ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་སོགས།

From Khyentse Lineage - A Tsadra Foundation Project
JKW-KABAB-20-WA-016
Wylie title na mo gu ru badz+ra ku mA ra ya/ snyan brgyud phur pa'i gnad tig gi bsnyen sgrub nyams su len pa la sogs JKW-KABAB-20-WA-016.pdf
Location mkhyen brtse'i bka' babs
Volume 20, Text 16, Pages 203-211 (Folios 1a1 to 5a1)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People པྲ་བྷ་ཧསྟི་ (Prabhahasti)
Citation 'jam mgon kong sprul. na mo gu ru badz+ra ku mA ra ya snyan brgyud phur pa'i gnad tig gi bsnyen sgrub nyams su len pa la sogs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 203-211. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Recitation Manual - bsnyen yig
Cycle ཕྲིན་ལས་ཕུར་པའི་གནད་ཏིག་ (phrin las phur pa'i gnad tig)
Deity rdo rje phur pa
Karchag page JKW-KABAB-Volume-20-WA-Karchag
Colophon

།ཞེས་པའང་ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་རིན་པོ་ཆེ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེས་ཉམས་བཞེས་གསལ་འདེབས་སུ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།།

zhes pa'ang lung zin sprul pa'i chos rgyal rin po che dpal ldan 'chi med rtag pa'i rdo rjes nyams bzhes gsal 'debs su ku sA li blo gros mtha' yas kyis phul ba dge legs 'phel/__/sarba dA mang+ga laM/

[edit]
༄༅༅། །ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམས་པའི་མདུན་གྱི་སྟེགས་བུའམ་གཏོར་གདན་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་སྟེང་མེ་ཏོག་སྔོན་པོའི་ཚོམ་བུ་གཙོ་བོ་གཅིག །འཁོར་བཅུ་དང༌། དེ་རྒྱབ་སྒོ་བཞིའི་ཚུལ་དུ་བཞི་བཀོད་པའི་ཁར་འཕྲུལ་སྟེགས་སྟེང་ཨེ་ཁྲོམ་ལ་བསྙེན་ཕུར་ཡུངས་དཀར་གྱི་ཐུམ་བཏགས་པ་ལ་བྱུགས་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་བཀོད། མདུན་དུ་མཆོད་གཏོར་དཔལ་བཤོས་མཐེབ་ཀྱུས་བཅུས་བསྐོར་བའི་གཡས་སུ་སྨིན་ལུགས་དམ་ཅན་སྤྱི་གཏོར། གཡོན་དུ་ཕུར་སྲུང་བཅུ་དྲུག་གི་གཏོར་སྤུངས། གསུམ་ཀ་དར་གདུགས་མཐིང་ག་བཅས། དེའི་གཡས་གཡོན་དུ་སྨན་རག་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་རམ་བསྐོར་བཤམ། རྒྱབ་ངོས་སུ་ཚེ་འབྲང་བུམ་གཟུགས། གཡས་གཡོན་དུ་མངར་གསུམ་དང་སྦྱར་བའི་ཚེ་རིལ་ཆང༌། ཚེ་འདའ་དར་སྣ་མེ་ལོང་གཡུ་བྱང་ནྲྀ་ཡིག་བཏགས་པ་རྣམས་བཞག །གཞན་ཡང་སྔོན་འགྲོ་དཀར་བགེགས། གཏེར་སྲུང་གཏོར་འབུལ། ཚོགས་བྱེད་ན་དེའི་ཆས་དང༌། ཆད་བརྟན། ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། དང་པོ་ནི། སྔོན་འགྲོ་སྣ་སེལ་སཱཙྪ་ཆུ་གཏོར། གསུང་རབས་ཀློག་པ། བཤགས་སྦྱོང་སོགས་སྤྱི་འགྲེ་ལྟར་ཅི་འགྲུབ་བྱ། ཕྱི་དྲོ་ཞིག་ནས་ཐུན་གྱི་དབུ་བརྩམས་ཏེ་རྣམ་འཇོམས་ཀྱིས་བསྒྲུབས་པའི་ཁྲུས་ཆབ་ཀྱིས་གནས་ཁང་ཡོ་བྱད་ཐམས་ཅད་ལ་འཐོར། དཀར་གཏོར་སྤྱི་འགྲོ་བཏང༌། སྒོ་དྲུང་དུ་ཐོ་དཀར་པོ་བཙུག་པ་ལ་རྒྱལ་ཆེན་བསྐྱེད་བསྟིམས་སམ་གཏོར་འབུལ་ཡང་སྤྱི་ལྟར་བྱ་ཚིག་བདུན་དང་སྤྲོས་བྲལ་བདེ་ཆེན་ལྟ་བུའི་བརྒྱུད་འདེབས་བཏང༌།་་་་བརྒྱུད་འདེབས་དང་ལས་བྱང་རྗེས་སུ་ཆོག་བསྒྲིག་བྱས་པ་ཡོད་པས་ཡིག་ཆ་གཞན་དུ་བཙལ་མི་དགོས་མཆན། སྐྱབས་འགྲོ་སེམས་བསྐྱེད་ཡང་དག་ཟབ་ཏིག་ཁ་བསྒྱུར་ཅན་ཚར་གསུམ། བགེགས་གཏོར་བྱིན་བརླབས་བསྔོ་བ་རྣམས་སྨིན་ལུགས་ལྟར་སྤྱི་འགྲོ་བྱས། གུ་གུལ་བདུག །ཡུངས་ཐུན་དང་སུམ་བྷ་ནིའི་དྲག་སྔགས་ཀྱིས་བགེགས་བསྐྲད། གཏེར་གཞུང་སྲུང་བའི་སྐབས་ལྟར་སྲུང་འཁོར་བསྒོམས་ལ་སྲུང་སྔགས་ལན་མང་དུ་བརྗོད། ཉིན་དང་པོ་ཕུར་པ་བྱིན་བརླབ་ནི། བསྡུས་པ་གཏེར་གཞུང་དབུ་ནས་འབྱུང་བ་དེས་ཀྱང་འཐུས་མོད། ས་ཕུར་ལྟར་གྲུབ་ན་ལེགས་པས་སྔགས་སོ་སོར་བརྗོད་ལ་བྱུག་བདུག་བྲབ་གསུམ་དང༌། བྱིན་རླབས་རྣམས་དེ་ལྟར་བྱས་ལ། ཨེ་ཁྲམ་དུ་བརྟན་པར་གཟུག །གཏེར་གཞུང༌། སངས་རྒྱས་ཐམས་ཅད་འདུས་པའི་བདག༔ སོགས་དང་སྔགས་མང་དུ་བརྗོད། དེ་ནས་མཆོད་པ་བྱིན་རླབས། རྃ་ཡྃ་ཁྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་སྤྲིན་ཕུང་འདི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། ལན་གསུམ་བརྗོད། དེ་ནས་མངོན་རྟོགས་ཏིང་ངེ་འཛིན་རྣམ་གསུམ་ནས་བདག་མདུན་དབྱེར་མེད་དུ་བྱས་ལ་དམ་ཚིག་གི་དཀྱིལ་འཁོར་རྫོགས་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ཕྱག་མཆོད་བསྟོད་པའི་བར་དུ་བཏང༌། དེ་ནས་ཛབ྄་དམིགས་བསྙེན་པ་མ་རྫོགས་བར་དུ་སྔགས་ཕྲེང་ཡབ་ཡུམ་ཞལ་དུ་འཁོར་བ་དོ་ལིའམ་མགལ་མེ་བསྐོར་བ་ལྟ་བུ་ཁོ་ནར་དམིགས་པ་གཏད་ལ་ཀཱི་ལ་འབྲུ་དགུ་པ་བཟླ་དགོས་པས། ཐོག་མར་ཕྲེང་བ་བྱིན་རླབས་སྤྱི་འགྲེའམ། དབྱངས་གསལ་དང༌། ཨོཾ་རུ་ཙི་ར་མ་ཎ་པྲ་བརྟ་ན་ཡེ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་པས་བྱིན་བརླབས་ནས་བཟླས་པ་ལ་འཇུག །ཐུན་མཐར་སྒྲུབ་སྔགས་ཕྲེང་སྐོར་ཙམ་བཟླ། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱ། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིག་ཕུལ། དགོང་ཐུན་འདིའི་མཇུག་ཏུ་བཀའ་སྲུང་སྤྱི་བྱེ་བྲག་གི་གཏོར་འབུལ་རེ་གྲུབ་དགོས་པས། སྤྱིར་སྨིན་ལུགས་དམ་ཅན་སྤྱི་གཏོར་ཉིད་ལེགས་ཤིང༌། བསྟོད་པའི་འཕྲོས་སུ་བྱེ་བྲག་ཕུར་སྲུང་གཏོར་ཆོག་རེ་དགོས་པས། སྐབས་འདིར་ཕུར་སྲུང་གཏོར་འབུལ་ས་ཕུར་ལྟར་མཛད་ན་ལེགས་ཤིང༌། ཉུང་དགོས་སྐབས་སྨིན་ལུགས་རྗེས་འབྲང་ནང་གསལ་དེས་ཀྱང་ཆོག །སྐབས་འདིར་དགོང་རེ་བཞིན་གྲུབ་ན་ལེགས་ཤིང༌། མ་གྲུབ་ན་ཉིན་དང་པོ་དང༌། ཉ་སྟོང་བརྒྱད་གསུམ། བསྙེན་སྒྲུབ་ལས་གསུམ་སོ་སོར་གྲུབ་པའི་སྐབས་ཐམས་ཅད་ཀྱི་རྗེས་རྣམས་ལ་ཚོགས་མཆོད་རེ་ཕུལ་དགོས་པས་འདོན་ཆ་ཡང་དག་ཟབ་ཏིག་ནས་ལེན་དགོས། ཚོགས་ཀྱི་ཐོག་མར་བརྗོད་མེད་དོན་བཤགས་ཡེ་ཤེས་སྐུ་མཆོག་ཚར་རེ་གསུངས་པ་ཕྱག་ལེན་ཡིན་ཅིང༌། དེ་འཕྲོས་སྨན་གཏོར་རཀྟ་མར་མེའི་སྐོང་བ་བཅས་པའང་ཚར་རེ་མ་ཆགས་ན་ལེགས། དེ་ནས་ཚོགས་བྱིན་རླབས་ནས་ལྷག་མའི་བར་དུ་གཏོང༌། ལྷག་མ་སྒྲུབ་པ་མ་གྲོལ་བར་སྣོད་གཅིག་ཏུ་ཁེབས་ཀྱིས་བཀབ། དེ་ནས་ཚོགས་མགྲོན་ལ་གཏང་རག་མཆོད་བསྟོད་ལས་བྱང་ལྟར་དང༌། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་བཤགས་བྱ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས་པ་དང༌། བསྔོ་སྨོན་ཤིས་བརྗོད་རྣམས་ཟབ་ཏིག་ལྟར་བྱ། ཟབ་ཏིག་ལས་བླང་དགོས་རིགས་ཚོགས་མ་གཏོགས་གཞན་ཀུན་མཁྱེན་བླ་མ་ཉིད་ཀྱིས་མཛད་པའི་རྒྱུན་ཁྱེར་ལ་ཆ་ཚང་ཡོད་པས་དེ་ལྟར་གནང་བས་འཐུས། འདི་མན་ཆད་ཐུན་གཞན་རྣམ་ལ་དཀར་བགེགས་བསྔོ་བ་དང་བགེགས་བསྐྲད་རྣམས་མི་དགོས་པས། སྲོད་ཐུན་ལ་ཚིག་བདུན་གསོལ་འདེབས། ལེའུ་བདུན་མ་ནས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས། སོགས་ཚིག་རྐང་ལྔ། བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་སོགས་ཚིག་རྐང་ལྔ་གསུང་སྲོལ་སྣང༌། དེ་ནས་སྐྱབས་སེམས། སྲུང་འཁོར་གསལ་འདེབས། མཆོད་པ་བྱིན་བརླབས། མངོན་རྟོགས་ནས་བསྟོད་པའི་བར་དང༌། ཕྲེང་བ་བྱིན་བརླབས་བཅས་བསྙེན་ཐུན་བཟུང༌། ཐུན་འཇུག་སྒྲུབ་སྔགས་ཁ་སྐོང་སྟོང་ཚིགས་སོགས་ནས། འོད་གསལ་བསྡུ་ལྡངས། བསྔོ་སྨཽན་ཤིས་བརྗོད་བཅས་ཉལ་བའི་རྣལ་འབྱོར་ལ་འཇུག །ཐུན་རེ་རེ་བཞིན་མཆོད་པ་ཁ་གསོས་ལ་བདུད་རྩིས་བྲན་པའང་མ་ཆགས་པར་བྱ། ཕྱིར་ནང་ཐོར་ཐུན་ལ་ལྡངས་བའི་རྣལ་འབྱོར་གྱིས་ལྡངས། ངག་བྱིན་བརླབས། བདུད་རྩི་རིལ་བུའམ་ཆོས་སྨན་མྱང༌། ཚིག་བདུན་ནས་བརྩམ། མཇུག་གི་ཤིས་བརྗོད་བར་སྲོད་ཐུན་དང་འདྲ། དེ་ལྟ་བུའི་སྔ་དྲོ། ཕྱི་དྲོ། སྲོད་ཐུན་ཏེ་ཐུན་བཞིའམ། ཐོར་ཐུན་མི་ལྕོགས་ན། སྔ། ཕྱི། སྲོད་ཐུན་གསུམ་གཅོད་ལུགས་དེ་ཁོ་ན་ལྟར་ལ། ཕྱི་ཐུན་ནམ་དགོངས་ཐུན་གཤམ་དུ་གཏོར་འབུལ་མ་ཆགས་པ་དང༌། ཚོགས་མཆོད་ནམ་གྲུབ་ཀྱང་སྐབས་དེར་ཕུལ་ལུགས་ཉིན་དང་པོར་སྨོས་པ་ལྟར་རོ། །དེ་ལྟ་བུས་བསྙེན་པ་རབ་འབུམ་ཕྲག་བཅུ། མ་གྲུབ་ན་བདུན་རྫོགས་པ་དང༌། །གཉིས་པ་སྒྲུབ་པ་ནི་མཆོད་གཏོར་ཁ་གསོ། དཀར་བསྔོ་བ་བགེགས་བསྐྲད་བསྐྱར་གྲུབ་ན་ལེགས། སྲུང་འཁོར་གསལ་འདེབས། འདོན་འགྲིགས་སྔར་ལྟར་ལ་བཟླས་པའི་ཐོག་མར་སྒྲུབ་སྔགས་ལ། ཕཊ་ཛཿབཏགས་པས་མདུན་དཀྱིལ་གྱི་གོ་སར་ཛབ྄་ཁང་དབྱེ། ཐོག་མར་འབྲུ་དགུ་སྟོང་ཕྲག་ཙམ་བཟླ། དེ་ནས་དོ་ལི་ལ་སྤྲོ་བསྡུའི་དམིགས་གནད་སྦྱར་ཏེ་སྒྲུབ་སྔགས་བཅུ་བཞི་པ་བཟླས་པའི་དངོས་གཞི་བྱ། ཐུན་མཇུག་གི་བྱ་བ་སྔར་དང་འདྲ་བ་ལས་ཛབ྄་ཁང་རང་ལ་བསྡུ་བ་ཙམ་ཁྱད་པར་རོ། །དེ་ལྟ་བུའི་སྒྲུབ་སྔགས་འབུམ་ཚོ་བཅུ་བཞི་ནི་ཚད་ཡིན་ལ། བྱེ་བ་བཟླས་ཀྱང་ཆོག་པ་གཏེར་གཞུང་ལས་གསུངས་སོ། །དེ་ལྟར་སྒྲུབ་པ་ཐེམས་ནས་གསུམ་པ་ལས་སྦྱོར་ནི། འདོན་འགྲིགས་དང་དམིགས་གནད་ཀྱི་གཞི་སྒྲུབ་པའི་སྐབས་དང་འདྲ་བ་ལས་བསྙེན་སྒྲུབ་སྔགས་སྟོང་རྩ་རེ་ཙམ་དང༌། སྒྲུབ་སྔགས་ལ་སྤུ་གྲི་བཏགས་པ་བཟླ། ཐུན་རྗེས་སོགས་འདྲ། དམིགས་པ་རང་གི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག །དེ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། ཁྲོ་བཅུ་ཕྲ་ཐབས་སྒོ་མ་དམ་ཅན་རྣམས་ལ་ཕོག་པས་དེ་རྣམས་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་བསྟན་འགྲོ་ལ་འཚེ་བའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོའི་ཕྲིན་ལས་དྲུག་གིས་མིང་ཙམ་ཡང་མེད་པར་རྡུལ་དུ་བརླག་པར་བསམ། སྔགས་གྲངས་ཁྲི་ཕྲག་ཏུ་གསུངས་ཀྱང་གོང་དུ་སྒྲུབ་སྔགས་མང་དུ་མ་སོང་ན་སྟོང་ཕྲག་ལས་མང་མི་བྱའོ། །གསུམ་པ་རྗེས་ནི་བཀྲ་ཤིས་པའི་ཆེད་དུ་མཐའ་རྒྱས་ཚེའི་སྒྲུབ་པ་སྦྱོར་ཏེ། བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས། འདོན་འགྲིགས་སྔ་མ་ལྟར་ལ། བསྙེན་སྒྲུབ་བཟླས་པ་ཁྱུགས་ཙམ་སོང་རྗེས་གཏེར་གཞུང་གཤམ་གྱི། བདག་མདུན་བཛྲ་ཀུ་མཱ་རའི། སོགས་ཀྱི་བཟླས་དམིགས་དང༌། སྒྲུབ་སྔགས་གཤམ་དུ་ཚེ་ཤམ་སྦྱར་བ་བཟླ། ཐུན་མཐར་མདའ་དར་དམར་པོ་གཡབས་ལ་ཚེ་འགུགས་བྱ། ཐུན་རྗེས་སྔ་མ་རྣམས་དང་མཚུངས། འདི་ལ་སྤྱིར་ཇི་ཙམ་མང་ན་ལེགས་ཀྱང༌། གྲངས་གཙོར་བྱེད་ན་འབུམ་ཕྲག་ལས་མི་ཉུང་བ་དང༌། ཞག་གཙོར་བྱེད་ན་བདུན་ལས་མི་ཉུང་བ་བྱའོ། །དེ་ལྟར་བསྙེན་སྒྲུབ་མཐའ་རྒྱས་བཅས་གྲུབ་པའི་ཐོར་ཐུན་ལྟ་བུར་མཆོད་པ་རྒྱས་པ་དང་གཏོར་འབུལ་ཚོགས་མཆོད་སོགས་བཟང་དུ་བཤམས། ཕྲིན་ལས་བཟླས་པ་ཚེ་སྒྲུབ་ཁ་སྐོང་སྟོང་ཚིགས་བཅས་སོང་ནས་སྲུང་མའི་གཏོར་ཆོག །བཤགས་སྐོང༌། ཚོགས་མཆོད་ཕུལ། ལྷག་མ་སྔར་བསགས་པ་རྣམས་དང་བཅས་ཕྱི་རོལ་དུ་བཏང༌། ཆད་མདོ་དང་མཉམ་དུ་བཀའ་སྲུང་གཏོར་མའང་ཕྱི་རོལ་དུ་འབུལ་ཞིང་བསྟན་མ་བསྐྱང༌། མཆོད་བསྟོད་ཕུལ། སྒྲུབ་སྔགས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱི༔ བཏགས་པ་བརྒྱ་རྩ་སོགས་ཅི་འགྲུབ་བཟླ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གསུམ་ཆར་བབས་པ་ལྟར་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ་ཟབ་ཏིག་ལྟར་དངོས་གྲུབ་བསྐུལ་ཚིག་བརྗོད་ལ། སྒྲུབ་རྟེན་ཕུར་བུ། ཚེ་འབྲང་རྣམས་གནས་གསུམ་དུ་གཏུགས། ཚེ་རིལ་ཆང་རོལ། དེ་ནས་ནོངས་བཤགས། བརྟན་བཞུགས་ཕྱིར་སྔར་ལྟར་དང༌། བླ་མ་ཡི་དམ་ལྟ་བུའི་བསྔོ་སྨོན། ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་བྱ། གྲུབ་ན་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་བསྙེན་སྒྲུབ་ཀྱི་བཅུ་ཆ་དགོས་པ་སྨིན་ལུགས་ལས་ཐམས་ཅད་པ་ལྟ་བུས་ཆོག་ཅིང་་་་་་་འདིའི་སྦྱིན་སྲེག་ཆོས་བློའི་ཆོག་བསྒྲིག་ཡོད་མཆན། འབྲེལ་འཇོག་བསྙེན་སྒྲུབ་ཟླ་གཅིག་མ་ལྟ་བུ་ལ། བསྙེན་པ་བདུན་ཕྲག་གཉིས། སྒྲུབ་པ་བདུན་ཕྲག་གཉིས། ལས་སྦྱོར་ཉིན་གཅིག་ཚེ་སྒྲུབ་ཞག་གསུམ་ཙམ་བྱའོ། །ཞེས་པའང་ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་རིན་པོ་ཆེ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེས་ཉམས་བཞེས་གསལ་འདེབས་སུ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information