཔལ་ས་སྐྱའི་ལྷོ་ནུབ་ཕུལ་བྱུང་བྲག་སྐྱེ་ཞེས་བྱ་བར། ཡབ་དཀོན་མཆོག་དཔལ་དང་། ཡུམ་འབུམ་སྒྲོན་གྱི་སྲས་སུ་ཤིང་ལུག་ལོར་འཁྲུངས། ངེས་འབྱུང་དང་། སྙིང་རྗེ། ཤེས་རབ་རྣམས་རང་བརྡོལ། བཅུ་གཉིས་པར་དཔལ་འབར་བར་རབ་ཏུ་བྱུང་། མཚན་བཟང་པོ་དཔལ་དུ་བཏགས། དགུང་ལོ་བཅོ་ལྔ་པར་བོ་དོང་ཨེར་བྱོན་ནས་ཀུན་བཏུས་གསན་ཅིང་། རྣམ་དཔྱོད་ཆེ་བས་ཐོགས་མེད་གཉིས་པར་གྲགས། གཞན་ཡང་དབུ་ཕར་ཚད་མ་སོགས་མདོ་ཕྱོགས་ཐམས་ཅད་ལ་བྱང་ཆུབ་པར་མཛད། ཉེར་གསུམ་པར་གཙང་ཕྱོགས་སུ་གྲྭ་སྐོར་ལ་བྱོན། སུམ་ཅུ་པར་མཁན་པོ་བྱང་སེམས་རིན་མགོན་ལས་རབ་ཏུ་བྱུང་། སོ་གཉིས་པར་བཀྲ་ཤིས་བོ་དོང་རྟ་རའི་གདན་ས་ལོ་བདུན་མཛད། དགུང་ལོ་ཞེ་གསུམ་པ་ནས་གྲུ་འཛིན་གཉིས་པ་དངུལ་ཆུ་ཆོས་རྫོང་དུ་བྱོན། ལོ་ཉི་ཤུ་རྩ་གྲངས་བར་ཐུགས་དམ་ཁོ་ནར་བཞུགས། མདོར་ན་དང་པོ་བཤེས་གཉེན་བཅུ་ཕྲག་བཞི་དང་། འགྲན་ཟླ་དང་བྲལ་བ་གཉིས་བསྟེན་ནས་མདོ་སྔགས་ཀྱི་ཆོས་བོད་དུ་འགྱུར་རོ་ཅོག་མ་གསན་པ་མེད་པ་ལྟ་བུར་གྱུར། བར་དུ་དེ་དག་གི་དོན་འཆད་ཅིང་རྩོད་པས་བཤེས་གཉེན་མཐའ་ཀླས་པ་སྤེལ། མདོ་རྒྱན། རྒྱུད་བླ་མ། སྤྱོད་འཇུག་སོགས་ཀྱི་འགྲེལ་པས་མཚོན་ལེགས་བཤད་རྩོམ་པའང་མང་དུ་མཛད། བྱང་ཆུབ་ཀྱི་སེམས་འབྱོངས། ལོ་ཉི་ཤུ་རྩ་གཅིག་ཙམ་དུ་སྒྲུབ་པ་སྙིང་པོར་དྲིལ། སྒྲུབ་པ་མཐར་ཕྱིན་ནས། རེ་གསུམ་ནས་རེ་བདུན་པའི་བར་སྟོན་ཟླ་གསུམ་ལ་སྐུ་མཚམས་གྲོལ་ནས་གཞན་དོན་མཛད། རེ་བདུན་པར་ཏཱ་སི་ཆེན་པོས་དབུས་ཕྱོགས་སུ་གདན་དྲངས་ནས་གཞན་དོན་རྒྱ་ཆེན་མཛད། དགུང་ལོ་དོན་ལྔ་བཞེས་པ་ས་བྱ་ཟླ་བ་བཅུ་པའི་ཚེས་ཉི་ཤུའི་དགོངས་མོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདས། འདིའི་ཞལ་སློབ་འགྲོ་མགོན་དཔལ་ཡེ་པས་བློ་སྦྱོང་ཟིན་བྲིས་ཆེན་མོ་དང་། པུ་ཏོ་བའི་དཔེ་ཆོས་རིན་སྤུངས་ཀྱི་ཟུར་འདེབས་གཏམ་རྒྱུད་རིན་ཆེན་ཕྲེང་བ་མཛད།། །། ༈ རྗེ་བཙུན་རེད་མདའ་བ་ནི། ས་སྐྱ་དང་ཉེ་བའི་རེད་མདའ་མཁན་པོ་འགར་སྟོང་བཙན་ཡུལ་བཟུང་གི་རྒྱུད་དུ་ཡབ་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་དབང་ཕྱུག་སྐྱིད་ཀྱི་སྲས་སུ་ས་གླང་ལོར་འཁྲུངས། བཅོ་བརྒྱད་པར་ས་བཟང་པཎ་ཆེན་ལས་དགེ་ཚུལ་བཞེས། མཚན་བཟང་པོ་དཔལ་དུ་བཏགས། དེ་ནས་མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ་དང་། ལུང་རིགས་སྨྲ་བ་མཁན་ཆེན་སངས་རྒྱས་དཔལ་གཉིས་ལས། ཚད་མ་ལ་ཤིན་ཏུ་མཁས་པར་སྦྱངས། དེ་ནས་རིམ་པར་རྒྱན་ལ་སོགས་པ་ཕར་ཕྱིན་གྱི་སྐོར་དང་། མངོན་པ་གོང་འོག་སོགས་གསན། མཁན་ཆེན་ཀུན་དགའ་བཟང་པོའི་དྲུང་དུ་བསྙེན་པར་རྫོགས་ཤིང་འདུལ་བ་གསན། ཆོས་རྗེ་བྱང་སེང་བ་ལས་དབུ་མའི་སྐོར་སོགས་གསན། ལོ་ཆེན་སྐྱབས་མཆོག་དཔལ་བཟང་ལས་གསང་འདུས་བཤད་པ་སོགས་གསན་ཅིང་མཁས་པར་གྱུར། མདོ་རྒྱན། མངོན་པ་གོང་འོག །མདོ་རྩ། རྩ་འཇུག་བཞི་གསུམ། རྒྱུད་བླ། བཤེས་སྤྲིངས། ཀུན་བཏུས། གསང་འདུས་རྩ་རྒྱུད་རྣམས་ལ་ཊཱི་ཀའང་མཛད་དེ། གསུང་ལས། སྐྱེ་རྒུའི་གཙུག་རྒྱན་ཆོས་རྗེ་བསོད་རྒྱལ་དང་། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། །མ་ཏི་པཎ་ཆེན་པཎ་ཆེན་བྱང་རྩེ་དང་། །མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་སོགས། །བཀའ་དྲིན་ནོས་པའི་བླ་མ་བཅུ་ཕྲག་གཉིས། །ཡུན་རིང་འབད་དེ་གུས་པའི་གཙུག་གིས་བསྟེན། །ཞེས་གསུངས་ཤིང་། བར་སྐབས་སུ་བྱ་བ་ལས་དང་ཀློག་པ་ཐོས་བསམ་འཆད་སྤེལ་གྱི་བྱ་བ་རྒྱ་ཆེ། མཐར་གཡུ་ལུང་རྡོ་རྗེ་རྫོང་དུ་ལོ་ལྔའི་བར་དུ་སྒྲུབ་པ་རྩེ་གཅིག་མཛད་པས་མཆོག་གི་དངོས་གྲུབ་ཐོབ། དགུང་ལོ་རེ་བཞི་པ་ཆུ་འབྲུག་ཟླ་བ་བཅུ་གཉིས་པའི་ཉི་ཤར་ལ་གཟུགས་སྐུའི་བཀོད་པ་ངོ་མཚར་བའི་ལྟས་དང་བཅས་ཏེ་བསྡུས་སོ། །དེའི་སློབ་མ་ནི། །ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས། །གཞུང་ལུགས་རབ་འབྱམས་དགེ་བའི་བཤེས་གཉེན་བདུན། །བཀའ་བཅུ་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག །ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ། །ཞེས་དང་། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེར་འོད་དང་། །སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ། །ཤེས་རབ་མཆོག་གྱུར་ཉི་མ་རྒྱལ་མཚན་དང་། །བརྩེ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་། །འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་། །རྩོད་པ་མཆོག་གྱུར་དར་མ་རིན་ཆེན་ཏེ། །གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན། །ཞེས་སོ།། །། ༈ བློ་བཟང་གྲགས་པ་ནི། བོ་དོང་པ་ཕྱོགས་ལས་རྣམ་རྒྱལ་གྱིས། །ཐུབ་བསྟན་ཉི་མ་ནུབ་རིར་ལྟུང་གྱུར་ཅིང་། །ཤེས་ལྡན་རྐང་དྲུག་ལྡན་པ་མྱ་ངན་འདས། །ལོག་སྨྲ་འབྱུང་པོའི་བྱ་ཚོགས་རྒྱུ་དུས་འདིར། །སྨྲ་བའི་ཟླ་བ་བློ་བཟང་གྲགས་པ་ཤར། །ཅེས་དང་། མི་བསྐྱོད་རྡོ་རྗེས། བྱང་ཕྱོགས་འདི་ན་རྒྱལ་བའི་བསྟན་པ་ལ། །ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས། །འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ། །རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི། །ཞེས་དང་། སྟག་ཚང་ལོ་ཙཱ་བས། ཁྱོད་བློ་གཞོན་ནུ་ཉིན་མོའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་དང་། འབྲུག་པ་པདྨ་དཀར་པོས། དགེ་ལེགས་ཆུ་གཏེར་ཆེན་པོའི་འཇིག་རྟེན་ལ། །བློ་བཟང་ཉིན་མོར་བྱེད་པ་ཁྱོད་བྱོན་ཚུན། །ས་འདི་རྨོངས་པའི་མུན་ལས་རྣམ་རྒྱལ་ཞེས། །གྲགས་པའི་གཞིར་གྱུར་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྔགས་པ་ལྟར། མདོ་སྨད་ཀྱི་ཡུལ་ཙོང་ཁ་ཞེས་པར། ཡབ་ཀླུ་འབུམ་དང་། ཡུམ་ཤིང་ཟ་ཨ་ཆོས་ཀྱི་སྲས་སུ་མེ་བྱ་ལོར་ཟླ་བ་དང་པོའི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། དེ་མ་ཐག་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་བརྙེས་མཁས་གྲུབ་ཆེན་པོ་དོན་གྲུབ་རིན་ཆེན་གྱིས་འཇིགས་བྱེད་ཀྱི་སྤྲུལ་པར་ལུང་བསྟན། དགུང་ལོ་གསུམ་པར་ཆོས་རྗེ་རོལ་རྡོར་པར་དགེ་བསྙེན་མཛད། མཚན་ཀུན་དགའ་སྙིང་པོར་གསོལ། བདུན་པར་ཆོས་རྗེ་དོན་རིན་པས་རབ་ཏུ་བྱུང་ནས་མཚན་བློ་བཟང་གྲགས་པར་གསོལ། བཅུ་བདུན་ནས་ཆོས་རྗེ་དོན་རིན་པས་བསྐུལ་ཏེ་དབུས་སུ་ཕེབས། འབྲི་གུང་སྤྱན་སྔར་ཐུགས་བསྐྱེད་དང་ཕྱག་ཆེན། ཚལ་གུང་ཐང་དུ་གསོ་རིག །བདེ་བ་ཅན་དུ་རྒྱན་རྩ་འགྲེལ་སོགས་ལ་སྦྱངས་ཤིང་། བྱམས་ཆོས་ཕྱི་མ་རྣམས་ཀྱང་གསན། བླ་མ་དམ་པ་ལའང་ཆོས་འབྲེལ་ཞུས། གཙང་དུ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ས་བཟང་པཎ་ཆེན། སྒྲ་གསན། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྤྱི་བོ་ལྷས་པའི་མཁན་པོ་རྣམས་ལའང་བཀའ་ཆོས་ཅི་རིགས་གསན། ས་སྐྱ། བཟང་ལྡན་སོགས་སུ་གྲྭ་ཕར་ཕྱིན། སྐོར་མཛད། རྩེ་ཆེན་དུ་ཉ་དབོན་ལ་ཕར་ཕྱིན་དང་། རེད་མདའ་བ་ལས་མཛོད་སོགས་གསན། སྐྱོར་མོ་དབུ་མ། ལུང་དུ་བཀའ་བཞི་པ་བློ་གསལ་ལ། མདོ་རྩ། ས་སྐྱར་རེད་མདའ་པར་མངོན་པ་ཀུན་བཏུས། ཚད་མ་རྣམ་འགྲེལ་གསན། ས་སྐྱར་རྣམ་འགྲེལ། མདོ་རྩ། མངོན་པ་གོང་འོག་གཉིས་ཏེ་ཀ་ཆེན་བཞིའི་གྲྭ་སྐོར་མཛད། ལོ་ཙཱ་བ་ནམ་མཁའ་བཟང་པོ་ལས་སྙན་ངག །རེད་མདའ་བར་དབུ་ཚད་ཕར་ཕྱིན་སོགས་གསན། ཡར་ཀླུང་རྣམ་རྒྱལ་དུ་ཚོགས་ཆེན་མཁན་པོ་ཚུལ་རིན་པར་བསྙེན་པར་རྫོགས། གདན་ས་ཐེལ་དུ་སྤྱན་སྔ་རིན་པོ་ཆེ་གྲགས་བྱང་པ་ལས་ཆོས་དྲུག་སོགས་གསན། མོན་མཁར་བཀྲ་ཤིས་གདོང་དུ་རྒྱ་སྐད་བཅོ་ལྔའི་དབུ་དུས་གཅིག་བཙུགས་ནས་བཤད་པ་མཛད་པ་སོགས་འཆད་ཉན་མང་དུ་མཛད། སླར་གཙང་དུ་གོང་གསུམ་པ་ཆོས་དཔལ་བར་དུས་འཁོར། ཁྱུང་པོ་ལྷས་པ་ལ་འདུས་པ་སོགས་རྒྱུད་སྡེ་བཞིའི་དབང་ལུང་དཔག་ཏུ་མེད་པ། ཡོ་ག་པ་གྲགས་པ་རྒྱལ་མཚན་ལ་ཡོ་གའི་རྒྱ་གཞུང་མཐའ་ཀླས་པའི་ལུང་སོགས་གསན། དགུང་ལོ་སོ་དྲུག་པར་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་བྱ་བྲལ་བ་མཛད། སོ་དགུ་པར་ལྷོ་བྲག་ཕྱག་རྡོར་བ་ལས་ལམ་རིམ་སོགས་གསན། དྭགས་པོ་ལྷ་སྡིང་དུ་མནལ་ལམ་ན་འཕགས་པ་ཡབ་སྲས་ལྔ་དང་མཇལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བྱིན་གྱིས་བརླབས་ནས། འགྲེལ་པ་བུདྡྷ་པཱ་ལི་ཏར་བརྟེན་ཐལ་འགྱུར་པའི་ལྟ་བ་ཐུན་མོང་མ་ཡིན་པ་ཐུགས་ལ་འཁྲུངས། ས་མོ་གླང་ལོར་ལྷ་སར་སྨོན་ལམ་བཙུགས་ཤིང་དགེ་འདུན་ཁྲི་རྭ་ཅན་ལ་བསྙེན་བཀུར་མཛད། དེའི་དཔྱིད་ཀར་ལྷ་དང་བླ་མའི་ལུང་གིས་སྐབས་ཕྱེས་ནས་འབྲོག་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། གནས་ངེས་མེད་དུ་མདོ་ཕྱོགས་གཙོ་བོར་གྱུར་པའི་མཆོད་ཉན་བཤད་སྒྲུབ། ལམ་རིམ་རྣམ་གཉིས་ཀྱིས་གཙོས་པའི་ལེགས་བཤད་གསུང་རྩོམ་པོད་ཆེན། ༡༨ གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱིས་མཚོན་ཉིན་ཞག་ཕྲུགས་རེའི་ཐུགས་དམ་ཉམས་བཞེས་སོགས་བསམ་གྱིས་མི་ཁྱབ། མཐར་དགུང་ལོ་རེ་གསུམ་པ་ས་ཕག་ཧོར་ཟླ་བཅུ་པའི་ཚེས་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་བསྡུས། རང་གི་བླ་མ་གསུམ། སྔ་ཚར་བཞི། འཁོར་དག་པ་རྣམ་བརྒྱད། ཁྱད་པར་འཕགས་པའི་འཁོར་གསུམ། ནང་ཐུགས་ཀྱི་མཁས་གྲུབ་སྲས་གཅིག །སྲས་ཀྱི་ཐུ་བོ་གཉིས་རྒྱལ་ཚབ་འདུལ་འཛིན། ཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞི་འཇམ་དབྱངས་ཆོས་རྗེ། ཆོས་རྗེ་རྒྱལ་མཚན་བཟང་པོ། རྗེ་ཤེས་རབ་སེང་གེ །དགེ་འདུན་གྲུབ། སོགས་མཁས་ཤིང་གྲུབ་པའི་སློབ་མ་ནམ་མཁའི་སྐར་ཚོགས་ཙམ་བྱོན།། །། ༈ རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ནི། ཙོང་ཁའི་ཡུལ་དུ་འཁྲུངས། དབུས་སུ་བྱོན་ནས་ཚད་མ་སོགས་ལ་ལེགས་པར་སྦྱངས་ཤིང་ཕྱིས་རྗེའི་ཕྱག་ཕྱི་མཛད་ནས་སྒྲུབ་པ་སྙིང་པོར་དྲིལ། རྗེས་འཇམ་དཔལ་དཔའ་གཅིག་གིས་རྗེས་གནང་མཛད་ནས་མཁས་གྲུབ་པས་ཞལ་གཟིགས་ཏེ་མི་དང་མི་ལབས་པ་བཞིན་དུ་གྱུར། དགུང་ལོ་དོན་གསུམ་པར་གཤེགས།། །། ༈ རྒྱལ་ཚབ་དར་མ་རིན་ཆེན་ནི་རབ་བྱུང་དྲུག་པའི་ཤིང་འབྲུག་བུ་སྟོན་གཤེགས་ལོ་དེར་སྐུ་བལྟམས། གཙང་སྟོད་དུ། གནས་རྙིང་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་། གངས་ཅན་ཀུན་དགའ་དཔལ། བཀའ་བཞི་པ་རིན་ཆེན་རྡོ་རྗེ། རྗེ་བཙུན་རེ་མདའ་བ་སོགས་བསྟེན་ནས་ཤིན་ཏུ་བརྩོན་པས་ལུང་རིགས་སྨྲ་བའི་མཁས་པ་ཆེན་པོར་གྱུར། ས་སྐྱ། གསང་ཕུ་རྩེ་ཐང་སོགས་སུ་གྲྭ་སྐོར་གནང་བས་མཁས་པའི་ཡང་རྩེར་སོན། རྗེ་རིན་པོ་ཆེ་དང་གཉལ་རྭ་གྲོང་དུ་མཇལ་བས་ཁེངས་པའི་རི་བོ་བསྙིལ་ནས་ཞལ་སློབ་ཏུ་གྱུར། རྗེ་གཤེགས་པའི་མཇུག་དེ་ཀར་འདུལ་འཛིན་རིན་པོ་ཆེས་ཐོག་དྲངས་རྒྱལ་ཚབ་ཏུ་དབང་བསྐུར། ཕྱིས་དབེན་གནས་རྒྱལ་ཁང་རྩེར་ཐུགས་དམ་ལ་བཞུགས། ཚད་མ། ཕར་ཕྱིན། དབུ་མ་སོགས་པོད་ཆེན་ཤིན་ཏུ་མང་པོའི་འགྲེལ་པ་མཛད། རེ་དགུ་པར་ཆུ་བྱི་ཧོར་ཟླ་ལྔ་པའི་ཚེས་བརྒྱད་ལ་པོ་ཏ་ལར་གཤེགས་སོ།། །། ༈ འདུལ་འཛིན་གྲགས་རྒྱན་པ་ནི། དབུར་སྟོད་དུ་ཤིང་སྟག་ལོར་འཁྲུངས། དང་པོ་འབྲི་གུང་པའི་ཆོས་གསན། དེ་ནས་བྲག་ཚབ་ཏུ་འདུལ་བ་དང་། བུ་སྟོན་ནས་བརྒྱུད་པའི་སྔགས་ཕྱོགས་སྐོར་གསན། ཕྱིས་རྗེ་ཐམས་ཅད་མཁྱེན་པའི་ཐུགས་སྲས་ཀྱི་ཐུ་བོར་གྱུར། བཙུན་མོ་ཚལ་གྱི་དགོན་པ་བཏབ། ལེགས་བཤད་ཀྱང་པུསྟི་གསུམ་ཙམ་བཞུགས། རེ་གཅིག་པར་གཤེགས་སོ།། །། ༈ མཁས་གྲུབ་རྗེ་ནི། གཙང་སྟོད་མདོག་གཞུང་དུ་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འགྲེ་མའི་སྲས་སུ་ཤིང་གླང་ལོར་འཁྲུངས། ལམ་འབྲས་པ་ཡེ་ཤེས་དཔལ་བ། ཀུན་དགའ་རྒྱལ་མཚན་པ། རེད་མདའ་བ་རྣམས་ལས་མདོ་རྒྱུད་མཐའ་དག་སྦྱངས་པའི་ཕ་རོལ་ཏུ་སོན། བཅུ་བདུན་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལུང་རིག་གིས་བཏུལ། རེད་མདའ་བར་བསྙེན་རྫོགས་གསན། སེ་ར་ཆོས་སྡིངས་སུ་རྗེ་དང་མཇལ་ཞིང་གསུང་གི་བདུད་རྩིས་ཐུགས་རྒྱུད་གཏམས། དེ་ནས་ཉང་སྟོད་ལྕང་རའི་གདན་ས་མཛད། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་མཆོད་ཡོན་འབྲེལ་ནས་དཔལ་འཁོར་བདེ་ཆེན་གྱི་ཆོས་སྡེ་བཏབ། རྗེ་རིན་པོ་ཆེའི་གདན་ས་གསུམ་པ་མཛད། འཆད་རྩོད་རྩོམ་གསུམ་ལ་འཇིགས་པ་མེད་པའི་སེང་གེའི་སྒྲ་ཆེན་པོ་བསྒྲགས། ང་བཞི་པར་ས་རྟ་ཟླ་བ་དང་པོའི་ཚེས་༢༡ལ་སྐུ་གཤེགས་སོ། །འོན་ཀྱང་རོང་སྐྱེས་ཤཱཀྱ་ཡི། །བསྟན་ལ་སྡང་བའི་ཡིད་ལྡན་ཞིང་། །གཤེན་རབ་གཞུང་ལུགས་རྒྱལ་མཚན་འཛིན། །བྱིས་པ་མཁས་པར་རློམས་པ་གང་། ཞེས་གསུངས།། །། ༈ བ་སོ་ཆོས་རྒྱན་ནི། མཁས་གྲུབ་རྗེའི་གཅུང་དུ་ཆུ་རྟ་ལོར་འཁྲུངས། རྗེ་ཡབ་སྲས་ཀྱི་ཞབས་པད་བསྟེན། དང་པོར་གསང་ཕུར་ར་བ་སྨད་པའི་འཆད་ཉན་མཛད་པ་ཐུགས་ཀྱིས་བོར་ནས། ལྷན་པ་སོར་གདམས་པ་ཐུགས་ཉམས་སུ་བསྟར་བས་བདེ་སྟོང་གི་ཏིང་འཛིན་ཟབ་མོ་ཐུགས་ལ་འཁྲུངས། ཕྱིས་དགའ་ལྡན་གྱི་གདན་ས་ལྔ་པའང་མཛད། དོན་གཉིས་པར་ཐེགས།། །། ༈

ལྷ་བཙུན་རིན་ཆེན་བློ་གྲོས་རྒྱལ་མཚན་ནི་འབྲོང་རྩེ་པའི་ཞལ་ངོར་འཁྲུངས། མཁས་གྲུབ་རིན་པོ་ཆེ་ལས་གདམས་པ་བུམ་པ་གང་བྱོར་གསན། བདག་བས་གཞན་གཅེས་ཐུགས་ལ་འཁྲུངས། འབྲོང་རྩེ་བེ་བུམ་དུ་གྲགས་པ་དེའང་འདིས་མཛད་དོ།། །། ༈

Footnotes

Other Information