མི་དགེ་བ་བཅུ་ནི་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-030
Wylie title mi dge ba bcu ni sogs JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 30, Pages 582-586 (Folios 291b4 to 293b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. mi dge ba bcu ni sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 582-586. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
མི་དགེ་བ་བཅུ་ནི། མཛོད་ལས། གསོད་དང་གནོད་སེམས་ཚིག་རྩུབ་པ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་དང་། རིན་ཆེན་ཕྲེང་བར། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་སོ། །དེ་རེ་རེ་ལ་ཡང་། རྒྱུ་མཐུན། བདག་པོའམ་དབང་གི་འབྲས་བུ། མཐར་ཐུག་གི་འབྲས་བུ་གསུམ་དང་། སྔ་མ་ལ་མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་གཉིས་ལས། དང་པོ་ནི། རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །བརྐུས་པ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་ཕོ་བྱེད་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་བཀུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འདྲེས་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་གསུངས། གཉིས་པ་ནི། གལ་ཏེ་མིར་སྐྱེས་ཀྱང་མི་དགེ་བ་ཁོ་ན་ལ་སྤྱོད་པ། མཐར་ཐུག་གི་འབྲས་བུ་ནི་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེ། བཞི་པ་ནི་ཕྱི་རོལ་གྱི་ཡུལ་ལ་སྨིན་ཏེ་ཐ་ན་དུད་འགྲོར་སྐྱེས་ཀྱང་རྩྭ་ཆུ་དཀོན་པ་སོགས་ཡིན་པར་བཤད་ཀྱང་། དེ་དག་ཀྱང་གནས་སྐབས་མཐར་ཐུག་གཉིས་སུ་འདུའོ། །དགེ་བ་བཅུ་ནི་དེའི་ལྡོག་ཕྱོགས་ཏེ། རིན་ཕྲེང་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས། གནས་སྐབས་མཐར་ཐུག་རྒྱུ་མཐུན་བདག་འབྲས་བཞི་ལས། གནས་སྐབས་སམ་མྱོང་བ་རྒྱུ་མཐུན་ནི་སྲོག་གཅོད་སྤངས་པས་ཚེ་རིང་བ་སོགས་དང་། བྱེད་པ་རྒྱུ་མཐུན་ནི་མིར་གྱུར་ཚེ་དགེ་བ་ཅུར་སྤྱོད་པ། མཐར་ཐུག་ནི། ཆེན་པོས་སངས་རྒྱས། འབྲིང་གིས་རང་རྒྱལ། ཐ་མས་དགྲ་བཅོམ་པ་རྣམས་ཐོབ། བདག་འབྲས་ནི་ཕྱི་རོལ་གྱི་ཡུལ་ལ་སྟེ། མིར་སྐྱེས་ཀྱང་ཡུལ་ཕུན་སུམ་ཚོགས་པ་སོགས་སོ། ། ༈

དེ་ལྟར་ངན་འགྲོ་ལ་སྡུག་བསྔལ་ནི། དམྱལ་བ་ནི་ཚ་དམྱལ་དང་གྲང་དམྱལ་ཏེ། དེ་ཡང་། ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེན་པོ་དང་། །ཚ་བ་རབ་ཚ་མནར་མེད་བརྒྱད། །ཅེས་དང་། ཆུ་བུར་ཆུ་བུར་བརྡོལ་བ་དང་། །ཨ་ཆུ་སོ་ཐམ་ཀྱི་ཧུད་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་དེ་ལྟར་ཡང་། བཤེས་སྤྲིངས་ལས། འདི་ན་ཉིན་གཅིག་མདུང་ཐུང་ལྔ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཡང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་གྱི་ཉི་མའང་གྲང་། །ལྗོན་ཤིང་གྲིབ་མ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཆུ་ཀླུང་མོད་ལ་བསྐམས། །ཞེས་དང་། དུད་འགྲོའི་སྐྱེ་གནས་ན་ཡང་གསོས་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །དེ་ཡང་ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། བདེ་འགྲོ་གསུམ་ནི་འགྱུར་བའི་སྡུག་བསྔལ། ཐམས་ཅད་ལ་ཁྱབ་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །མདོར་ན་བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །འདོད་པས་ཚིམ་པ་མེད་པའི། སྐྱེ་ཤིས་སུན་པ་མེད་པའི། ལས་ལ་ཟིན་པ་མེད་པའི་སྡུག་བསྔལ་ཏེ་གསུམ་ལས། དང་པོ་ནི། བཤེས་སྤྲིངས་ལས། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །སོགས་དང་། གཉིས་པ་ནི། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །སོགས་དང་། གསུམ་པ་ནི་ཞིབ་པ་དང་། ཚོང་པ་བཞིན་གཅིག་ཀྱང་ཟིན་པ་མེད་པའོ། །རིགས་བརྒྱད་དབྱེ་བ་ལས། ཚད་མེད་བཞི་སྦྱོང་མི་གཡོ་སྒོམ་བྱེད་པ། །ཚངས་པ་ལ་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་སོ། །དེའི་དོན་ནི། རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཅེས་པས། ཕྲད་དང་ཡན་ཆད་ཀྱིས་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ་ཚད་མེད། བྲལ་བའི་དགོངས་པ་ཅན་ནི་སྡུག་བསྔལ་འབྲལ་འདོད་ཀྱི་སྙིང་རྗེ་ཚད་མེད། མི་འབྲལ་བ་ཡི་དགོངས་པ་ཅན་ནི་བདེ་བ་དང་ལྡན་པ་རྣམས་མི་འབྲལ་བར་འདོད་པའི་དགའ་བ་ཚད་མེད། ཕན་བདེ་དགོངས་པ་ནི་ཉེ་རིང་གནས་སུ་མ་ལྷུང་བའི་བཏང་སྙོམས་ཚད་མེད་དེ། བཤེས་སྤྲིངས་ལས། བྱམས་དང་སྙིང་རྗེ་དག་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་སྒོམ་མཛོད་ཅིག །ཅེས་དང་། ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །ཅེས་སོ། ། ༈

བུ་སྟོན་རིན་པོ་ཆེས། བདག་གིས་ཆོས་མིན་སྨྲ་ན་ཆོས་དང་འགལ། །ཆོས་བཞིན་བྱས་ན་བོད་རྣམས་དགྲ་རུ་ལྡང་། །ཅི་ཡང་མ་སྨྲས་ཀུན་གྱིས་བླུན་ཞེས་བརྙས། །ཀྱེ་མ་ད་ནི་བདག་གིས་ཇི་ལྟར་བྱ། །ཞེས་གསུངས། ། ༈

Footnotes

Other Information