གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་མི་དབང་སངས་རྒྱས་རྒྱ་མཚོས་མཛད་པ་ལས་ཁོལ་བཏུས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-019
Wylie title gser gdung 'dzam gling rgyan gcig gi dkar chag mi dbang sangs rgyas rgya mtshos mdzad pa las khol btus JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 19, Pages 347-353 (Folios 174a1 to 177a4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gser gdung 'dzam gling rgyan gcig gi dkar chag mi dbang sangs rgyas rgya mtshos mdzad pa las khol btus. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 347-353. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Catalogue of Contents - dkar chag

1 Texts in this Section (sde tshan or chos tshan)

[edit]
གསེར་གདུང་འཛམ་གླིང་རྒྱན་གཅིག་དཀར་ཆག་ལས་ཁོལ་བཏུས་བཞུགས། །བླ་མ་དང་རྗེ་བཙུན་འཇམ་དབྱངས་ཐ་མི་དད་པའི་ཞབས་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། སྡོམ་འབྱུང་ལས། དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མཉམ་གཞག་པ། །ཞེས་སོ། །འཕྲོད་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོས། གཉིས་པ་གང་གིས་འབྲི་བའི་རི་མོ་མཁན། །ཐོས་མང་བརྩོན་ཅིང་དམ་ཚིག་སྡོམ་གནས་ཤིང་། །མཆོད་དང་སྦྱིན་མོས་བྱང་ཆུབ་སེམས་ལྡན་པ། །བློ་དང་བཟོ་ཡི་གནས་ལ་མཁས་ཤིང་དུལ། །རང་དབང་ཡོད་ཅིང་མཆོད་ཅིང་བཀུར་འོས་པ། །སྔགས་རིག་ལས་ཀུན་ཤེས་ཤིང་འགྲོགས་ན་བདེ། །རྒན་མིན་ནད་ཀྱིས་གདུང་མིན་བར་ཆད་མིན། །ལུས་བཟང་གཞན་གྱི་དགེ་བའི་གྲོགས་བྱེད་པ། །དངོས་གྲུབ་འདོད་ཅིང་སངས་རྒྱས་ཡིད་ལ་བྱེད། །མཁས་པའི་རྗེས་འཇུག་རང་བཟོ་སྤངས་བས་སོ། །ཞེས་སོ། །ཆོས་སྐུའི་རྟེན་ནི། དུས་འཁོར་ལས། གསང་བའི་ཆུ་སྐྱེས་མཛོད་སྤུ་མཐའ་ཡི་ཆ་ཡིས་མཆོག་གི་རྒྱལ་བའི་བདག་པོའི་མཆོད་རྟེན་གྱི་ནི་དཔངས་ཀྱི་ཚད། །ཅེས་སོགས་ཀྱིས་བསྟན་པའི་ཚོགས་དང་། ཀྲྀ་ཡ་ས་མུ་ཙྪའི་དཀྱིལ་ཆོག་ཞེ་བརྒྱད་པ་སོགས་ལས་ཐ་དད་དུ་གསུངས་ལ། ལོངས་སྤྲུལ་གྱི་རྟེན། དུས་འཁོར་ཡེ་ཤེས་ལེའུར། རྒྱལ་བའི་བདག་པོ་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར