མི་ཉག་པཎྜི་ཏ་གྲགས་པ་རྡོ་རྗེའི་བཀའ་འབུམ་སྐོར་ལས་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-018
Wylie title mi nyag paN+Di ta grags pa rdo rje'i bka' 'bum skor las sogs JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 18, Pages 310-347 (Folios 155b4 to 174a1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. mi nyag paN+Di ta grags pa rdo rje'i bka' 'bum skor las sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 310-347. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Collected Works - Selected - bka' 'bum

1 Texts in this Section (sde tshan or chos tshan)

[edit]
མི་ཉག་པཎྜི་ཏ་གྲགས་པ་རྡོ་རྗེའི་བཀའ་འབུམ་སྐོར་ལས། གསང་སྔགས་ཀྱི་བཤད་པ་དངོས་གྲུབ་གཏེར་མཛོད་ལས། ཨཱཪྵཱི་ཞེས་པ་ནི་རི་ཥཱི་ལ་བུ་རྒྱུད་ཀྱི་རྐྱེན་བྱིན་པས་ཏེ། དྲང་སྲོང་ལས་བྱུང་བ་ཞེས་འདོད། ཨོཾ་ལ་རྒྱུད་སྡེ་ནས་གསུངས་པའི་སྒྲུབ་ཚུལ། རྡོ་རྗེ་ཕྲེང་བར། དང་པོའི་ཡི་གེ་ཨ་ཐོག་མར་བྲི། །དབྱངས་ཡིག་ལྔ་པར་ཨུ། ཡན་ལག་ལྡན། །སྡེ་ཚན་མཐའ་མའི་མཱ། མཐའ་ཆར་ལྡན། །སྐུ་ཡི་ས་བོན་ཉིད་དུ་བརྗོད། །ཅེས་གསུངས། དུས་འཁོར་ལས། ཨཱཿཨཱ། རྣམས་བཀོད། ནས་རིམ་པར་སྦྱར། ངེས་པའི་ཚིག་གི་མཚན་ཉིད་ཀྱི་ཡི་གེ་ཉམས་པ་ཡོད་ཅེས་པས་མའི་སྲོག་གི་ཨཱ་ཕྱིས་པས། ཨོཾ་གྲུབ་སྟེ་དེའི་དོན། དྲང་བ་ལྟར་ན། ཨ་ཨ་ཡི་གེ་བསྣན་པས། །ཨ་ཛ། ཁྱབ་འཇུག །ཨུ་མཱ་པ་ཏི། དཀའ་ཟློག་བདག །མ་ཧཱ་བྲ་ཧྨོ་ཚངས་པ་ཆེན་པོ་ཞེས་དང་། དེའི་དོན་ཡང་། གསང་འདུས་ལས། སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་བཤད་ལ། སློབ་དཔོན་འཇམ་དཔལ་གྲགས་པས། རིག་བྱེད་གསུམ་དང་ལྷ་གསུམ་དང་ཡོན་ཏན་གསུམ་སྦྱར་བའི་ཚུལ་བཤད་དེ། བྲམ་ཟེ་ཚངས་ པ་ཚངས་པ་ཤེས། །ཞེས་པའི་འགྲེལ་པར། ཚངས་པ་ཤེས་ཞེས་བྱ་བ་དེ་ལ་ཡི་གེ་ཨ་ནི་སྙན་ཚིག་གི་རིག་བྱེད་དོ། །ཡི་གེ་ཨུ་ནི་མཆོད་སྦྱིན་གྱི་རིག་བྱེད་དོ། །ཡི་གེ་མ་ནི་སྲིད་སྲུང་གི་རིག་བྱེད་དོ། །དེ་བཞིན་དུ་ཡི་གེ་ཨ་ནི་ཁྱབ་འཇུག་སྟེ། ཡི་གེ་རྣམས་ལས་ཡི་གེ་ཨ་ནི་ང་ཡིན་ནོ། །ཞེས་བཤད་པས་སོ། །བསྲུང་བས་ན་ཨུ་སྟེ་ལྷ་ཆེན་པོའོ། །མི་རྣམས་སྐྱོང་བས་ན་མ་སྟེ་ཚངས་པའོ། །དེ་བཞིན་དུ་ཡི་གེ་ཨ་ནི་སྙིང་སྟོབས་སོ། །ཡི་གེ་ཨུ་ནི་རྡུལ་ལོ། །ཡི་གེ་མ་ནི་གྲུབ་པ་སྟེ། དེ་དག་སྟོན་པར་བྱེད་པའི་ཡི་གེ་ཨོཾ་གྱི་སྒྲ་ནི་བྲམ་ཟེའོ། །ཞེས་སོགས་དང་། ངེས་ཚིག་གི་བཤད་པ་གཞན་ཡང་མན་སྙེ་ལས། གདོད་མ་ནས་མ་སྐྱེས་པ་ཉིད་དང་། རྟོག་པ་བྲལ་བ་དང་། སྒྱུ་མ་ལྟ་བུར་གྱུར་པའི་ཕྱིར་ཞེས་བཤད་པ་ནི། ཨ་ནུཏྤ་ན་མ་སྐྱེས་པ་དང་། ཨཱུ་ཧ་ར་ཧི་ར་རྟོག་པ་དང་བྲལ་བ་དང་། མཱ་ཡེ་བ་མཱ་སྒྱུ་མ་ལྟ་བུ་ཞེས་པའི་སྐད་དོད་ལ་བསམས་ནས་བཤད་པ་དང་། ཨཱ་ས་ཉེ་བར་སྡོད་པ་ལའོ། །དེ་ལ་རྐྱེན་བྱིན། སི་ཕྱིས་པས། ཨཱཿགྲུབ། རྡོ་རྗེ་ཕྲེང་བར། ཐོག་མའི་ཡི་གེ་ཨ་ཨ་གཉིས་འགྱུར་ལ། །ས་ཨུཥྨ་ཎ་ཡི་ཆ་དང་ལྡན། །མཚུངས་པ་མེད་པའི་སྔགས་བཏུ་བྱ། །གསུང་གི་རྡོ་རྗེའི་སྙིང་པོའོ། །ཞེས་བཤད། དུས་འཁོར་ལས། ཨ་ཐུང་རིང་དང་རྣམ་བཅད་རྣམས་བཀོད་པའོ། །དོན་ནི་ཡི་གེ་གསུམ་པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །རྒྱུ་སྦྱིན་པ་དང་ལེན་པ་ལ། ཨུཎ྄་སོགས་ཀྱི་རྒྱུ་རྐྱེན་སྦྱིན། ཙནྡྲ་པར་ཨུཏྲ་ཨུདྲ་ངོ་ཞེས་ཨུདྲ་རྐྱེན། གཉིས་ཚིག་ཨཾ་བྱིན་པར་བཤད། རྡོ་རྗེ་ཕྲེང་བར། ཨུཥྨ་ན་ཧ་ཡི་ཆ་དང་ལྡན། །དབྱངས་ཡིག་དྲུག་པ་ཨུ་ཡང་དག་ལྡན། །སྡེ་ཚན་མཐའ་མྲ་མའི་མཐའ་ཆར་བཅས། །ཐུགས་ཀྱི་རྡོ་རྗེ་གོ་འཕང་གསལ། །ཞེས་སོ། །དུས་འཁོར་ལས་ནི། ཧ། ཨ་ཨཱ་བཀོད་ནས་སྔར་ལྟར་བསྒྲུབས་པས་གྲུབ་པར་བཤད། དེའི་དོན་ཡེ་ཤེས་ལྔར་སྦྱར་ཚུལ་སྨན་ཞབས་པས་བཤད། དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལ། ས་མ་ཡ་ནི་འཇིག་རྟེན་སྤྱོད། །གྲུབ་པའི་མཐའ་དང་ཕུན་སུམ་ཚོགས། །ཁྲིམས་བཅའ་གཞན་ཡང་རྒྱས་པར་བསྟན། །བརྡ་དང་དུས་དང་སྐད་རྣམས་སོ། །ཞེས་དོན་བཅུ་དང་། མན་ངག་སྙེ་མ་དང་རྒྱལ་བས་བྱིན་གྱིས་མཛད་པའི་དཀའ་འགྲེལ་ལས་ལུང་དྲངས་པའི། དཀྱིལ་འཁོར་དང་ནི་ངེས་དང་དུས། །བརྡ་དང་སྔགས་དང་ཕྱག་རྒྱ་དང་། །ལྷ་རྣམས་དང་ནི་གྲུབ་པའི་མཐའ། །རྒྱལ་བ་རྣམས་ཀྱི་དམ་ཚིག་བཤད། །ཅེས་དོན་བརྒྱད་དང་། དེ་ཉིད་དབང་འགྱུར་ལས། དལ་དང་ངེས་པའི་དོན་དང་ནི། །ཞེས་བཤད་པ་ལྟར་དུག་ལ་འཇུག་ཅིང་ཕྱི་མ་ལེགས་པར་བཤད། ། ༈

ཡང་དེའི་ལེགས་བཤད་སྔགས་ཀྱི་བི་བརྟ་ལས། མ་ཧཱ་ཀཱ་ལ་ཀཱ་ལ། ཆེན་པོ་ནག་པོ། བི་ཀཊྚ་ཀ་ར་ལ། མཆེ་བ་གཙིགས་པ་ཅན། ལཾ་བི་ཏ་ཨོཥྛ། མཆུ་འཕྱང་བ་ཅན། ལཾ་བ་ཀ་གེ །ཤུགས་ཆེན་པོ་ཅན། ལཾ་བ་ཝཱ་ཀ་བཱ་ལྱ། བྱིས་པའི་གཟུགས་ཅན། རཱ་བི་གཎྜ། དྲིལ་བུའི་སྒྲ་ཅན། རུ་དྲ་མཱ་ལ། དྲག་པོའི་ཕྲེང་བ་ཅན། བི་ཧུ་རེ། ཅེ་ད་ཧ་ཀ་ཧ་ལེ་ན་ཧ་ལེ། གཅོད་པ་ལ་དཔའ་བ་ཅན། པིཾ་བི་ཛ་ལི། མིང་གི་རྣམ་གྲངས་ཅན། བཱ་མེ་ཀུཎྜི་དྷ་རི་ཡཾ་མ་ཨེཾ། གཡོན་ན་བུམ་པ་འཛིན་པ་ཅན། ད་ཧི་ན་ཀཎྜི་པ་རོ་ཌི། གཡས་ན་རལ་གྲི་འཛིན་པ་ཅན། བི་དྷི་བན་དྷ་ཨེཾ། འཇིགས་སུ་རུང་བ་ལ་མགྱོགས་པ་ཅན། བཱ་མེ་པཱུ་ལ་པ་ཎི་ཧ་ར་དྷོ་ར། ཕྱག་གཡོན་ན་མདུང་ཐུང་ཅན། ན་ར་སི་ར་མཱ་ལ། མི་མགོའི་ཕྲེང་བ་ཅན། པ་ཏ་ལི་ཀྵིཾ་ཀ་ར་ཀ་ལ། ས་འོག་ན་ཀྵིཾ་སྒྲོགས་པ། མ་ཧཱ་པོ་ཏ་ལེ། པོ་ཏ་ལ་ཆེན་པོ་ན། མ་ཧཱ་ཀཱ་ལ། ཤྲཱི་ཀ་བི་ ལཱ་སེ། གང་ཏེ་སེ་ན། ཀྵེ་ཏྲ་པཱ་ལ། ཞིང་སྐྱོང་བར་བྱེད། ཧ་ཧ་ཀ་རེ། ཧ་ཧ་སྒྲོགས་པ། ཧཱུྃ་ཧཱུྃ་ཀ་རེ། ཧཱུྃ་ཧཱུྃ་སྒྲོགས་པ། བཱུརྦ་བྷ་ཤ་བྷི་ཨུཾ། སྔར་གྱི་སྐད་དུ། ཛཽ་ཛནྟི་མཱ་ས། གང་གི་གདོན་ཤ་ཆེན། བྷ་ཏ་ཕུ་ལླ། ཟ་ན་མེ་ཏོག །དྷཱུ་པ། བདུག་སྤོས། ཨི་ག་ཧ་བ་ལིཾ། གཏོར་མ་འདི་ཁྱེར་ཅིག །ཟོ་ཞིག །ད་ཤ་དཱི་ཀ །ཕྱོགས་བཅུ་དང་། ཨུཏྟ་ར་ཝུ་རི། བྱང་ན་བཞུགས། དྲཾ་བི་ནཱི། གཡུང་མོ། ཙཎྜ་ལླི། གཏུམ་མོ། །རཀྴ་སི། སྲིན་མོ། །སིངྒ་ལི་དི་ཝི། སིངྒ་ལི་མ་ལྷ་མོ། ཧ་ན། བསྣུན། བྷནྡྷ། ཆིངས། མཱ་ར། སོད། ད་ཧ། བསྲེག །པ་ཙ། ཚོས། ཀྵིཾ་ཀྵིཾ། ལོ་ཧི་བ་ལིཾ། གཏོར་མ་ལོངས་ལ། དེ་ཧི་བི་ཊི། དངོས་གྲུབ་སྩོལ། །ཞེས་པའོ། ། ༈ རྣམ་འཇོམས་སྐབས། ཧེ་ཕུལླུ་ནི་རུ་ཕུལླུ། གྲྀཧྞ་ཀུ་ལུ། ཀྱེ་ཁྲོ་བ། ངེས་པར་ཁྲོ་བ་ཟུངས། ངན་པ་སྤྱོད། ཙུ་རུ་ཙུ་རུ། མཛེས་མཛེས། དྷ་ར། འཛིན། དྷི་རི། ཟུངས། དྷུ་རུ། དྲན་གཉིས། སརྦ་བ་ལཾ་ཨཱ་ཝརྟ། ཐམས་ཅད་སྟོབས་ཀུན་ཏུ། ཀ་ཊ་བེ་ཏ་ཏ་ལེ། ཚོགས་ཀྱི་ཁྲོ་བ་སྤང་མ། མཎྜལ་མཱ་ཡེ། སྒྱུ་མའི་དཀྱིལ་འཁོར། ཙ་ར་ནིཤྩ་ར། ཆོད་ངེས་པར་ཆོད། ཏི་ལི་ཏི་ལི། ཏི་ལ་ཏི་ལ། མ་ཐ། ཆོམས། དྷུ་ན། བསྐྱོད། ཨོཾ་ཧ་རི་ཏི་སྭཱ་ཧཱ། འཕྲོག་མའི་བུ་ལ། ཨོཾ་ཧ་རི་ཏི་མ་ཧཱ་ཡ ཀྵི་ཎི་སྭཱ་ཧཱ། འཕྲོག་མ་གནོད་སྦྱིན་མོ། ཨ་གྲ་བིཎྜ་ཨ་ཤི་བྷྱ། ཕུད་ལ་དབང་བ་ཟ་མ་རྣམས་ཀྱི་ཆེད་དུ། ཨུཥྩི་ཊ་བ་ལིཾ་ཏ་བྷ་ཀྵ་སཱི་བྷྱ། ལྷག་མ་ལ་དབང་བའི་ཟ་བ་རྣམས་ཀྱི་ཆེད་དུ། རུ་ལུ་རུ་ལུ། ངོ་མཚར་བ་གཉིས། ཨོཾ་བཛྲ་གཎྜེ་ར་ཎི་ཏ་པྲ་ར་ཎི་ཏ། རྡོ་རྗེ་དྲིལ་བུ་སྒྲོག་པ་རབ་ཏུ་སྒྲོག་པ། སཾ་པྲ་ར་ཎི་ཏ། ཡང་དག་པར་རབ་ཏུ་སྒྲོག་པ། པྲ་ཙ་ལི་ནི། རབ་ཏུ་གཡོ་མ། པྲཛྙཱ་པཱ་ར་མི་ཏཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ནཱ་ད་སྭ་བྷཱ་ཝ། རང་བཞིན། བཛྲ་ཧྲྀ་ད་ཡ། རྡོ་རྗེ་སེམས་དཔའ་སྙིང་པོ། སནྟོ་ཥ་ཎ། ཡང་དག་པར་དགའ་མ། ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། འདི་སྒྱུ་འཕྲུལ་དྲྭ་བ་ནས་སོ། །ཡང་རྡོ་རྗེ་རྩེ་མོ་ནས་ཀྱང་འདི་དང་རིགས་འདྲ་ཞིག་གསུངས་ཏེ། ཨཱ་ཁི། མེད། ཡང་དེས་མཛད་པའི་སྨན་གྱི་ཆོས་འབྱུང་ལས། གལ་ཏེ་རྒྱུད་བཞིར་གྲགས་པ་འདི་བཀའ་དང་བསྟན་བཅོས་གང་ཡིན་ཞེ་ན། ཁ་ཅིག་ན་རེ། བཀའ་མིན་ཏེ། གལ་ཏེ་ཡིན་ན་ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་སུ་འདིའི་ལུང་འདྲེན་ཡང་རིགས་པ་ལ་མེད་པའི་ཕྱིར་ཟེར་བ་ནི་མི་འཐད་དེ། དུས་འཁོར་དང་། རྡོ་རྗེ་མཁའ་འགྲོ་དང་། གསེར་འོད་དམ་པ་དང་། སྨན་གྱི་གཞི་རྣམས་ཀྱང་བཀའ་མ་ཡིན་པར་མཚུངས་པའི་ཕྱིར་རོ། །ཁ་ཅིག་གཏེར་མ་ཡིན་པས་ཐེ་ཚོམ་ཟ་ཟེར་བའང་མི་འཐད་དེ། དེ་ལྟར་ན་ཐེག་པ་ཆེན་པོའི་རྒྱུད་བླ་མ་ལ་སོགས་པའང་ཐེ་ཚོམ་གྱི་གནས་སུ་འགྱུར་ཏེ། མཻ་ཏྲི་པས་གཏེར་ནས་བཏོན་པ་ཡིན་པའི་ཕྱིར་རོ། །དེའི་རྟགས་གྲུབ་སྟེ། མཻ་ཏྲི་པས་མཆོད་རྟེན་གྱི་ནང་ནས་བཏོན། བྱམས་པ་སྤྲིན་གྱི་གསེབས་ནས་ཞལ་གཟིགས་པ་ལ་ལུང་བླངས་ནས་རང་གི་སློབ་མ་ཨཱ་ནནྡ་ཀཱིརྟི་ལ་བཤད། དེས་ཁ་ཆེའི་པཎྜི་ཏ་ཆེན་པོ་སཛྫ་ན་ལ་བཤད། དེས་རྔོག་ལོ་ཆེན་པོ། གཟུ་དགའ་རྡོར། བཙན་ཁ་བོ་རྣམས་ཀྱིས་ཞུས་ཤིང་། བོད་དུ་དར་བ་རྔོག་གཟུ་བཙན་གསུམ་ནས་གཡག་མི་ཕམ་ཆོས་ཀྱི་བླ་མ་དང་། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རོང་སྟོན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་བར་དུ་བྱོན་པའི་མཁས་གྲུབ་རྣམས་ལ་གྲགས་ཤིང་གྲུབ་པའི་ཕྱིར་རོ། །དབྱིག་གཉེན། ཁ་ཆེ་བློ་བརྟན། འཕགས་སེང་གཉིས། སངས་རྒྱས་ཡེ་ཤེས་ཞབས། ཤནྟ་པའི་བར་གྱི་བསྟན་བཅོས་རྣམས་སུ་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་ལུང་འདྲེན་མང་དུ་བྱུང་ཡང་རྒྱུད་བླ་མ་དང་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་གཉིས་ཀྱི་ལུང་འདྲེན་ཅུང་ཟད་ཀྱང་མི་འབྱུང་བའི་ཕྱིར་དང་། རྒྱལ་བློན་གྱི་རིང་ལ་ལུས་ལྟ་བུའི་བསྟན་བཅོས་གསུམ་འགྲེལ་བ་དང་བཅས་པ་བསྒྱུར་ནས་བཤད་ཉན་གྱིས་ལེགས་པར་གཏན་ལ་ཕབ་ཀྱང་། ཡན་ལག་གི་བསྟན་བཅོས་ལྟ་བུའི་མིང་ཙམ་ཡང་དེའི་དུས་སུ་མ་གྲགས་ལ། ཇོ་བོ་རྗེ་ཡེར་པར་ཕེབས་པའི་ཚེ། སྔོན་བྱང་ཆུབ་འབྱུང་གནས་ཀྱིས་ཞུས་པའི་ངོར་ཇོ་བོ་ཉིད་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་དེ་བོད་དུ་བསྒྱུར་བའི་ཐོག་མ་ཡིན་པར་གོང་དུ་བཤད་པ་ལྟར་དོན་ལ་གནས་པ་ཡིན་ནོ། །ཁ་ཅིག་འདི་བཀའ་མ་ཡིན་ཏེ། སྨན་བླས་གསུངས་པར་དེ་ཉིད་ལས་བཤད་པའི་ཕྱིར། ཁྱབ་པ་ཡོད་དེ། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བའི་ཕྱིར། ཞེས་ཟེར་བ་ཡང་མི་འགྲིགས་ཏེ། དེ་ལྟར་ན་ཚེ་དཔག་མེད་ཀྱི་མདོ་དེ་ཡང་བཀའ་མ་ཡིན་པར་འགྱུར་ཏེ། བདེ་བ་ཅན་དུ་འོད་དཔག་ཏུ་མེད་པས་གསུངས་པར་བཤད་པའི་ཕྱིར་མཚུངས་ཁོ་ནའོ། །ཞེས་སོ།། །། ༈ མཁྱེན་ལྡན་ཉིད་ལ་ཕྱག་འཚལ་ལོ། །ཤེས་བྱ་ཡི་གེའི་མདོར་བསྟན་གསུམ། །མ་དང་བུ་དང་སྤྱིར་བསྟན་ཡིན། །མ་ཆོས་ཉི་ཤུ་རྩ་གཅིག་སྟེ། །བུ་ལ་ཆོས་ནི་བཅུ་དྲུག་བསྟན། །སྤྱི་ཆོས་གསུམ་དང་བཞི་བཅུ་ལ། །ཁོ་བོ་ཁྱུང་པོས་ལེགས་པར་དབྱེ། །མ་ཆོས་ཉི་ཤུ་རྩ་གཅིག་གི །མགོ་བོ་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཐག་ཟླུམ་གྲིས་བཅད་འདྲ། །ཀ་ཞུ་འདྲ་བ་འབྲིང་དུ་བཤད། །ཚེར་མགོ་བ་ནི་ཐ་མའོ། །དཔུང་པ་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཐུགས་ཀར་ཐལ་སྦྱར་འདྲ། །སྐྱེས་པ་མདའ་འཐེན་འབྲིང་དུ་བཤད། །ཐ་མ་ལག་ཆག་འཕྲེད་ལ་ཉལ། །སྤོ་འདེབས་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཐག་བཅད་གྲི་ལྟག་འདྲ། །སྦུ་ཐག་སྒྲིབ་འདྲ་འབྲིང་དུ་བཤད། །ཐ་མ་གྲོག་མའི་སྐེད་པ་འདྲ། །ཟག་མཆུ་རབ་འབྲིང་ཐ་གསུམ་ལ། །རབ་ནི་བསྲེག་སྦྱོང་རྣོ་ལ་ཐུང་། །ཕག་སྣ་འདྲ་བ་འབྲིང་དུ་བཤད། །གླང་ཆེན་སྣ་འདྲ་ཐ་མའོ། །ཡར་འཕུར་རབ་འབྲིང་ཐ་གསུམ་ལ། །རབ་ནི་རྒྱ་ཁབ་སློང་བ་འདྲ། །ཏོག་ཡུ་སློང་འདྲ་འབྲིང་དུ་བཤད། །ཐ་མ་ལག་མགོ་བཅད་པ་འདྲ། །རྐང་པ་རབ་འབྲིང་ཐ་གསུམ་ལ། །རབ་ནི་བཙོང་རྨོག་བུས་པ་འདྲ། །ཉི་ཆུང་གཞིབ་འདྲ་འབྲིང་དུ་བཤད། །ཐ་མ་སྡོམ་གྱི་རྐང་པ་འདྲ། །མིག་འདྲིལ་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཉ་མིག་བཞིན་དུ་ཟླུམ། །ནས་འདྲ་ཕག་མིག་འབྲིང་དུ་བཤད། །ཐ་མ་ཟུར་གསུམ་ཁྲོ་བོའི་མིག །རབ་ནི་བདུན་དང་འབྲིང་པོ་བདུན། །ཐ་མ་བདུན་པོ་མ་ཆོས་ནི། །བདུན་གསུམ་ཉི་ཤུ་རྩ་གཅིག་ལ། །ཐ་མ་ཤུགས་ལ་སྤང་བར་བྱ། །ད་ནི་བུ་ཆོས་བཅུ་དྲུག་བསྟན། །ནཱ་རོ་གསུམ་གང་འགྲེང་བུ་གཉིས། །ཡ་སྟའི་གསུམ་སྟེ་བཅོ་བརྒྱད་ལ། །རྒྱས་པར་བཤད་པ་འདི་ལྟར་ཡིན། །ནཱ་རོ་ཕྱེད་དང་གཉིས་ཆོས་ལ། །འཛུམ་དང་ལྡན་ཅིང་མཐོ་དམན་མེད། །དེ་ནི་ནཱ་རོའི་ཆོས་གསུམ་ཡིན། །འགྲེང་བུ་བབས་ཀྱིས་གཞོལ་བ་ནི། །སྟོད་སྨད་ཕྱེད་པ་འགྲེང་བུའི་ཆོས། །རྣམ་པ་གཉིས་ནི་དེ་ཉིད་ཡིན། །ཞབས་ཀྱུ་ཟླུམ་ཞིང་འདྲིལ་བ་ལས། །ཤིན་ཏུ་གཅུ་བག་ཆགས་པ་ནི། །ཞབས་ཀྱུ་དག་གི་ཆོས་གསུམ་ཡིན། །རས་ཏ་དྲང་ཞིང་སྟེམས་པ་ལས། །མཐོ་དམན་མེད་པར་ར་སྟའི་ཆོས། །རྣམ་པ་གཉིས་ནི་དེ་ཉིད་ཡིན། །ཡས་ཏ་འཁྱུད་ལ་དཀར་ནག་སྙོམས། །ལྡོག་མཚམས་ཤིན་ཏུ་གཙང་བ་ནི། །ཡས་ཏ་དག་གི་ཆོས་གསུམ་ཡིན། །བཅུ་དྲུག་པོ་དེ་བུ་ཆོས་ཡིན། །སྤྱི་ཆོས་རྣམ་གསུམ་བསྟན་པ་ནི། །གཟུགས་ཡིག་དཀྱུས་སུ་མ་གོལ་བ། །དཀྱུས་ཡིག་ཚང་ནས་མ་ཡར་བ། །གཟུགས་དཀྱུས་འདྲེས་ལ་ཤན་འབྱེད་པ། །སྤྱི་ཆོས་གསུམ་གྱི་འདོགས་ལུགས་ཡིན། །དེ་ལྟར་རྣམ་གྲངས་གོ་རིམ་ནི། །མ་ཆོས་བུ་ཆོས་སྤྱི་ཆོས་གསུམ། །བཞི་བཅུ་ཁྱུང་པོས་ལེགས་པར་ཕྱེ། །བསྟན་བཅོས་ཕྱོགས་རེ་བསྟན་པ་དང་། །མན་ངག་ཕྱོགས་རེ་མཚམས་བཅད་ནས། འགྲེལ་པ་ཅུང་བསྡུས་བཞི་བཅུ་ཞིག །སྣ་མའི་ལུགས་ལས་ཁྱུང་པོས་ལེགས་པར་སྦྱར་བ་རྫོགས་སོ། །མངྒ་ལཾ།། །། ༈ བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། རྣལ་འབྱོར་ཐབས་ཀྱིས་མ་ཡིན་ཅིང་། །རྣལ་འབྱོར་ཤེས་རབ་གཅིག་པུས་མིན། །ཐབས་དང་ཤེས་རབ་གཉིས་མེད་པས། །དགེས་རྡོར་འདིར་ནི་ཕྱོགས་གཅིག་མིན། །ཅེས་སོ། །དྲིལ་བུ་པས། རི་མོར་བྱ་བའི་ལས་དང་ནི། །ཐིག་ཚོན་དགྱེ་བའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པས། རྡུལ་ཚོན། རས་བྲིས། ལུས་དཀྱིལ་ལམ། ཏིང་འཛིན་དང་བཞིའོ། །ངོར་ཆེན་གྱིས། སྤང་བྱ་སྡིག་པའི་ཕྱོགས་ལས་རིང་འཕགས་ཤིང་། །ཆོས་སྐུ་མཁའ་ལྟར་མི་རྟོག་མཁའ་མཉམ་འགྲོ། །གཟུགས་སྐུ་རྫུ་འཕྲུལ་བཀོད་པ་མཁར་འགྲོ་ཞིང་། །རྡོ་རྗེ་དམིགས་པ་མེད་པའི་ཤེས་རབ་དང་། །གུར་ནི་ཕན་ཚུན་ཁྱབ་པའི་ཡེ་ཤེས་ཆེ། །ཞེས་པ་ལྟར། དབྱིངས་ཡེ་ཤེས་གཉིས་སུ་མེད་པས་སྲིད་ཞི་མཉམ་པ་ཉིད་དུ་ཁྱབ་པའི་བདག་ཉིད་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱའོ། ། ༈ ཡན་ལག་དང་པོས་ཡེ་ཤེས་ཀྱི་རླུང་བཅུ་མངོན་དུ་གྱུར་ནས་ཤའི་མིག་གིས་ཡེ་ཤེས་ཀྱི་རྩ་ཨ་ཝ་དྷཱུ་ཏཱིར་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་སྟེ་རྡོ་རྗེའི་ཚིག་འགྲུབ། གཉིས་པས་ནི་ནང་གི་དབང་པོའི་མངོན་སུམ་གྱི་ཡུལ་ཡུལ་ཅན་རོ་གཅིག་ཏུ་གྱུར་ནས་ཉན་རང་ལས་འདས་པའི་མངོན་པར་ཤེས་པ་ལྔ་གྲུབ་སྟེ། ཐེག་ཆེན་པའི་ཚོགས་ལམ་ཆེན་པོ་ཐོབ། གསུམ་པས་བུམ་ཅན་གྱི་སྦྱོར་བས་རླུང་བཅུ་དབུ་མར་ཞུགས་ཏེ་ལུས་འོད་ཀྱི་དཀྱིལ་འཁོར་དུ་ཆུད། བྱང་སེམས་རྣམས་ཀྱིས་མཆོད་ཅིང་བསྔགས། སྦྱོར་ལམ་དྲོད་ཐོབ། བཞི་པས་སྲོག་ཐུར་རོ་མཉམ་པའི་རླུང་དབུ་མ་འབའ་ཞིག་ནས་རྒྱུ་བ་འཁོར་ལོ་དྲུག་གི་ཉེ་བར་བཀག་པས་གཙུག་ཏོར་གྱི་ཧ་ལ་ཟིན་པའི་ཡིད་ཀྱིས་མངོན་སུམ་གྲུབ་སྟེ་གཤང་གཅི་ཟད་ཅིང་འཆི་འཕོ་དང་སྐྱེ་བ་ཟད་དེ་རྩེ་མོ་ཐོབ། ལྔ་པས་ནི་ཡེ་ཤེས་ཀྱི་གཏུམ་མོ་འབར་བས་ཁམས་གསུམ་གྱི་སྟོང་གཟུགས་མཐའ་ཡས་པ་སྤྲོ་ནུས་པའི་རྣལ་འབྱོར་གྱིས་མངོན་སུམ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྲུབ་སྟེ་བཟོད་པ་ཐོབ། དྲུག་པས་ནི་གཡོ་བ་དང་བཅས་པའི་ལྷན་ཅིག་སྐྱེས་པ་མི་གཡོ་བར་རང་རིག་པའི་མངོན་སུམ་གྱིས་འགྱུར་བ་དེ་བསྐད་ཅིག་མ་སྟོང་བརྒྱད་བརྒྱ་རེ་ཐོབས་ན། བདེ་བ་དེ་སྙིགས་མའི་ཕུང་ཁམས་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་བྱས་པའི་ཆ་སྟོང་བརྒྱད་བརྒྱ་རེ་ཟོས་ནས་དྭངས་ཏེ་ས་དང་པོ་ཐོབ། དེ་ལྟ་བུའི་ཆོས་ཀྱི་མཆོག་ལས་བཅུ་གཉིས་སུ་རྣམ་པར་བཞག་པའི་ས་བཅུ་གཉིས་ཐོབ། དེའི་ཚེ་རྟེན་འབྲེལ་བཅུ་གཉིས་ཀྱི་བདག་ཉིད་འཁོར་བའི་སྒོ་གསུམ་ཟད་ཅིང་འཛག་བདེ་འཕོ་བའི་བག་ཆགས་འགགས་ཏེ། མི་འགྱུར་བའི་བདེ་བའི་ཡེ་ཤེས་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས། མཐོང་བའི་ལམ་དང་སློབ་པའི་ཟུང་འཇུག་དང་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རྡོ་རྗེ་འཛིན་པའི་སྐུ་དང་། འཕགས་པའི་ས་དང་པོ་རབ་ཏུ་དགའ་བ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དེའི་མཚན་ཉིད་ནི། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་པ་ལྟར་གྱུར་ཏེ། ཐ་མལ་གྱི་སྒོ་གསུམ་དང་བྲལ་བཞིན་དུ་ཡེ་ཤེས་ཀྱི་སྐུ་གསང་བ་གསུམ་གྱིས་ཆད་པ་མེད་པར་སེམས་ཅན་གྱི་དོན་མཛད་ཅིང་། སྔར་གྱི་ལམ་ཉིད་གོམས་པ་ལྷུར་ལེན་པས་ལམ་གསར་པ་ལ་སློབ་པ་ནམ་ཡང་མེད་པས། གཉིས་པ་དྲི་མ་མེད་པ་ནས་ས་བཅུ་པའི་བར་ཉིན་ཞག་འགའ་ཞིག་ལ་ཡུད་ཀྱིས་གྲུབ་སྟེ། མི་འཕྲོག་པ་འབྲས་བུའི་རྒྱུད་དེ་མངོན་པར་རྫོགས་པར་སངས་རྒྱས་སོ། །སངས་རྒྱས་པའི་ཡུལ་ནི་རྡོ་རྗེ་བཙུན་མོའི་བྷ་ག་སོགས་སོ། ། ༈ དབང་བསྐུར་བའི་སློབ་དཔོན་ནི། དང་པོར་ཡང་དག་བསྟེན་བྱ། སོགས་དང་། སློབ་མ་ནི། ཟབ་ཅིང་རྒྱ་ཆེ་སོགས། དུས་ནི། རབ་རྒྱུད་ལས། དབང་བསྐུར་དང་ནི་རབ་གནས་དག །ཡར་གྱི་དེ་ལ་བརྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །སོགས་སོ། །གནས་ནི། དབང་མདོར་བསྟན་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་རྒུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་དེར་རྣལ་འབྱོར་བརྩམ་པར་བྱ། །ཞེས་སོ། །མཚོན་བྱ་དོན་གྱི་དཀྱིལ་འཁོར་ནི། རྩ་རྒྱུད་ལས། དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་དང་། དེ་མཚོན་བྱེད་ནི། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པ་ཡིན། །ཞེས་བཞིར་བཞེད། ངེས་ཚིག་ནི། ཨ་བྷི་ཥེ་ཀ་ཏ་ཞེས་པའི་སྒྲས། ཥིཀྟ་ནི་བླུགས་པའམ། ཨ་བྷི་ཥིཉྩ་ཞེས་པའི་སྒྲས་གཏོར་བ་ལ་འགྲོ་སྟེ། ས་བོན་ལ་ཆུ་ལུད་ཀྱིས་བཏབ་པ་ལྟར། དབང་བཞི་རིམ་བཞིན་སྤྱི་བོ་དང་། ལྕེ་དང་། དབང་གི་གནས་དང་། རླུང་སེམས་ལ་གཏོར་ཞིང་བླུགས་པ་ལ་བརྟེན་ནས་སྐུ་བཞིའི་མྱུ་གུ་འབྱུང་བས་ན་དབང་ཞེས་བྱ་སྟེ། ཀྱེ་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །ཡང་ན་ཥེ་ཀ་ཏ་ལ་དབྱི་བསྣན་གྱིས་བསྒྱུར་བས་སྣཱ་ཏའམ་སྣ་སི་ཞེས་པ་གཙང་བའམ་འཁྲུད་པ་སྟེ། དབང་བཞི་བསྐུར་པས་སྒོ་གསུམ་རླུང་སེམས་དང་བཅས་པ་ངོ་བོ་ཉིད་ཀྱིས་སྐུ་བཞིར་གནས་པ་ལ་དེ་ལྟར་མ་ཤེས་པའི་དྲི་མ་འཁྲུད་ཅིང་གཙང་བར་བྱེད་པ་ན་དབང་སྟེ། མན་སྙེ་ཆུང་བར། ལུས་ངག་ཡིད་ལས་བྱུང་བ་ཡི། །དྲི་མ་དག་ཕྱིར་དབང་དུ་བརྗོད། །ཡང་ན། ཨ་བྷི་ཥེ་ཀ་ལ་ཡི་གེ་དབྱི་བསྣན་གྱི་དབང་གིས། ཨ་དྷཱི་ཀ་ར་ཞེས་པ་དབང་བ་ལ་འཇུག་སྟེ། རྒྱུད་བཤད་ཉན་ལམ་བསྒོམ་པ་དང་། དངོས་གྲུབ་བསྒྲུབ་པའི་བྱ་བ་ཐམས་ཅད་ལ་དབང་བས། དཔེར་ན་རྒྱལ་པོར་དབང་བསྐུར་བས་རྒྱལ་སྲིད་ལ་དབང་བ་བཞིན་ནོ། །ཞེས་སོ། །དབྱེ་ན་གཞི་ལམ་འབྲས་གསུམ་མམ། ཁྱད་པར། དང་པོ་དབང་བསྐུར་བདུན་པོ་གང་། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱི། །དམ་པའི་དོན་གྱི་བཞི་པའོ། །ཞེས་བྱིས་འཇུག་གི་དབང་བདུན་དང་། དབང་གོང་མ་གཉིས་སུ་གསུངས་ཤིང་། གོང་མ་ལ་ཡང་། ཀུན་རྫོབ་སློབ་མ་གཞུག་པའི་དང་། སློབ་དཔོན་ཆེན་པོར་བྱེད་པའི་དབང་བཞིའོ། །ཕྱི་མ་ལའང་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་དང་། འཇིག་རྟེན་ལས་འདས་པ་དོན་དམ་པའི་དབང་གཉིས་སུ་གསུངས་སོ། །ཇི་སྐད་དུ། ཀ་ཡིག་གིས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པར་བཅིངས་པས་སོ། །ཞེས་སོ། །དུས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་མཚན་ཉིད་ཅན་གང་གིས་ཕུང་ཁམས་སོགས་སྒྲིབ་མེད་ཀྱི་འཁོར་ལོར་བསྐྱེད་པའི་རིམ་པའོ། །རྡོ་རྗེ་སྙིང་འགྲེལ་ལས། བྱིས་པ་སྐྱེས་པ་མ་ཡིས་ནི། །ཆུ་ཡི་ཁྲུས་བྱེད་དབང་བསྐུར་རོ། །དེ་ཡིས་གཙུག་ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་བརྟག །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱང་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་ཉིད་དོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་རོ། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་དུ་ནི་རབ་ཏུ་བཤད། །ཅེས་སོ། །རྒྱུད་ལས། དབང་བདུན་གྱིས་ནི་མངོན་པར་དབང་བསྐུར་དགེ་བའི་དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །ཞེས་སོ། །བུམ་དབང་ས་བརྒྱད་པ། བསྙེན་པ། ཆུ་དབང་། དགེ་བསྙེན། བུམ་དབང་དང་། སྤྲུལ་སྐུ་དང་སྐུ་རྡོ་རྗེའི་ས་བོན་འཇོག །འབྲས་བུ་ས་བརྒྱད་པ་ཐོབ། གསང་སྔགས་ཀྱི་དགེ་ཚུལ་དུ་འགྱུར། རྡོ་རྗེ་སེམས་དཔའི་སྲས། གསང་བས། ཉེར་སྒྲུབ། ས་དགུ། དགེ་སློང་། རྒྱལ་བུ་གཞོན་ནུ། ཤེར་དབང་། སྒྲུབ་པ། ས་བཅུ། གནས་བརྟན་རྒན་པོ། རྡོ་རྗེ་འཆང་གཉིས་པ། བཞི་པས། སྒྲུབ་ཆེན། ས་བཅུ་གཉིས། འདི་ཉིད་སྒྲུབ་པར་བྱེད་པ་ནི། །བསམ་མེད་སྣང་བ་རྣམས་ཀྱིས་བྱ། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་དང་། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ། ཞེས་སོ། །དུས་འཁོར་ལས། མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙས་པའི་དུས་དང་བྱིས་པ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་དང་ནི་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོས་གང་། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་ཉེར་དུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་འཛིན་པར་བྱེད། །འཁོར་བར་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་འགའ་ཞིག་དུ་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་བས་སངས་རྒྱས་ལ་ནི་རྗེས་ཆགས་དགེ་བའི་དབང་གིས་འགྱུར་ཞིང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་འཇུག །དེ་བས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་སོ། །ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་མཚན་མ་ལས་ནི་ངེས་པར་གྲོལ། །ཞེས་སོ། །ཟླ་གསང་ཐིག་ལེར། འདོད་ཆགས་ཞེ་སྡང་གཏི་མུག་གི །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་པས་གདུལ་བྱ་དེ་གསུམ་ལ་འདུས་པ། གཤེད་སྐོར། རྣམ་སྣང་སྒྱུ་དྲྭ་གསུམ་བསྟན། དེའི་སྔ་མར་ཡང་ལུགས་སྲོལ་གསུམ་ལས། རྩ་རྒྱུད་ལེའུ་བཅུ་བདུན་པ། རྒྱུད་ཕྱི་མ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་དགོངས་པ། འཇམ་དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་ལུང་དྲི་མེད་ཀྱི་རྗེས་སུ་འབྲངས་ནས་དཔལ་ལྡན་མར་མེ་མཛད་ཀྱིས་བཀྲལ་བའི་གསང་བ་འདུས་པ་སྤྱན་རས་གཟིགས་ལྷ་༡༩དཀྱིལ་འཁོར་ཏེ། ལྷ་བླ་མ་བྱང་ཆུབ་འོད་སོགས་ལས་རིམ་པར་བརྒྱུད་ནས་རྡོ་རྗེ་འཆང་ཡབ་སྲས་ལ་བཀའ་བབས་པ་སོགས་སོ། ། ༈ འདུས་པར། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནི། །ཞེས་གསུངས། གཙུག་དགུ་ལས། ཡུངས་ཀར་མེ་ཏོག་དང་ལྡན་པས། །གསང་སྔགས་བཟླ་ཞིང་བརྡེག་པར་བྱ། །ཞེས་གསུངས་སོ། །སྤྱོད་རྒྱུད་ལས། དེ་ཡི་མིང་ནས་སྨོས་ནས་ནི། །གུར་གུམ་བཟང་པོའི་སྔགས་བྲིས་ལ། །ཞེས་དང་། མཆོད་རྟེན་གྱི་ནི་ལྷར་བྱས་ལ། །ཞེས་དང་། རིམ་གྱིས་འབུམ་ནི་ཚད་ཙམ་དུ། །མཆོད་རྟེན་ལས་ནི་རབ་ཏུ་འགྱུར། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་དུ་ཚང་བར་བྱ། །ཞེས་དང་། གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་བར་དུ། །ཞེས་སོགས་ཀྱིས་བསྟན་ཏོ། །འཇིག་རྟེན་ཀུན་གྱི་བླ་མ་ཤཱཀྱའི་རྒྱལ། །འཇིག་རྟེན་ཁམས་གསུམ་མངོན་པར་སངས་རྒྱས་ཚེ། །འཇིག་རྟེན་འདི་ན་ཆེ་བའི་མིག་སྟོང་པས། །འཇིག་རྟེན་མཆོད་པའི་ཐོག་མར་ཆོས་དུང་ཕུལ། །ལྷ་དང་བཅས་པའི་འཇིག་རྟེན་སྟོན་མཆོག་གིས། །བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུང་། །གནམ་གྱིས་བསྐོས་པ་གོང་མ་སེ་ཆེན་གྱི། །བསོད་ནམས་གསེར་གྱི་ལག་པས་བཟུང་སྟེ་གནས། །ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པའི་ཞབས། །ལྷ་དེའི་རལ་པའི་ཅོད་པན་བཅིང་པའི་ཚེ། །གྱ་ནོམ་ཡོན་དབུས་ཀུན་གྱི་ཐོག་མ་རུ། །ཕུལ་པའི་ཆོས་དུང་ད་ལྟ་ས་སྐྱར་བཞུགས། །ཞེས་སོ། །མྱ་ངན་འདའ་ཚུལ་བསྔགས་པའི་མགོན་པོ་རྣམས། །ཐུགས་བཞེད་འགེངས་པའི་སྤོབས་པ་བདག་ལ་མེད། །འོན་ཏེ་ཐུགས་བསྐྱེད་ཐོག་མའི་གཡར་དམ་ཕྲིན། །ལན་བརྒྱར་བཟླ་ཚེ་སྙན་དབང་རྩུབ་མི་འཚལ། ། ༈ རིགས་སྟོབས་འབྱོར་པས་དྲེགས་པའི་ཆེ་དགུ་དང་། །མི་དང་མི་མ་ཡིན་པའི་སྐྱེ་འགྲོ་རྣམས། །རིག་བྱེད་དགའ་མའི་ཨུཏྤལ་མདའ་གཞུ་ཡིས། །རེག་པ་ཇི་བཞིན་འདི་ན་རང་དབང་ཁུག །ཅེས་དང་། སྒོ་གསུམ་འབྱུང་གདོན་འཁྲུགས་པའི་ནད་གདོན་བགེགས། ཕྲག་དོག་སེམས་འཆང་གཞན་གྱི་བསམ་སྦྱོར་ལས། །རྩུབ་མོར་བརྩམས་པའི་བྱད་མནན་གཏད་སོགས་ཀྱི། །ཉེར་འཚེ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད། །བསོད་ནམས་རིན་ཆེན་བརྩེགས་པའི་ཁང་བཟང་ལ། །འཆི་མེད་ཚེ་ཡི་ཀ་བ་རབ་བརླིང་ཞིང་། །སྡེ་བཞིའི་དཔལ་འབྱོར་མི་ཟད་ལེགས་བྲིས་པའི། །དབང་ཐང་འདི་ན་འཕོས་སྙམ་རྒྱས་པར་མཛོད། །རིགས་སྟོབས་ཆོས་དང་སྲིད་པའི་དཔལ་འབྱོར་གྱིས། །ཁེངས་ལྡན་སྐྱེ་བོ་ཐམས་ཅད་པདྨའི་ཚལ། །དབང་ཐང་འདི་ན་འཕེལ་སྙམ་རྒྱས་པར་མཛོད། །རྐང་དྲུག་དགའ་བའི་གར་གྱིས་རྩེན་བཞིན་དུ། །བརྟན་པ་རང་དབང་འགུགས་པའི་ཕྲིན་ལས་བསྒྲུབ། །ཞི་ལས་བདུད་རྩིས་མཉེན་པར་མི་ནུས་པའི། །བསམ་སྦྱོར་ངན་པའི་ཚེར་མ་གཟིར་བའི་ནགས། །དྲག་སྦྱོར་བསྐལ་པའི་ཞུགས་ལྕེས་ཡོངས་ཟོས་ནས། །གནོད་བྱ་གནོད་བྱེད་བདེ་ལ་སྦྱོར་མཛོད་ཅིག །ཅེས་དང་། མཚར་སྡུག་སྤྱན་གྱི་ཟུར་མདའ་འཕང་ཙམ་གྱིས། །སྲིད་ཞིའི་དཔལ་གྱི་ཁེངས་ལྡན་སྐྱེ་བོའི་བློ། །རྩེ་གཅིག་རང་དབང་ཉིད་དུ་འགུགས་པའི་ལྷ། །ཐུགས་རྗེ་མྱུར་མ་རིག་བྱེད་དཔའ་མོའི་སྐུ། །ཞེས་སོ། །མགོན་ཁྱོད་སྐུ་གསུང་ཐུགས་ཀྱི་ཆེ་བའི་འཕྲིན། །ཡིད་ཀྱི་ངོས་བཞིར་དད་གསུམ་སྐྱེ་རྒུའི་རྩེས། །མངོན་པར་བཀོད་ཕྱིར་དད་པའི་ཡོན་ཏན་ལྔས། །འོད་སྲུངས་བྱིན་ལ་གཏུགས་པས་ཕྱག་བགྱིའོ། །སྒོ་གསུམ་རྣམ་པར་ལྷུར་བགྱིས་དགེ་བ་དང་། །བདག་ལུས་ལོངས་སྤྱོད་བཅས་པས་མཆོད་པའི་སྤྲིན། །དཔག་ཡས་སངས་རྒྱས་ཞིང་ཀུན་འགེངས་བཟོད་པའི། །མཆོད་པ་ཀུན་གྱིས་རྟག་ཏུ་ཁྱོད་མཉེས་བགྱི། །ཐོག་མེད་འཁོར་བར་གོམས་པའི་གཉིས་འཐུང་གིས། །མི་དགེའི་འདམ་དུ་དབང་བྲལ་རྐང་བཀོད་པའི། །རང་བཞིན་བཅས་པའི་སྡིག་ལྟུང་མི་འཆབ་པར། །སྟོབས་བཞི་རྫོགས་པའི་ཆོ་གས་མཐོལ་ཚངས་བགྱི། །འཕགས་དང་སོ་སྐྱེར་གཏོགས་པའི་འགྲོ་ཚོགས་ཀྱི། །བསོད་ནམས་དབྱར་སྐྱེས་རྐང་འཐུང་འཁྲིགས་པ་ལ། །ཡི་རངས་སྤྲིན་གྱི་རྔ་ཡབ་ཀྱིས་གཏེར་ཆུས། །དགེ་ལེགས་ལོ་འདབ་ཕང་ཕུང་བསྐྱེད་པར་བགྱི། །ཕྱོགས་བཅུར་འཚོ་གཞེས་བཞུགས་པའི་སྒྲ་མཆོག་རྣམས། །དབང་པོ་རྣོ་རྟུལ་བར་མའི་གདུལ་བྱའི་ངོར། །གང་འཚམས་ཕྱི་ནང་ཐེག་པའི་ཆོས་ལམ་གྱི། །དགའ་སྟོན་རྒྱུན་ཆགས་འགྱེད་པར་བསྐུལ་མ་གདབ། །ལམ་གསུམ་འགྲོ་རྒྱུད་དྲི་མ་འཁྲུད་ཕྱིར་རུ། །སྣ་ཚོགས་མཛད་པའི་གངྒཱའི་ཕབ་རྒྱུན་ཀྱང་། །སྲིད་པ་མཐའ་ཅན་མ་གྱུར་སྐྱེ་བའི་ཐུགས། །མྱང་འདས་དབེན་པ་མི་འཚོལ་བཞུགས་གསོལ་འདེབས། །དེ་ཚུལ་འབད་པ་ལས་བྱུང་དགེ་བའི་མདས། །སྒྲིབ་གཉིས་བདེན་བྲལ་མགོ་བོ་བྲེགས་ཏེ་སླར། །ཤེས་བྱ་ཀུན་གཟིགས་ཡིད་འཕྲོག་སཱི་ཏ་དེ། །རང་དབང་ཁུགས་པའི་རྩེ་འཇོར་རོལ་གྱུར་ཅིག ། ༈ ཞུ་ཆེན་པའི་བྱང་སྡོམ་ཆོ་གར། གཏོར་མ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། འབྲུ་གསུམ། དང་པོས་བླ་མ་དང་དཀོན་མཆོག །གཉིས་པས་ཆོས་སྲུང་། གསུམ་པས་འཇིག་རྟེན་སྐྱོང་བ། བཞི་པས་གཞི་བདག་ལ་དབུལ། བྱང་ཆུབ་སེམས་མི་ཉམས་ཤིང་འཕེལ་བའི་ཕྲིན་ལས་བཅོལ་བ་འདུག ། ༈ གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་ལས། འཇིགས་བྱེད་ནི། རྒྱུད་རྒྱས་སྟོང་ཕྲག་བཅོ་བརྒྱད་པའམ། འབུམ་པ་ལས་ཕྱུང་བ། དེའི་བརྟག་པ་ཉེར་གཅིག་པ་རིག་འཛིན་གྲུབ་པའི་རྟོག་པ་སོགས་ནས། ཉེར་གཉིས་པ་འཁོར་ལོ་གསུམ་བཀོད་ཀྱི་རྟོག་པ་སོགས་ལོགས་སུ་ཕྱུང་བར་རྟོགས་བདུན་ཞེས་གྲགས། དེའི་རྟོག་པ་དང་པོར་བརྟེན་ནས། ལ་ལི་ཏ་བཛྲས་མཛད་པའི་ལྷ་ཞེ་དགུ་མའི་སྒྲུབ་ཐབས་ཞི་ཁྲོ་རྣམ་རོལ་གྱི་རྗེས་སུ་འབྲངས་པ་ཞང་ཤེས་རབ་བླ་མ་སོགས་ཞང་ལུགས། གྲུབ་ཆེན་ཨ་མོ་གྷ་བཛྲས་མཛད་པ་ལྷ་བཅུ་བདུན་མ་སེམས་དཔའ་བསྡུས་པ་སྐྱོ་འོད་འབྱུང་སོགས་ལ་བཀའ་བབས་པ་སྐྱོ་ལུགས། ཡང་དེ་ཉིད་ཀྱི་དངོས་བསྟན་པཎྜི་ཏ་ཤྲཱི་བྷ་དྲས་མཛད་པའི་ལྷ་དགུའི་སྒྲུབ་ཐབས་ས་སྐྱ་པར་བཀའ་བབས་པ་དང་། རྭ་བར་བཀའ་བབས་པ་གཉིས་ལས། དང་པོ་ནི། ནཱ་རོ་པ་ནས་བརྒྱུད་པ་དང་། ཕྱི་མར་རྭ་ལོ་ཙྭ་བས་བཀྲལ་པའི་དངོས་བསྟན་ལྷ་དགུ་མ་དང་། ཡང་དགྲ་ནག་གི་རྒྱུད་ནས་ཁ་བསྐང་བ་མན་ངག་ལུགས་ལྷ་བཅུ་གསུམ་ཚར་བའི་ཕྱོགས་སུ་བཀའ་བབས་པ་སོགས་སོ། །འདིའི་དབང་ཆོག་༼ཆ༽པར་ཡོད། ། ༈ རྣམ་སྣང་སངས་རྒྱས་ཀྱི་སྐུ་ཡིན་པས་ཡོན་ཏན་གྱི་རྟེན་བྱེད་པ་ལྟར། སྐྱབས་གསུམ་འཛིན་པའི་སྡོམ་པས་ཀྱང་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །མི་བསྐྱོད་པ་ཐུགས་རྡོ་རྗེ་བྱང་སེམས་ཀྱི་ངོ་བོ་ཡིན་པ་ལྟར། དམ་ཚིག་གསུམ་དང་སློབ་དཔོན་ཡང་བྱང་སེམས་ཀྱིས་འཛིན་པས་སོ། །རིན་འབྱུང་སྦྱིན་པའི་ངོ་བོ་སེར་སྣ་རྣམ་པར་དག་པ་ཡིན་པ་ལྟར། སྦྱིན་པས་དབུལ་བ་འདོར་ཞིང་སེར་སྣའི་གཉེན་པོ་བྱེད་པས་སོ། །འོད་དཔག་མེད་ཤེས་རབ་ཀྱི་ངོ་བོ་གསུང་རྣམ་པར་དག་པ་ཡིན་པ་ལྟར། ཆོས་ཀྱང་ཤེས་རབ་འཛིན་ཅིང་གསུང་གིས་སྟོན་པས་སོ། །དོན་གྲུབ་བརྩོན་འགྲུས་ཀྱི་ངོ་བོ་ཕྲིན་ལས་ཀྱི་རང་བཞིན་ཡིན་པ་ལྟར། དགེ་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་སྡོམ་པ་འཛིན་པ་དང་སངས་རྒྱས་ལ་མཆོད་པ་བྱེད་པ་གཉིས་ཀ་སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་སྐྱོང་བ་ཡིན་པས་སོ། ། ༈ དབང་གི་ངོ་སྤྲོད་དུས་དབང་གསུམ་པའི་དུས་སུ་ལྷ་སྐུ་མཚན་རྫོགས་སུ་གསལ་བ་ལོངས་སྤྱོད་རྫོགས་པ། དེ་རང་འོད་ཀྱི་ཡུམ་དང་ཁ་སྦྱོར། ཐུགས་རྒྱུད་འཛག་མེད་ཀྱི་བདེ་བ་ཆེན་པོས་གང་བ། བདེ་བ་དེ་ཡི་ངོ་བོ་ལ་གཟུང་འཛིན་སོགས་ཀྱི་མཐར་མ་ལྷུང་བས་གང་དུ་གྲུབ་པ་མེད་ཕྱིར་རང་བཞིན་མེད་པ། དབྱིངས་ནམ་མཁའ་ལྟ་བུའི་ངང་ལས་དམིགས་མེད་ཀྱི་སྙིང་རྗེས་རྒྱུད་ཡོངས་སུ་གང་བ། དེའི་དབང་གིས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ། རྒྱུན་མི་ཆད་པས་རང་ཉིད་ཞི་བདེར་ཞེན་པའི་འགོགས་པ་མེད་པའོ། །དེ་ཡང་། ཡེ་ཤེས་འདི་ནི་སོགས་ཀྱིས་བསྟན་ཏོ། ། ༈

བསྔོ་བའི་རྣམ་བཤད་ལ།  ༩༡  ནས།  རྣམ་བཤད་སྤྱིར་བཤད་པ་དང་།  སོ་སོར་བཤད་པ་དང་།  སྐབས་སུ་བབས་པའི་བསྔོ་བ་དངོས་སོ།  །དང་པོ་ལའང་།  མཚན་ཉིད།  སྒྲ་དོན།  དགོས་པ་སྟེ་གསུམ།  དང་པོ་ནི།  ཟག་པ་ཡོད་མེད་ཀྱི་དགེ་རྩ་ཐམས་ཅད་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྒྱུར་པའི་ཐབས་མཁས་ཀྱི་ཁྱད་པར།  གཉིས་པ་ནི།  པ་རི་ཎཱ་མ་སྟེ་ཡོངས་སུ་བསྒྱུར་བའམ།  ཡོངས་སུ་སྤེལ་བ་སྟེ།  བྱང་ཆུབ་དམ་པའི་རྒྱུར་དམིགས་མེད་དུ་བསྒྱུར་བའམ།  བྱང་ཆུབ་ཀྱི་བར་བསོད་ནམས་རྒྱུན་མི་འཆད་པ་སྤེལ་པའི་ཕྱིར་རོ།  །གསུམ་པ་ནི།  བསོད་ནམས་བྱས་པའི་དགེ་ཚོགས་ཐམས་ཅད་ཡོངས་སུ་བསྔོ་བའི་ཕྱག་རྒྱས་གདབ་པ་ནི།  མུ་སྟེགས་བྱེད་ཀྱི་རིང་ལུགས་ལས་ཁྱད་པར་དུ་བྱ་བ་དང་།  དགེ་རྩ་བར་མ་དོར་ཆུད་མི་ཟ་བ་དང་།  བསམ་གྱིས་མི་ཁྱབ་པར་འཕེལ་བ་དང་།  བྱང་ཆུབ་མཆོག་གི་རྒྱུར་སྨིན་པ་སོགས་ཀྱི་སླད་དུའོ།  །གཉིས་པ་ལ་གསུམ།  གང་བསྔོ་བྱ།  གང་དུ་བསྔོ་བ།  