ཚོན་པྲ་བརྟག་པ་ནི་སོགས་སྒྲུབ་ཆེན་སྐབས་ཀྱི་རྣག་བཞག་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-031
Wylie title tshon pra brtag pa ni sogs sgrub chen skabs kyi rnag bzhag sogs JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 31, Pages 586-591 (Folios 293b2 to 296a1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. tshon pra brtag pa ni sogs sgrub chen skabs kyi rnag bzhag sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 586-591. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
ཚོན་པྲ་བརྟག་པ་ནི། མདོ་དབང་ལས། ཁྱམས་བཅུ་གཅིག་པའི་བྱང་ཤར་ནང་ནས་ཕྱིར་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་མཛུབ་གང་བ་དྲངས་ཏེ་ཏིང་ཕོར་བཀབ་པ་རྡོ་རྗེས་མནན་ལ་བཞག །ནངས་པར་སྔ་བར་ཟངས་གཞོང་བསལ་ཏེ་རེ་ཁཱ་འདྲེས་ན་ཉམས་པ་ཡོད་པས་བཤགས་པར་བྱ། མ་འདྲེས་གསལ་ན་ཤིས་པའོ། །ཞེས་སྣང་། དེ་ཡང་རྩིག་པ་ལྔ་སྒྲགས་ཀྱི་ནང་ནི་དཀྱིལ་འཁོར་གྱི་གཙོ་ལྷའི་མདོག་དང་། དེ་ནས་དཀར་སེར་དམར་ལྗང་མཐིང་ག་རིམ་བཞིན་ནོ། ། ༈

ཚུལ་ཕྱག་དང་གྲལ་ཕྱག་གི་དབྱེ་བ་ནི། དེ་ཉིད་ལས། ཞི་ཁྲོ་ཕུར་གསུམ་དང་བཀའ་བརྒྱད་གཅིག་དྲིལ་བའི་ཆོག་ཁྲིགས་ཡིག་རྙིང་ཞིག་ལས་ཚུལ་ཕྱག་སྐྱབས་འགྲོ་དྲུག་སྐོར་ལ་ངོས་བཟུང་བ་དང་། གྲལ་ཕྱག་ནི་བླ་མ་ནས་བཟུང་ཞི་ཁྲོ་ཆོས་སྤྱོད་ཀྱི་བར་དུ་ཕྱག་འཚལ་བ་ལ་ངོས་བཟུང་བ་དང་། ཞི་བ་རིན་ཆེན་དྲྭ་བ་དང་། ཁྲོ་བོ་དམ་པ་རྒྱན་གྱི་སྒོམ་ཁོག་མངོན་པར་རྟོགས་པའི་མན་ངག་ལས། ཚུལ་ཕྱག་ནི། རྣལ་འབྱོར་པ་རྣམས་ནང་དུ་འདུས་བ་ལ་དཀྱིལ་འཁོར་གྱི་མཐར་འཁོད་དེ་ས་མ་ཡ་ཛཿཞེས་དཔང་པོས་ལྷ་འོག་ནས་འབྱུང་བ་ལྟར་སྤྱན་དྲངས་ལ། བདག་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། གྲུབ་ན་རྣལ་འབྱོར་རྒྱུན་བཤགས་རྒྱས་བར་བྱ། །དེ་མ་གྲུབ་ན་བླ་མ་དང་མཁའ་འགྲོ་ལ་ཕྱག་གསུམ་བཙལ། ཡི་དམ་གྱི་ལྷ་ཞི་ཁྲོ་ལ་ཕྱག་གསུམ་འཚལ། དེ་ནི་སྔོན་གྱི་ཚུལ་བཟང་པོའི་རྗེས་སུ་བཞུགས་པས་ཚུལ་ཕྱག་ཅེས་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གདན་ལ་བཞུགས་པར་ཀུན་གྱིས་ཕྱག་གསུམ་འཚལ་ལོ། །དེ་ནས་དབང་སྔ་བ་ནས་རིམ་པ་བཞིན་དུ་གསུམ་གསུམ་བཙལ་ལོ། །དེ་ནས་དབང་གྲལ་གྱི་རིམ་པ་བཞིན་དུ་ཐོབ་པས་ན་གྲལ་ཕྱག་ཅེས་བྱའོ། །དེ་ལྟར་ཡང་དགོངས་འདུས་ལས། རྡོ་རྗེ་འདུད་པའི་གྲལ་ཕྱག་ཏུ། །རྡོ་རྗེ་འདུས་པའི་སྟང་ཆེན་གཤེར། །ཞེས་གསུངས། དེས་གྲལ་ཕྱག་དང་ཚུལ་ཕྱག་བྱ་བ་དེ་ཐལ། ཅེས་འབྱུང་བས་ཤིན་ཏུ་ཁུངས་བཙུན་ཅིང་དོན་གྱི་འབྲེལ་ཆགས་པ་ལུང་དང་བཅས་འཐད་པར་སྣང་བས་འདི་བཞིན་དུ་བྱ་བ་ལ་ཞེས་སོགས་གསུངས་ཤིང་། ཚུལ་ཕྱག་སྐབས། ལྷ་སྤྱན་དྲངས་པ་དང་རྗེས་དཔོན་སློབ་རྣམས་ལྷན་ཅིག་ཏུ་ཕྱག་བྱ་བ་དང་བསྟུན་བདག་ཉིད་ཆེན་པོ་རིགས་ལྔ་ནས། ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །ཞེས་པས་རྩ་གསུམ་དང་། བརྗོད་མེད་ཤེས་རབ་སོགས་ཤློ་ཀ་གཅིག་གིས་རྟོགས་པའི་ཕྱག་དང་། ཐུགས་རྗེའི་གདུང་འཚོབ་མན་གྱིས་བཤགས་པ་རྣམས་ཚང་བས་ཡེ་ཤེས་སྐུ་མཆོག་འདོན་པར་གསུངས། གྲལ་ཕྱག་སྐབས་སུ། སློབ་དཔོན་ཁྲིར་བཞུགས་ནས། སྒྲུབ་མཆེད་ཐམས་ཅད་ཀྱིས་ཕྱག་གསུམ་གསུམ་བཙལ་ཞིང་། དབང་སྔ་མ་ནས་ཕྱག་གསུམ་རིམ་བཞིན་འཚལ་བར་གསུངས་པ། འདུལ་བར་རྒན་རིམ་གྱི་ཕྱག་བྱ་བ་དང་ཆོས་མཚུངས་པར་དཀྱིལ་འཁོར་དུ་དབང་ཐོབ་སྔ་ཕྱི་རིམ་པས་ཕྱག་བྱ་བ་ཡིན་འདུག་ཀྱང་། སྒྲུབ་མཆེད་རྣམས་ཚན་གཉིས་སུ་བཅད་དེ་ཕན་ཚུན་དུ་ཕྱག་གསུམ་རེ་འཚལ་བས་དོན་འཐུས་པར་སེམས། ཞེས་སྣང་ངོ་། །འོན་ཀྱང་དེང་སང་ཕྱག་ལེན་ལ་ནི་རྟེན་ཕྱག་ཁོ་ན་འདེབས་སོ། ། ༈ སྒྲུབ་ཆེན་སྐབས། ཕྱི་མཚམས་རྒྱལ་ཐོ། ནང་མཚམས་སྒོ་བྱང་གདགས་པ། གསང་མཚམས་མ་ཏྲཾ་བསྒྲལ་བའོ། །མཚམས་དགུ་ཕྲུགས་ནི། སྒྱུ་འཕྲུལ་ཞི་ཁྲོ། ཕྱི་ནང་གསང་བའི་མཚམས་དགུ་ཕྲུགས་ཀྱིས་ས་གཞི་བསྲུང་བར་བྱ་སྟེ། ཕྱི་མཚམས་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་གི་ཐོ་གཟུག །ནང་མཚམས་དམ་སྲི་བརྡུངས་ལ་མནན་པ་བྱ། གསང་མཚམས་སྒོ་བྱང་གདགས། བར་གྱི་ཕྱི་མཚམས་ཁྲོ་བོ་བཅུས་བགེགས་ལ་ཕུར་པ་གདབ། བར་གྱི་ནང་མཚམས་མཚོན་ཆ་འཆོལ་བས་མཚོན་ཆའི་ཕུར་བུ་གདབ། གསང་མཚམས་ཁྲོ་བཅུའི་སྟངས་སྟབས་ཀྱིས་བགེགས་བྲིལ་གྱིས་མནན། གསང་བའི་ཕྱི་མཚམས་བདུད་རྩི་འཁྱིལ་བ་དང་མི་གཡོ་བས་དམ་སྲིའི་བར་ཆད་ཚར་བཅད། ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་བསྒོམ། གསང་མཚམས་གསང་བའི་དམ་སྲི་བདུད་རྩི་གསང་གཏོར་གྱིས་རྡུལ་བཞིན་དུ་བརླག་པར་བྱའོ། །ཞེས་གསུངས་སྣང་ངོ་། ། ༈ ཚེ་དབང་སྐབས། ལུས་ལ་མདའ་དང་ངག་ལ་དར་དམར་པོ། །ཡིད་ཀྱི་རྟེན་དུ་མེ་ལོང་གསུམ་འབྲེལ་བས། །བླ་ཚེ་སྲོག་གི་རྟེན་ཡིན་ཤིན་ཏུ་གཅེས། ། ༈ གཏོར་མ་ཤེས་པ་བཞི་ལྡན་ནི། །དབང་དུས་ལྷ་དང་མཆོད་དུས་འདོད་ཡོན་ཏེ། །དངོས་གྲུབ་ལེན་སྐབས་ཡེ་ཤེས་བདུད་རྩི་དང་། །ཟོར་འཕང་སྐབས་སུ་ནད་མཚོན་ཐོག་ཆར་དང་། །ཕོ་ཉའི་དམག་དཔུང་འཕྲོ་བར་ཤེས་པར་བྱ། ། ༈ སྔགས་ཀྱི་སྐབས། མགལ་མེ་ཀླད་འཁོར་ལྟ་བུ་ནི། །མཚན་མོ་མགལ་དུམ་བར་སྣང་ལ་བསྐོར་བས་བསྐོར་བ་རྒྱུན་མ་ཆད་པའི་དབྱིབས་ལྟ་བུ་སྟེ། ཁ་དོག་དམར་པོའམ་ཡིག་འབྲུ་ལ་མེ་འབར་བ་སོགས་བསྒོམ་དགོས་རྒྱུ་ནི་མ་ལགས་སོ། ། ༈ རང་བཞིན་ལྟ་བའི་དམ་ཚིག་བཞི་ནི། མེད། ཕྱལ། གཅིག་པུ། ལྷུན་རྫོགས་བཞིའོ། །སྦྱིན་སྲེག་གཡབ་རྫས་ལ། ཞི་བར་བྱ་རྒོད། རྒྱས་པར་ངང་པ། དབང་ལ་རྨ་བྱ། དྲག་པོར་ཕོ་རོག་གི་གཤོག་པ་ལ་བྲིས་པ་དགོས་ཤིང་། མེ་ལ་ཕུ་བྱེད་པ་དང་། མེའི་ཚ་བ་དཀྲུགས་པ་སོགས་མི་བྱའོ། ། ༈ མཆོད་པ་ལ། བཤམས་པ་རྫས་ཀྱི། དམིགས་པ་ཏིང་འཛིན། བརྡ་སྤྲོད་པ་ཕྱག་རྒྱའི། བླངས་པ་སྒྲའི། ཟབ་མོ་སྔགས་ཀྱི་མཆོད་པ་དང་ལྔའོ། ། ༈ ཨརྒྷཾ་ཡན་ལག་བརྒྱད་ལྡན་ཆུ། །ཞལ་དུ་བཞེས་དང་སྐུ་ཁྲུས་གསོལ། །པཉྩ་མ་ནི་ཞེས་པ་ཡི། །ཞབས་བསིལ་ཆབ་དང་ལེན་མཚུངས་ཏེ། །པཱ་དྱཾ་ཞབས་བསིལ་སྟན་ཉིད་ལ། །བཞུགས་ཁར་ཞབས་ཉིད་བཀྲུ་བའོ། ། ༈ གནྡྷེ་དྲི་ཆབ་ཙནྡན་དང་། ག་བུར་གུར་གུམ་སི་ཧླ་སོགས་ཆུ་གཙང་དང་སྦྱར་ནས་ཁྲུས་ཐམས་ཅད་ཚར་བའི་རྗེས་སུ་ལུས་ཀྱི་གནས་རྣམས་བྱུགས་ཤིང་ཚ་གདུང་གི་ནད་གཞི་སོགས་སྐྱོབ་ཕྱིར་བསིལ་ངད་ལྡན་པའི་དྲི་བཟང་གི་བྱུག་རྫས་དེ་རྣམས་རྒྱ་གར་ཡུལ་ཚད་གདུང་ཆེ་བ་དང་བསྟུན་པའོ། ། ༈ བསྒྲལ་ལས་སོགས་ལ། འཁོར་གསུམ་ཆོས་ཉིད་སྐྱེ་མེད་དུ་རྟོགས་པ་ལྟ་བ་བློ་འདས་ཀྱི་རྫོང་། བདག་ཉིད་ལྷ་དང་། ཕུར་པ་སྲས་མཆོག །དམིགས་ཡུལ་དངོས་སུ་གསལ་ཞིང་ཐམས་ཅད་ཀྱང་རྒྱལ་བའི་ཕྲིན་ལས་སུ་ཤེས་པ་གསལ་བ་གསུམ་ལྡན་ནི་སྒོམ་པ་ཡེངས་མེད་ཀྱི་འཕྲང་། དེ་དག་ཀྱང་ཨ་འཐས་མ་ཡིན་པར་ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱིས་ཚོགས་གཉིས་མཉམ་རྫོགས་ཆེན་པོར་ལ་བཟླ་བ་སྤྱོད་པ་ཞེན་མེད་ཀྱི་སྲོག་ཅེས་བྱའོ། ། ༈

དུས་ཀྱི་སྙིགས་མ་རྩོད་ལྡན་ཏེ། སེམས་ཅན་སྙིགས་མ་དེར་སྐྱེས་པ། །ལྟ་བ་བདག་ལྟ་ཕྱོགས་འཛིན་ཅན། །ཚེ་ནི་ཐུང་ཞིང་བར་ཆད་མང་། །ཉོན་མོངས་གཉེན་པོས་མི་ནོན་པའོ། ། ༈ བསླབ་པ་གསུམ་ནི་སྡོམ་པའི་དབང་བྱས་ན། དགེ་བསྙེན། དགེ་ཚུལ། དགེ་སློང་དང་གསུམ། དཔང་པོ་དང་སྦྱར་ན་སོ་བྱང་དང་སྔགས། ཉམས་སུ་བླང་བྱ་སྦྱར་ན། ཚུལ་ཏིང་ཤེས་རབ་གསུམ་སྟེ་དགུའོ། ། ༈

Footnotes

Other Information