། །ཞེས་སོགས་དང་། འགྲེལ་བ་དྲི་མེད་འོད་བཅས་ཀྱིས་བསྟན་པའི་སོར་མོ་བརྒྱ་ཉེར་ལྔ་པ་དང་། མ་རྒྱུད་སྡོམ་འབྱུང་༢༠ལས། རི་མོའི་ལྷ་ཡི་གཟུགས་རྣམས་ཀྱི། །སྐུ་ཡི་ཚད་ཀྱི་མཚན་ཉིད་ནི། །གསང་བ་པོ་ཡི་བདག་པོ་ཉོན། །ཞེས་སོགས་དང་། དེའི་རྒྱ་འགྲེལ་པདྨ་ཅན་སོགས་ཀྱིས་བསྟན་པའི་སངས་རྒྱས་ནས་སོ་སྐྱེའི་བར་གྱི་ཚད་རྣམས་ཏེ། གཞན་ཡང་རྡོ་རྗེ་གདན་བཞིར་ཁྲོ་བོའི་ལུས་ཀྱི་མཚན་ཉིད་བཤད་པ་དང་། ཀྲི་ཡ་ས་མུཙྪ་ལས། སྐུ་གཟུགས་མཚན་ཉིད་ཐམས་ཅད་ནི། །རབ་རྫོགས་བདེ་བ་སྟེར་བའོ། །གང་ཚེ་དེ་ཉིད་རྣམས་ཉམས་འགྱུར། །དེ་ཚེ་སྡུག་བསྔལ་འབྱིན་བར་བྱེད། །ཅེས་སོ། །མདོར་ན་དེ་བཞིན་གཤེགས་པའི་སྐུ་དུས་འཁོར་དང་ཀྲྀ་ཡ་མཐུན་པར་སོར་མོ་བརྒྱ་ཉེར་ལྔ། སྡོམ་འབྱུང་ལས་བརྒྱ་ཉི་ཤུ་པ་གཉིས་གཙོ་བོར་མཐོང་སྟེ། འོན་ཀྱང་རྒྱ་འགྲེལ་པདྨ་ཅན་དང་དུས་འཁོར་དང་ཡང་མཐུན་པས་སོར་མོ་བརྒྱ་ཉེར་ལྔ་པ་ཉིད་འབུར་དང་། སྡོམ་འབྱུང་རྩ་བར་རགས་པར་གསུངས་པའི་སོར་མོ་བརྒྱ་ཉི་ཤུ་པ་བྲིས་ཆར་བྱས་ན་མཛེས་པར་མངོན་ཏེ། ཅིའི་ཕྱིར་མཛེས་པ་དགོས་ཞེ་ན། དྲང་སྲོང་ཨསྟྲའི་བུས། ལུས་ལ་མཛེས་པར་མ་ཚང་ན། །ཚད་དག་གིས་ནི་ཅི་ཞིག་བྱ། །ཞེས་སོ། །ཐིག་ཆེན་གཉིས་བདེ་ཀྱཻ་སོགས་ཐལ་མོ་བཅུ་པ་སྡོམ་འབྱུང་ལས། མཐིལ་ལམ་ཐལ་མོ་བཅུ་གཅིག་གི །ལྷ་ཡི་གཟུགས་ནི་བྲི་བར་བྱ། །ཟབ་མོ་རྡོ་རྗེ་ཅན་གྱི་ལྷ། །ཆ་ནི་བཅུ་གཉིས་མཚན་ཉིད་དོ། །ཞེས་སོ། །གསུམ་པ་ནི། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཡང་དག་བསྡུས་པ་ཞེས་པཎྜི་ཏ་འགྲོ་བའི་མེ་ལོང་གིས་མཛད་པ་ལས། བྱང་ཆུབ་སེམས་དཔའ་ཉེ་སྲས་སོགས། རྣམས་ཀྱིས་ཡང་སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ། །ཞེས་སོ། །བཞི་པ་ནི། སྡོམ་འབྱུང་ལས། ཡིད་དུ་འོང་བའི་གཟུགས་ཀྱིས་ནི། །ཐལ་མོ་དགུ་པ་མངོན་པར་བྲི། །ཞེས་སྤྱན་སོགས་ལྷ་མོ་རྣམས་སོར་བརྒྱ་དང་བརྒྱད་པའོ། །ལྔ་པ་ནི། ཀྲྀ་ཡ་ལས། ཁོ་བོ་རྣམས་ཀྱི་ཡང་མཐོ་བརྒྱད་པ་སྟེ་སོར་དགུ་བཅུ་རྩ་དྲུག་གོ །ཞེས་ཕུར་འཇིགས་གཤིན་རྗེ་སོགས་ཐལ་མོ་བརྒྱད་པའོ། །དྲུག་པ་ནི། ཀྲྀ་ཡ་ལས། བཱ་དུ་དང་མིའུ་ཐུང་དང་ཚོགས་བདག་རྣམས་ནི་མཐོ་ལྔ་པ་བྱའོ། །ཞེས་མགོན་པོ་སོགས་རྟོགས་པར་བྱའོ། །བདུན་པ་ནི། དྲི་མེད་འོད་ལས། དེ་ཉིད་སེམས་ཅན་རྣམས་ཀྱི་ཁྲུ་བཞི་སྟེ་མི་རྣམས་ཀྱི་སོར་ཉི་ཤུ་རྩ་དྲུག་གོ །སྟེང་དང་འོག་ཏུ་བརྒྱད་ཅུ་རྩ་བཞི་སྟེ། དེ་ལྟར་མི་རྣམས་མཚན་དང་མི་ལྡན་པའོ། །ཞེས་ཉན་རང་སོགས་སོར་མོ་གོ་དྲུག་པ་འབྲི་བས་ཀྱང་བསྟན་ཏོ། །བརྒྱད་པ་རྣམ་འགྱུར་ནི། བཞུགས་སྟངས་དང་། གཟིགས་སྟངས་དང་། ཞི་བ་ལ་རྩ་བའི་རྒྱན་བརྒྱད་དམ་བཅུ་གསུམ། ཁྲོ་བོ་ལ་དཔལ་དང་དུར་ཁྲོད་ཀྱི་ཆས་སོ་སོ། གཞན་ཡང་སྤྱི་དང་བྱེ་བྲག་གི་རྒྱན་མཐའ་ཀླས་སོ། །གཞན་ཡང་ཁྲི་ལ། ཁྲི་གདན། ཁྲི་གདོང་། ཁྲི་རྐང་། ཁྲི་རྨང་གཉིས། བ་གམ། ལན་ཀན་ནམ་པུ་ཤུ། འདེགས་བྱེད་ལྔ། ནོར་བུ་ཉི་ཟླ་པད་གདན་དང་། རྒྱབ་ཡོལ་ལ་རྒྱན་དྲུག་ཅེས། ཀླུ་ཕྱག་དྲུག་ཏ་ར་ན་སྦྱིན་པ། རི་དྭགས་ཤར་ན་ཚུལ་ཁྲིམས། གླང་པོ་གུ་རུ་ན་བཟོད་པ། དགེ་སྡིག་བྱར་བ་བརྩོན་འགྲུས། ཆུ་སྲིན་བི་ར་ན་བསམ་གཏན། བྱ་ཁྱུང་ག་རུ་ཊ་ཤེས་རབ་བོ། །དེ་ལྟར་ལེགས་པར་གྲུབ་པས་སྡོམ་འབྱུང་ལས། །ལས་དང་པོ་ཡི་སྔགས་པ་ཡིས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །ཐང་སྐུ་བསྒྲུབ་བྱ་རྒྱ་ཆེན་གྱིས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། ཞེས་སོ། །དུས་འཁོར་ཡེ་ལེར། །དྲིལ་བུ་དག་ཀྱང་དེ་བཞིན་ཆ་གསུམ་སྟེང་ན་རྡོ་རྗེ་དང་མཚུངས་བ་ལང་ཁ་དང་པདྨའི་གཟུགས། །ཁྱོད་ནི་སུམ་ཆ་དེ་ཡི་ཞལ་དང་བཅས་པའི་ལྟེ་བ་འདབ་མ་དག་ཀྱང་དེ་ཡི་སུམ་ཆ་ལས། །རྭ་ནི་ཁྱོན་དང་མཚུངས་པ་ཕྱོགས་དང་ཕྱོགས་བྲལ་དུ་སྟེ་རྭ་ཡི་ཟླུམ་པོ་དག་ནི་བཞི་ཆའོ། །ཕྱི་རོལ་རྭ་ཡི་སུམ་ཆ་འོག་སྟེ་སྟེང་དུ་བཱ་ད་ར་ཡི་ཚེར་མའི་རྣམ་པར་སྦྱོར་བའོ། །ཞེས་སོ། །ཡང་སྔ་མའི་དབང་གི་ལེའུར། ཤེལ་དང་མུ་ཏིག་དང་ནི་མི་དང་བོང་བུའི་སོའམ་རུས་པ་དག་དང་བོ་དྷི་ཙི་དང་ནི། །པདྨ་ཞེས་བྱ་དབང་མིག་ལུང་ཐང་བདེ་གཤེགས་རིགས་ཀྱི་དབང་གི་སྔགས་བཟླས་པ་ལས་ཕྲེང་བར་འགྱུར། དྲི་ཞིམ་མེ་ཏོག་དཀར་པོ་དང་ནི་ཚ་བ་དང་བཅས་ནག་པོ་དང་ནི་དམར་ངང་སེར་པོའི་ཆོད། །ཅེས་སོ། །ཡེ་ཤེས་ལེའུར། ནོར་བུ་གཙུག་ཏོར་དཔྲལ་བ་མགྲིན་པ་སྙིང་ག་གསང་བ་ལ་ཡང་རྡོ་རྗེ་ནི། །གཅིག་གཉིས་ཆུ་གཏེར་མདའ་དང་ཀླུ་ཡི་དབང་པོ་དགུ་བཅས་ཉིན་བྱེད་སོར་ནི་རིམ་པས་སོ། །དབུས་དང་སྟེང་འོག་གསུམ་གྱི་ཆ་སྟེ་ཟུམ་པ་དང་ནི་རྣམ་པར་དགྱེས་པ་ཞི་དང་དྲག་པོ་ལ། །ཞེས་སོ། །མྱང་འདས་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ཤིན་ཏུ་ཟབ་མོ་རྟོགས་ཏེ། སྲིད་པ་ཐམས་ཅད་ལའང་རྣམ་པར་གྲོལ་ཏེ། ཉེས་པའི་སྐྱོན་ཐམས་ཅད་དབྲལ་ནས། ལྷ་དང་མིའི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་བས་ན་མཆོད་རྟེན་ཞེས་བྱ་སྟེ་མཆོད་ན་བསོད་ནམས་མཆོག་ཐོབ་པར་འགྱུར་རོ། །ཞེས་སོ། །འདུས་པར། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་དང་། གཞལ་ཡས་ཁང་ལ་མཆོད་རྟེན་དུ་བཤད་དོ། །མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དག་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་སོ། །རྗེ་ཙོང་ཁ་པས་མདུན་ལེགས་མར། དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །འཇམ་པའི་དབྱངས་ལ་ཤུགས་དྲག་རྒྱུན་རིང་གིས། །དད་པ་བརྟན་པས་གཞུང་ལུགས་དམ་པ་རུ། །འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །ཚུལ་འདི་བསམས་བཞིན་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དེ་ལྟར་འདྲེན་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལས། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཅེས་སོ། །ཀུན་མཁྱེན་ལྔ་པས། ཨེ་དབྱིངས་སྟོང་པའི་རང་མདངས་མནྡཱ་རས། །བདེ་ཆེན་ཝཾ་ཡིག་ཟུང་འཇུག་རྡོ་རྗེ་ཅན། །པདྨ་འབྱུང་གནས་ཞི་དང་ཁྲོ་བོ་ཡིས། །དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་ལྷུན་གྱིས་གྲུབ། །ཅེས་སོ། །ཕྱག་ན་རྡོ་རྗེས། བློ་བཟང་གྲགས་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང་། །ངེས་པར་ཁོ་ན་འཚང་རྒྱའོ། །ཞེས་སོ། །གྲུབ་ཆེན་ལས་ཀྱི་རྡོ་རྗེས། སྙིགས་དུས་མཐའ་འཁོབ་ཡུལ་དུ་སྐྱེས་པ་ཡི། །སྙོམས་ལས་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས། །སྙིང་ནས་ལྷ་ཆོས་ཚུལ་བཞིན་མ་ནུས་པས། །ཡི་གེར་འབྲི་འོས་རྣམ་ཐར་བདག་ལ་མེད། །ཅེས་དང་། ཙོང་ཁ་པས། རང་གི་དགེ་བ་རྒྱ་ཆེན་སྤེལ་ཕྱིར་དང་། །རྣམ་དཔྱོད་ལྡན་པའི་སྐལ་བཟང་མང་པོ་ལ། །འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །ཞེས་སོ། །དུར་ཁྲོད་རྒྱན་གྱི་རྒྱུད་ལས། གཞན་ཡང་ང་ཡིས་གསུངས་པའི་བཀའ། །གསུང་གཅིག་ཉིད་དུ་གསུང་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་སྣང་། །ཆོས་ཚུལ་དུ་མའི་བྱེ་བྲག་དང་། །མོས་པ་དུ་མའི་བྱེ་བྲག་དང་། །འདུ་ཤེས་དུ་མའི་བྱེ་བྲག་གིས། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། ། ༈

Footnotes

Other Information