ཁྲེགས་ཆོད་ཅེས་པའི་སྒྲ་དོན་ནི་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-028
Wylie title khregs chod ces pa'i sgra don ni sogs JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 28, Pages 577-580 (Folios 289a2 to 290b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. khregs chod ces pa'i sgra don ni sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 577-580. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭ་སྟི། ཁྲེགས་ཆོད་ཅེས་པའི་སྒྲ་དོན་ནི་གནས་ལུགས་ཀྱི་ངོས་ནས་བཞག་པ་སྟེ། ཟུང་འཇུག་བདེན་པ་དབྱེར་མེད་འཁོར་འདས་རོ་མཉམ་གྱི་དགོངས་པ་དེ་ལ་ཐག་ཁྲེག་སེར་ཆོད་པས་ཐེ་ཚོམ་དང་བྲལ་བའོ། །ཐོད་རྒལ་གྱི་སྒྲ་དོན་ནི་སྣང་ལུགས་དང་འབྲས་བུའི་ངོས་ནས་བཞག་པ་སྟེ། ལམ་དེ་བསྟེན་པ་ཙམ་གྱིས་ལམ་གཞན་བར་ནས་བོར་ཏེ་འབྲས་བུའི་མཐར་ཐུག་པར་མྱུར་དུ་ཐོད་རྒལ་སྦྱོར་བར་བྱེད་པའི་དོན་ནོ། །སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་ནི། མདོ་དེ་ཁའི་ལུང་ལས་གསལ་བ་ལྟར་དར་ཡུག་ལ་སྟོང་གསུམ་བྲིས་བ་ལྟ་བུའི་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་སེམས་ཅན་ཀྱི་ཁམས་ན་ཟབ་ཅིང་ཕྲ་ལ་བརྟག་པར་དཀའ་བར་གནས་པས་ཡུངས་འབྲུར་བཅུག་པའི་དཔེས་བསྟན་པ་སྟེ་འདི་དོན་ཅུང་ཟད་ད་དུང་གོ་དཀའ་བར་སྣང་ངོ་། །ཤུབྷཾ།། །། ༈

མ་ཧཱ་ཡོ་ག་ལ། དཔེར་ན་འདུལ་བའི་འདུལ་བ་སོགས་ལྟར་ནང་གསེས་ཀྱི་ལྡོག་ཆས། མཧཱའི་མ་ཧཱ། མ་ཧཱའི་ཨ་ནུ། མ་ཧཱའི་ཨ་ཏི་གསུམ་དུ་ཡོད་པ་འདི་དོན་དཔལ་ཆེན་ཞལ་ལུང་གསལ། དེ་ལ་རྡོ་རྗེ་སེམས་དཔའ་དཔལ་སྒྱུ་འཕྲུལ་དྲྭ་བ་འདི་ཉིད་མ་ཧཱའི་མ་ཧཱ་ལྟར་བཀྲལ་བ་འཕགས་ཡུལ་སློབ་དཔོན་སྒེག་པའི་རྡོ་རྗེའི་པར་བཀབ་དང་། བོད་དུ་ཟུར་པ་རྗེས་འབྲངས་དང་བཅས་པ། རྗེ་གཏེར་ཆེན་བླ་མ་སྐུ་མཆེད་ཀྱང་དེ་ལྟར་བཞེད། ཡང་མ་ཧཱའི་ཨ་ཏི་ལྟར་བཀྲལ་བ་ནི་འཕགས་ཡུལ་སློབ་དཔོན་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་དང་། བོད་ཡུལ་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་ཕྱོགས་བཅུ་མུན་སེལ་སོགས་བཞེད་སྣང་། གཞན་དུ་སྒྲོལ་ཊཱིཀ་དང་། ཁོག་ཕུབ། སྨན་ལུང་པའི་སྤྱི་དོན། གཡུང་ཊཱིཀ་སོགས་ཀྱང་གཙོ་བོར་ཟུར་པའི་བཤད་སྲོལ་ཡིན། རོང་ཟོམ་པའི་འགྲེལ་པ་ནི་དཀའ་འགྲེལ་ཙམ་མོ། ། ༈ ཞི་ཁྲོ་ལས། ཡི་གེ་གསུམ་གྱི་གོལ་ས་དེར་བཀག་གོ །ཞེས་པ་ནི། ཡི་གེ་ཨོཾ་དེ། ཨ། ཨུ། མ་གསུམ་འདུས་པས། ཨ་ནི་ཨ་ཏི་ཡོ་ག །ཨུ་ནི་ཨ་ནུ་ཡོ་ག །མ་ནི་མ་ཧཱ་ཡོ་གའི་སྒྲ་མཚོན་བྱེད་དེ་རྣལ་འབྱོར་དེ་གསུམ་གྱི་གོལ་ས་བཀག་གོ། །ཞེས་པའི་དོན་ཞིག །དཔེ་ལ་ལར། ཡོ་ག་གསུམ་གྱི་གོལ་ས་དེར་བཀག་གོ །ཞེས་ཀྱང་འབྱུང་ངོ་། ། ༈