ཇི་ལྟར་བསྔོ་བ་སྟེ་གསུམ་ལས།  དང་པོ་ནི།  ཆོས་ཀྱི་དབྱིངས་སུ་དགེ་བར་བཏགས་པ་མ་ཡིན་པའི་དུག་གསུམ་ལས་འདས་པའི་དགེ་ཚོགས་སྦྱིན་པ་དང་།  ཚུལ་ཁྲིམས་དང་།  བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་མོ།  །དང་པོ་ལྟར་ན།  ཡོན་ཏན་ཞིང་དང་ཕན་ཡོན་ཞིང་།  །སྡུག་བསྔལ་བ་ལས་དགེ་ཆེན་འབྱུང་།  །ཞེས་པ་རྣམས་ལ།  བསམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དངོས་པོ་མཚོན་ཆ་སོགས་སྡིག་དང་མ་འདྲེས་པ་དང་།  དུས་སུ་སྦྱིན་དང་འགྱོད་པ་མེད་པ་དང་།  །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ།  །ཞེས་སོ།  །གཉིས་པ་བསྔོ་ཡུལ་ནི།  ཡུམ་ལས།  དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ།  རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་གོ  །ཞེས་སོ།  །གསུམ་པ་ནི།  མི་མཐུན་པའི་ཕྱོགས་དམིགས་པའི་དུག་དང་བཅས་པ་སྤངས་ཏེ།  མཐུན་ཕྱོགས།  དམིགས་པ་བཟང་དང་སྟོན་པ་བཟང་།  །ཐབས་བཟང་བ་དང་ངེས་འབྱུང་དང་།  །སྤྱོད་པ་བཟང་པའི་བདག་ཉིད་ཀྱིས།  །ཡང་དག་སྨོན་ལམ་ཡིན་པར་བཤད།  །ཅེས་པ་ལྟར་ཤེས་རབ་བདག་མེད་པའི་ལྟ་བ་དང་།  ཐབས་བྱང་ཆུབ་སེམས་ཀྱིས་ཟིན་པ་གཅེས་ཏེ།  དང་པོ་ནི།  བྱམས་པས།  དེ་ནི་དམིགས་མེད་རྣམ་པ་ཅན།  །ཕྱིན་ཅི་མ་ལོག་མཚན་ཉིད་དོ།  །ཞེས་དང་།  གཉིས་པ་ནི།  སྤྱོད་འཇུག་ལས།  དགེ་བ་གཞན་ཀུན༴  སོགས་སོ།  །གསུམ་པ་ནི།  དེ་ལྟར་ཐུགས་ལ་བཞག་ནས་ཕུན་སུམ་ཚོགས་པའི་དགེ་འདུན་རྣམས་ཀྱིས་ཀྱང་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ།  ཕྱོགས་བཅུའི་རབ་འབྱམས༴ ༡༠༥བར།  སོགས་སོ།  །བཀྲ་ཤིས་ཤོག  །བར།  ལྡེབ༤༥།   །  ༈ 

དཀོན་ལྷུན་སློབ་མ་དྭགས་པོ་པཎྜི་ཏས། ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ཞལ། །རྩ་གསུམ་དག་པའི་ཁ་དོག་མཚོན་པའི་མདངས། །ཟླ་ཤེལ་པདྨ་རཱ་གའི་ཕྲ་ཚོམ་ཅན། །ཨིནྡྲ་ནཱི་ལའི་སྒྲོམ་བུ་སྤུངས་པ་བཞིན། །ཅེས་བཤད་དོ། ། ༈ ལྷ་བསང་ལ། སྐྱབས་སེམས། སྤྱན་འདྲེན། བཞུགས་གསོལ། གསལ་གདབ། བསང་མཆོད་སྤེལ་བ། བསང་མཆོད་སྟོབས་པ། འདོད་གསོལ། ཕྱྭ་གཡང་འགུགས་པ། གཤེགས་གསོལ། རྫོགས་ལྡན་སྤྲིན་ཕུང་། ། ༈ སྐྱེ་བ་ལྔ་པའི་སྒྲ་དབྱངས་སུ། དངོས་གཞི་བདག་བསྐྱེད་སྤྱན་དྲངས་མཆོད། །ཕྲིན་ལས་ཞུ་ཞིང་ཕྱྭ་གཡང་འགུགས། །རྗེས་ནི་བཟོད་གསོལ་གཤེགས་སུ་གསོལ། །བཀྲ་ཤིས་བསྔོ་བས་རྒྱས་གདབ་བོ། །ཞེས་སྣང་། སྭ་བྷཱ་ཝས་སྐྱོན་སྦྱང་། ན་མསྶ༴ རྒྱས་པར་སྤེལ། ཨ་མྲྀ་ཏས། བདུད་རྩིར་བསྒྱུར། ལོ་ཀི་ཏེས་གང་འདོད་པ་ཐོབ་པར་བྱས། ཛྙཱ་ན་ཨ་བ༴ རང་དབང་ཐོབ་པར་བྱས། ས་མནྟས་མགྲོན་མཉེས་པའི་མཐུ་དང་ལྡན་པར་བྱས་སོ། །སྤྱི་རྒྱུད་ལས། རྣམ་དཔྱད་དང་པོ་ས་གཞི་བཟུང་། །གཉིས་པ་སྟ་གོན་གནས་བྱ་སྟེ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་སོ། །གཤིན་རྗེ་གདོང་དྲུག་ནི། རྩ་རྒྱུད་གཤིན་རྗེ་དགྲ་ནག་དང་། བཤད་རྒྱུད་འཇིགས་བྱེད་རྟོག་བདུན་དང་། གདོང་དྲུག་གི་རྒྱུད་ཡིན་ལ། དེ་ལ་བརྟེན་ནས་སློབ་དཔོན་ཀླུ་བྱང་དང་། དེ་བཱ་ཀ་ར་ཙནྡྲས་བྷ་ཧ་ར་གཅིག་གི་དཀྱིལ་འཁོར་སྒྲུབ་ཐབས་མཛད་ཅེས་འབྱུང་ངོ་། །ཇི་སྐད་དུ། དོན་དམ་ཆོས་སྐུ་ཞི་བ་ཉིད། །གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ། །གཤིན་རྗེ་དགྲ་ཞེས་གྲགས་པ་ཡིན། །ཞེས་སོ། ། ༈ ཐང་སྟོང་ཚེ་སྒྲུབ་ལ། བླ་མ་ཐོ་བརྩེགས་སམ། ཡང་ན་ཁྲོམ་ཚོགས་སུ་སྒོམ་ཚེ། སྤྱི་བོར་སྐྱབས་མཆོག་དྲིན་ཅན་ཆོས་རྗེ་དང་། །དབྱེར་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་པ། །སྨུག་ནག་ཁྲོ་འཛུམ་མཆོག་སྦྱིན་བུམ་པ་བསྣམས། །དེའི་ཐུགས་ཀར་པད་འབྱུང་། དེའི་ཐུགས་ཀར་ཚེ་དཔག་མེད། མདུན་དུ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །མཐའ་སྐོར་བརྒྱུད་པའི་བླ་མ་བསྒོམ་པར་སྣང་།། །། ༈ མཁའ་འགྲོ་རྒྱ་མཚོ་ལ་ཛ་ཡ་སེ་ནས་རིན་ཆེན་སྣ་བདུན་ཞེས་པའི་གཞུང་མཛད་པར་གྲགས་པ་ལས་ཚོགས་འཁོར་རབ་གནས་གཉིས་མ་གཏོགས་བོད་དུ་འགྱུར་ཡོད། ལཱུ་ཧི་པས་རྣལ་འབྱོར་མ་ཀུན་སྐྱོད་དང་། མངོན་བརྗོད་བླ་མ་ལ་བརྟེན་ནས་རིམ་གཉིས་སྤྱོད་པ་དང་བཅས་པའི་སྒྲུབ་ཐབས་མངོན་པར་རྟོགས་པ་ཞེས་བྱ་བ་མཛད། དེའི་འགྲེལ་པ། ཕྱི་རོལ་མཆོད་པ། ལག་མཆོད། གཏོར་ཆོག་བཞི་པྲཛྙཱ་རཀྵི་ཏས་མཛད། ། ༈ གཞན་ཡང་བྷཱུ་ཏི་པའི་རྒྱུན་བཤགས། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས་སོ། ། ༈ སློབ་དཔོན་དྲིལ་བུ་པས་རྩ་རྒྱུད། ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། སཾ་ཊ་རྣམས་ལ་བརྟེན་ནས་ལུས་དཀྱིལ། རྩ་རྒྱུད་ལེའུ་གསུམ་པ། བཞི་པ། ཧེ་རུ་ཀ་མངོན་འབྱུང་། ཨ་བྷི་དྷ་ན་རྣམས་ལ་བརྟེན་ནས་དབང་། རྩ་རྒྱུད་དང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ཞིག་ལ་བརྟེན་ནས་རིམ་ལྔ་སྟེ་སྐོར་གསུམ་མཛད། དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་དང་། དྲིལ་བུ་གཞུང་ཆུང་གཉིས་ནི་པུ་ཧྲང་ལོ་ཆུང་གིས་མཛད་པར་གྲགས། ། ༈ སྦྱིན་བྱ་བཞི་སྟོན་པ་དབང་། བསླབ་བྱ་གཉིས་ལས་བསྐྱེད་རིམ་སྟོན་པ་བསྐྱེད་རིམ། ཐུན་མོང་གི་དངོས་གྲུབ་ལ་དགོངས་ནས་འབྲས་བུ་མྱུར་དུ་འགྲུབ་པ་སྦྱིན་སྲེག །རྫོགས་རིམ་སྐོར་གསུམ་སྟེ་དྲུག་མཛད་དོ། ། ༈ སྦྱིན་བྱ་དབང་བཞི་སྦྱིན་ཅིང་། གྲོགས་དམ་ཚིག་ལ་གནས་ནས། བསླབ་བྱ་གཉིས་ལས། དང་པོ་བསྐྱེད་རིམ་ལ། མ་གྲུབ་པ་གྲུབ་པར་བྱེད་པ། གྲུབ་པའི་བར་ཆད་སེལ་བ། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པ་གསུམ། དང་པོ་ལ་ལྷ་དང་སྔགས་གཉིས། དང་པོ་ནི། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །སྒྲ་དང་སྒྲ་མིན་ཡོངས་སུ་བརྟག །ཞེས་སོགས་དང་། རྩ་རྒྱུད་ལས། གསང་བ་མཆོག་གི་དགེས་པ་ནས། །སོགས་ལ་བརྟེན་ནས་དྲིལ་བུ་པ། གཉིས་པ་ནི། །རིན་ཆེན་བཞི་སྟེ། རྩ་སྔགས་གཉིས། སྙིང་པོ་གཉིས། ཉེ་སྙིང་གཉིས། གོ་ཆ་གཉིས་སོ། བར་ཆད་སེལ་བ་ནི་ཞལ་བཞི་པའི་སྔགས་སོ། །འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་སྦྱིན་སྲེག་དཔྱིད་ཐིག །རྩ་དབུ་མ། རིམ་ལྔ་སོགས་སོ། །འབྲས་བུ་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔ་དང་། ཐུན་མོང་གྲུབ་པ་བརྒྱད་སོགས་སོ། །བལ་པོ་མ་ཧཱ་བོ་དྷི་ལས་བླ་མ་བསམ་གཏན་འོད་ཟེར་གྱིས་ཞུས་ནས་བསྐྱེད་རྫོགས་ཆགས་མེད་དང་། ཡི་གེ་བདུན་པ་དུང་ཕྱུར་བདུན། མཚན་བརྗོད་རྒྱ་སྐད་དུ་ཁྲི་ཚོ་བརྒྱད་སོང་། འཕྲལ་ངོར་ཕབ་ཚོང་པའི་སྦས་པའི་ཚུལ་ཡོད་པར་བཞུགས། ངོར་ཆེན་གྱིས་དབང་རྒྱུན་ཆད་དུ་ཕོངས་ནས། བྱམས་གླིང་ཆོས་རྗེ་དཔལ་ལྡན་པ། བླ་མ་རྒྱལ་སྲས་པ། གུ་གེ་པཎྜི་ཏ་གསུམ་བརྫངས་ནས་ཆེད་གཏད་ཀྱིས་གསན། དེས་གློ་པོ་མཁན་ཆེན་དང་། ཆོས་རྗེ་ནམ་མཁའ་བརྟན་པ་ལ་གནང་ནས་རྒྱ་ཆེར་འཕེལ། མགོན་པོ་མངོན་འབྱུང་གི་དབང་བཤད་རོང་པ་ལས་བརྒྱུད་རྟ་མཆོག་པ་ཡོད། ཕུར་པ། ཉི་མ་སྦས་པས་སྒྲོལ་མ་ཉེར་གཅིག་སོ་སོ། སྤྱི་ལུས་ལ་བཀོད་པ། ལྷ་བཅུ་གསུམ་མ། སྦྱིན་སྲེག། ། ༈ བདེ་མཆོག་སྡོམ་འབྱུང་ལས། རིམ་པར་ཕྱེ་བ་བཅོ་ལྔ་པ་ལས། དུམ་བུ་གཅིག་པ་གནས་ལ་དབང་། །དུམ་བུ་གཉིས་པ་དཀྱིལ་འཁོར་དང་། །དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། །དུམ་བུ་བཞི་པ་སྔགས་དངོས་འགྲུབ། ། ལྔ་པ་ཡིས་ནི་ཞི་དབང་རྒྱས། །དུམ་དྲུག་སློང་མོ་རྙེད་བར་ཤེས། །དུམ་བུ་བདུན་པ་དབང་དུ་བྱེད། །དངོས་གྲུབ་སྒྲུབ་པས་འབྲས་མེད་ཕྱིར། །དེ་ཕྱིར་དུམ་བུ་བརྒྱད་པ་སྤང་། །བུ་ག་གཅིག་པ་བྲམ་ཟེར་འགྱུར། །བུ་ག་གཉིས་པ་རྒྱལ་རིགས་གྱུར། །བུ་ག་གསུམ་པ་རྗེའུ་རིགས་ཤེས། །བུ་ག་བཞི་པ་དམངས་རིགས་རྣམས། །བུ་ག་མང་པོའམ་བུ་ག་མེད། །མཁས་པ་ཡིས་ནི་སྤང་བར་བྱ། །བུད་མེད་ཐོད་པའང་མི་བཟུང་སྟེ། །ཞེས་དང་། སྣོད་ནི་རབ་བསྔགས་ཡང་དག ་འཐོག །འདོད་པའི་འབྲས་བུ་ཀུན་རབ་སྟེར། །ཞེས་དང་། མཚན་ཉིད་འདི་དག་ཡང་དག་རྫོགས། །བཅངས་ན་དངོས་གྲུབ་འགྲུབ་པར་འགྱུར། །ཞེས་སོ། སྔགས་བཟླས་༡༦དེ་བཞིན་བསམ་གཏན་དང་། །འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། །ལུས་ཀྱི་བཅུད་ཀྱིས་ལེན་དང་པའི། །མཆོག་ཏུ་གྲོལ་བའི་དངོས་གྲུབ་སྟེར། །རྟག་ཏུ་རིལ་བུ་བསྟེན་བྱེད་པ། །འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། །ལས་རྣམས་ཀུན་ལ་རབ་སྦྱར་ན། །མཁའ་སྤྱོད་གོ་འཕང་ཐོབ་པར་འགྱུར། །ཅེས་སོ།། །། ༈ འདིར་རྡོ་རྗེ་ཐེག་པའི་མཐར་ཐུག་གི་དོན་སེམས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་རྒྱ་ཆེར་མཆིས་པ་ལས།

ན་མོ་བཛྲ་ཙིཏྟཱ་ཡ། འདིར་རྡོ་རྗེ་ཐེག་པའི་མཐར་ཐུག་གི་དོན་སེམས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་རྒྱ་ཆེར་མཆིས་པ་ལས། སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་ནང་ཚན། ས་གསུམ་ན་འགྲན་ཟླ་དང་བྲལ་བ་འཕགས་པ་ནཱ་གཱ་རྫུ་ནས་བཀྲལ་བའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས་ཅུང་ཟད་ཕྱུང་བར་བྱའོ།༼ངི༣༨༽།སངས་རྩག་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་ཐུགས་མུ་སྟེགས། དང་ཕུང་ཉན་ཐོས། པོ་རྣམ་རིག་སེམས་ཙམ། གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །འབད་པས་བསྒོམ་པར་བྱ་བ་ཡིན། རྗེའི་བདག་ཉིད་སངས་རྒྱས་ཀྱི། །བྱང་ཆུབ་སེམས་འདི་རྟག་ཏུ་བསྒོམ། །ཞེས་པས་མདོར་བསྟན། མུ་སྟེགས་ཅན་གྱིས་གང་བརྟགས་པ། །བདག་དེ་རིགས་པས་རྣམ་དཔྱད་ན། །ཕུང་རྣམས་ཀུན་གྱི་ནང་ནས་ནི། །གང་ཞིག་གནས་ཀྱང་རྙེད་མ་ཡིན། །ཕུང་རྣམས་ཡོད་ཀྱི་དེ་རྟག་མིན། །དེ་ཡང་བདག་གི་ངོ་བོ་མིན། །གང་དག་རྟག་དང་མི་རྟག་གཉིས། །རྟེན་དང་བརྟེན་པའི་དངོས་པོ་མེད། །ཅེས་སོགས་བདག་དགག་པ་དང་། ཕན་པར་བཞེད་པ་རྣམས་ཀྱིས་ནི། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །དེ་ལྟར་ཉན་ཐོས་རྣམས་ལ་གསུངས། །རྐང་གཉིས་མཆོག་གིས་རྟག་ཏུ་ཡང་། །གཟུགས་ནི་དབུ་བ་རྡོས་འདྲར་སྣང་། །ཚོར་པ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་དང་མཚུངས་ཤིང་། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་བསྟན་པ་འདི་ལྟ་བུ། །བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས། །དང་། གཟུགས་རྟུལ་དབང་ཤེས་བསྐྱེད་མིན་ཏེ། །དེ་ནི་དབང་པོ་ལས་འདས་ཡིན། །འདུས་པས་དེ་རྣམས་སྐྱེད་བྱེད་ན། །ཚོགས་པ་དེ་ཡང་མི་འདོད་དོ། །ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེར་ནི་རྡུལ་ཕྲན་ཇི་ལྟར་འཐད། །སོགས་ཕུང་པོ་དགག་པ་དང་། སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤང་། །ཞེས་དང་། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པ་གང་མཛད་དེ། །བྱིས་པ་རྣམས་ཀྱིས་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཞེས་དང་། རྣལ་འབྱོར་སྤྱོད་པ་པོ་རྣམས་ཀྱིས། །རང་གི་སེམས་ཀྱི་དབང་བྱས་ཏེ། །གནས་ཡོངས་གྱུར་ནས་དག་པའི་སེམས། །སོ་སོ་རང་རིག་སྤྱོད་ཡུལ་བརྗོད། །འདས་པ་གང་ཡིན་དེ་ནི་མེད། །མ་འོངས་པ་ནི་ཐོབ་པ་མིན། །གནས་ཕྱིར་གནས་ནི་ཡོངས་གྱུར་པ། །ད་ལྟ་བ་ལ་ག་ལ་ཡོད། །སོགས་དང་། དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེན་མིན་བདེན་པ་མིན་བཞིན་དུ། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །དེ་ཚེ་སྲིད་པ་འཛིན་པར་བྱེད། །ཅེས་དང་། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟ་ན་ནི་རིག་བྱ་དང་། །རིག་བྱེད་མེད་ཅེས་ཅིས་མི་འདོད། །སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་པའམ། །ཡང་ན་གཉི་གའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། ཁ་དོག་དབྱིབས་ཀྱི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོ་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཇི་ལྟ་བུར་ན་གཟིགས་པར་འགྱུར། །དངོས་པོ་ཞེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་མེད་པ་སྟོང་པ་ཡིན། །གང་དུ་རྣམ་རྟོག་སྣང་འགྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཅིས་མ་གཟིགས། །གང་ན་རྟོག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །མཚན་ཉིད་མེད་ཅིང་སྐྱེ་བ་མེད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བ་སྟེ། །དེ་ལས་གཞན་དུ་སེམས་ཅན་གང་། །ལས་འབྲས་སྤྱོད་པར་འདོད་པ་མེད། །ཇི་ལྟར་མེ་ལོང་ལ་བརྟེན་ནས། །བཞིན་གྱི་དཀྱིལ་འཁོར་སྣང་བར་འགྱུར། །དེར་ནི་དེར་འཕོ་མ་ཡིན་ཞིང་། །དེ་མེད་པར་ཡང་དེ་ཡོད་མིན། །དེ་བཞིན་ཕུང་པོ་ཉིང་མཚམས་སྦྱོར། །སྲིད་པ་གཞན་དུ་སྐྱེ་བ་དང་། །འཕོ་བ་མེད་པར་མཁས་རྣམས་ཀྱིས། །རྟག་ཏུ་ངེས་པར་བྱ་བ་ཡིན། །མདོར་ན་སྟོང་པའི་ཆོས་རྣམས་ལ། །ཆོས་རྣམས་སྟོང་པ་སྐྱེ་བར་འགྱུར། །བྱེད་པོ་ལས་འབྲས་ལོངས་སྤྱོད་པ། །ཀུན་རྫོབ་ཏུ་ནི་རྒྱལ་བས་བསྟན། །ཇི་ལྟར་རྔ་ཡི་སྒྲ་དང་ནི། །དེ་བཞིན་མྱུ་གུ་ཚོགས་པས་སྐྱེད། །ཕྱི་ཡི་རྟེན་ཅིང་འབྲེལ་འབྱུང་བ། །རྨི་ལམ་སྒྱུ་མ་དང་མཚུངས་འདོད། །ཡོད་གྱུར་མ་ཡིན་ངག་ལམ་བྲལ། །མཁའ་དང་བྱང་ཆུབ་སེམས་དང་ནི། །བྱང་ཆུབ་གཉིས་མེད་མཚན་ཉིད་ཅན། །བྱང་ཆུབ་ཆེན་པོ་ལ་བཞུགས་པའི། །བདག་ཉིད་ཆེན་པོ་སངས་རྒྱས་དང་། །བརྩེ་ལྡན་ཀུན་གྱིས་དུས་ཀུན་ཏུ། །སྟོང་པ་མཁའ་དང་མཚུངས་པར་མཁྱེན། །དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །ཞི་ཞིང་སྒྱུ་མ་དང་མཚུངས་པར། །གཞི་མེད་སྲིད་པ་འཇིག་བྱེད་པའི། །སྟོང་པ་ཉིད་འདི་རྟག་ཏུ་བསྒོམ། །སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཅེས་བྱ་སྟོང་པ་ཉིད། །བདག་ཉིད་དམན་པས་གང་བསྒོམས་པ། །དེ་དེ་སྒོམ་པར་བྱེད་པ་མིན། །དགེ་དང་མི་དགེ་རྣམ་རྟོག་གིས། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སྟོང་ཉིད་སངས་རྒྱས་ཀྱིས་གསུངས་གཞན། །དེ་དག་སྟོང་པ་ཉིད་མི་བཞེད། །སེམས་ལ་དམིགས་པ་མེད་པ་ཡི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །དེ་དག་སྟོང་ཉིད་བསྒོམ་པ་ནི། །ནམ་མཁའ་བསྒོམ་པར་བཞེད་པ་ཡིན། །དང་། གང་གི་རྣམ་ཤེས་སྐད་ཅིག་མ། །དེ་ཡི་དེ་ནི་རྟག་མ་ཡིན། །སེམས་ནི་མི་རྟག་ཉིད་ཡིན་ན། །སྟོང་པ་ཉིད་དུ་ཇི་ལྟར་འགལ། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །སེམས་ནི་མི་རྟག་ཉིད་བཞེད་ན། །དེ་དག་སེམས་ནི་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །སོགས་ཀྱིས་རྣམ་རིག་དགག །ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །སྟོང་ཉིད་རང་བཞིན་དུ་བརྗོད་པས། །གང་ཞིག་ཆད་པར་སྨྲ་བ་མིན། །དེ་ནི་རྟག་པ་ཉིད་དུ་ཡང་། །འགའ་ཞིག་སྨྲས་པ་མ་ཡིན་ནོ། །མ་རིག་ནས་བརྩམས་རྒ་བ་ཡི། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །བརྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །དང་། ཆོས་རྣམས་རྒྱུ་ལས་སྐྱེས་པ་ནི། །ནམ་ཡང་འགལ་བར་མི་འགྱུར་ཏེ། །རྒྱུ་ནི་རྒྱུ་ཉིད་ཀྱིས་སྟོང་པས། །སེམས་ནི་སྐྱེ་བ་མེད་པར་རྟོགས། །ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་པ་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཀུན་རྫོབ་ཉོན་མོངས་ལས་ལས་བྱུང་། །ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་རྣམས་ཀྱིས་བསགས། །བག་ཆགས་བྲལ་ནས་བདེ་བ་སྟེ། །བདེ་བའི་སེམས་ནི་ཞི་བ་ཉིད། །སེམས་ཞི་བས་ནི་རྨོངས་མི་འགྱུར། །རྨོངས་མེད་དེ་ཉིད་རྟོགས་པ་སྟེ། །དེ་ཉིད་རྟོགས་པས་གྲོལ་ཐོབ་འགྱུར། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང་། །སྟོང་པ་ཉིད་དུའང་བཤད་པ་ཡིན། །གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པའི་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་བསྒོམས་བྱས་ན། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །སོགས་ཀྱིས་སྟོང་ཉིད་དང་སྙིང་རྗེ་བསྟན། །ཉན་ཐོས་རྣམས་ནི་ཆགས་བྲལ་བས། །བྱང་ཆུབ་དམན་པ་ཐོབ་མིན་ནམ། །སེམས་ཅན་ཡོངས་སུ་མ་དོར་བ། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །དང་། སྙིང་རྗེས་བརྟན་པའི་རྩ་བ་བརྟན། །བྱང་སེམས་མྱུ་གུ་ལས་བྱུང་བ། །གཞན་དོན་འབྲས་གཅིག་བྱང་ཆུབ་ནི། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །གང་ཞིག་བསྒོམས་པས་བརྟན་པ་ནི། །གཞན་གྱི་སྡུག་བསྔལ་གྱིས་བྲེད་ནས། །བསམ་གཏན་བདེ་བ་དོར་ནས་ཀྱང་། །མནར་མེད་པར་ཡང་འཇུག་པར་བྱེད། །དང་། །ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །དེ་ནི་ངོ་མཚར་བས་ངོ་མཚར། །རྨད་དུ་བྱུང་བས་རྨད་དུ་བྱུང་། །སེམས་ཅན་བསྐྱབས་པའི་བསམ་པ་ཅན། །དེ་དག་སྲིད་པའི་འདམ་སྐྱེས་ཀྱང་། །དེ་བྱུང་ཉེས་པས་མ་གོས་པ། །ཆུ་ཡི་པདྨའི་འདབ་མ་བཞིན། །དང་། ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་འགྱུར་བ། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ན་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དང་། སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་སོགས་གསུངས་ཤིང་། འདི་ཡང་། གསང་བ་འདུས་པར། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བའི་དོན་ལས་བརྩམས་ཏེ། །མུ་སྟེགས་པས་བརྟགས་པའི་བདག་དང་། །ཉན་ཐོས་པས་བརྟགས་པའི་ཕུང་པོ་དང་། སེམས་ཙམ་པས་བརྟགས་པའི་རྣམ་རིག་རྣམས་དགག་ནས། ཆོས་ཀུན་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དོན་དམ་གྱི་བདེན་པ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ལྟོས་གྲུབ་མི་འགལ་བའི་ཚུལ་གྱིས་ཉམས་སུ་བླངས་པས་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་སྐྱེ་བ་རྣམས་སྒྲུབ་པར་མཛད་དོ། །ཡང་སེམས་འགྲེལ་ཚིག་ལྷུག་པ་ཞིག་འདུག་པའང་། གང་གི་འདུས་པའི་ལུང་དོན་ཞིབ་མོར་འཆད་པ་སྟེ། དེ་ཡང་བསྡུ་ན། དངོས་པོ་ནི། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་ལ་སོགས་པའི་རང་བཞིན་ཏེ། དེ་དང་བྲལ་བའོ། །ཕུང་པོ་ལྔ་དང་། ཁམས་བཞི་དང་། སྐྱེ་མཆེད་དྲུག་ལ་སོགས་རང་རང་གི་ངོ་བོ་མ་དམིགས་པས་སྟོང་ཞིང་། གཟུང་བ་ཁ་དོག་དབྱིབས་དང་སྒྲ་ལ་སོགས་པ་དང་། འཛིན་པ་ཕྱི་ནང་བར་གསུམ་གང་དུའང་སེམས་དེ་མ་དམིགས་ཤིང་མི་གནས་པས་སྤངས་པ། ཇི་ལྟར་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་བདག་མེད་པ་བཞིན་དུ་སེམས་ཀྱང་དེ་དང་མཉམ་པའི་ཕྱིར་བདག་མེད་པ་དང་མཉམ་པ་ཉིད་དུ་གྱུར་པ། དེའི་ཕྱིར་རང་སེམས་ཐོག་མ་ནས་མ་སྐྱེས་ཤིང་། མ་སྐྱེས་པ་དེའི་སྟོང་པ་ཉིད་དེ་ནམ་མཁའི་ངོ་བོ་ཅན་གྱི་ཕྱིར། ནམ་མཁའ་ནི་རང་བཞིན་མེད་པ་མིང་ཙམ་སྟེ། དེ་ལྟར་སེམས་དེ་ཡང་མ་སྐྱེས་མི་འགགས་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་བོ། །ཞེས་པའང་གཞུང་༤༥དེ་ཉིད་བར། ལས་ཉེ་བར་བསྡུས་པའོ།། །། ༈

Footnotes

Other Information