མདོ་དབང་ཆེན་མོ་ལས། ཕུན་སུམ་ཚོགས་པ་ལྔའི་གཞི་བཟུང་བའི་སྐབས་སུ། སྟོན་པ་ཕུན་སུམ་ཚོགས་པ་ནི། སྟོན་པ་མཛོད་ལྡན་སོགས་དྲངས། གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་པོ་ཞིང་། །མཉམ་ཞིང་གདྒཱའི་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་སྒྲོ་གྲོག་པོ་ཆུ་སྣ་ཚོགས། །དཀྱིལ་འཁོར་དབང་དགྲ་མཚམས་རྟགས་བྱ། །ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་སྐྱེད་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པའང་མཆོག་ཏུ་གསུངས། །ཞེས་དང་། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། །ཡིད་འོང་ས་བཙལ་རྒྱས་བར་བྱ། །འཁོར་ཁང་ཕྱི་ནང་བར་ལྡན་པར། རིན་ཆེན་བྱུགས་པས་བསྲུང་བ་དང་། །རིན་ཆེན་སྤྲས་པའི་གཞལ་ཡས་ཁང་། །ཞེས་སོ། །འཁོར་ཕུན་ཚོགས་ནི། རྡོ་རྗེ་རྒྱལ་ཐེབས། གཟུངས་མ། སློབ་མ་སྟེ། རྒྱུད་ལས། སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་སོ། །བཞི་པ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། ཡོ་བྱད་དཀའ་བ་ཀུན་བསྡུས་ནས། །ཁྱད་པར་ཚོགས་དང་ལྡན་པ་ཡི། །དངོས་གྲུབ་སྒྲུབ་པའི་རྫས་སུ་བཞག །ཅེས་སྐུའི་རྟེན་ཕྱི་ནང་གི་ཙཀླི། བྲིས་སྐུ། ལུགས་མ་སོགས། གསུང་རྟེན་གླེགས་བམ། ཐུགས་རྟེན་ཕྱག་མཚན་དུ་མ་དང་། དབང་རྫས་བུམ་པ་བདུད་རྩི་ལྔ་ལ་སོགས་པ། སྒྲུབ་རྫས་ཀ་པཱ་ལ། སྨན་རཀ་གཏོར་མ་སོགས། མཆོད་རྫས་མེ་ཏོག་སོགས། བགེགས་བཟློག་པའི་བསྙེན་ཕུར། ཡུངས་ཀར། གུ་གུལ། ནད་ཞི་བའི་སྨན་ལ་སོགས་པ་དང་། དགྲ་རྐྱེན་བཟློག་པའི་གོ་མཚོན་དང་། གཞན་ཡང་རྔ་དུང་སིལ་སྙན་ལ་སོགས་པ། གདུགས་རྒྱལ་མཚན་བ་དན་ཡོལ་བ་བླ་བྲེ་སོགས་ཉེར་མཁོ་དུ་མ་དང་། འཚོ་བ་ཟས་ཀྱི་ཡོ་བྱད་ཀྱང་། ཚེ་འཛིན་ཏེ་ཟན། གལ་བྱི་སྟེ་བུ་ཟླུམ་བཙོས་པ། ཛ་གད་སྟེ་ཆང་། ཛ་ག་ཏི་སྟེ་ཉེའུ། ཟླ་རྒྱས་མར། ཟླ་ཁྲོམ་མཐུང་། འཇམ་དེས་བུ་རམ། མང་ས་གཡུ་མདོག་ཁུར་བ། ཙ་ཏ་རུ་ཚ་བ། རྡོ་རྗེ་ཤུགས་ཀྱང་ཆང་། རྡོ་རྗེ་ཀུན་ཏུ་རྒྱུ་ཚྭ། རྡོ་རྗེ་ཀ་ཏ་རི་ཤ་ཡིན་ཅེས་གསུངས། གཏེར་མ་རྣམས་ལ་ངོས་འཛིན་འདི་དང་ཅུང་མི་འདྲ་བའི་ཁྱད་པར་ཡོད་དོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། རྔམས་གློག་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམས། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱད་བྱ། །སྔ་དྲོའི་དུས་སུ་དཀྱིལ་འཁོར་འབྲི། །ཞེས་སོ། ། ༈

Footnotes

Other Information