སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ།

From Khyentse Lineage - A Tsadra Foundation Project
JKW-KABAB-18-TSHA-052
Wylie title sku gsum rigs 'dus zab tig las rnam dag zhing du skye ba'i smon lam kun dga'i thig le JKW-KABAB-18-TSHA-052.pdf
Location mkhyen brtse'i bka' babs
Volume 18, Text 52, Pages 485-488 (Folios 1a1 to 2b5)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam mgon kong sprul. sku gsum rigs 'dus zab tig las rnam dag zhing du skye ba'i smon lam kun dga'i thig le. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 485-488. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Prayers - smon lam
Cycle སྐུ་གསུམ་རིག་འདུས་ཟབ་ཏིག་ (sku gsum rigs 'dus zab tig)
Deity pad+ma'i myu gu
Karchag page JKW-KABAB-Volume-18-TSHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-DA-063
Colophon

།ཞེས་རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ་ཞེས་བྱ་བ་འདིའང་ཟབ་གསང་གི་མངའ་བདག་ཀུན་མཁྱེན་བླ་མའི་ཟབ་ཆོས་ཐུགས་གཏེར་འབེབས་པའི་ཡིག་བྲིས་ཀྱི་ཞབས་འདེགས་ཞུས་སྐབས་བགྱིད་དགོངས་པའི་བཀའ་སྩལ་སྤྱི་བོར་ཕེབ་པ་དང༌། །གནས་མདོ་གཅོད་བླ་སྤྲུལ་སྐུ་དང་དཔལ་ཁྱིམ་སྔགས་འཆང་ཨོ་རྒྱན་བསྟན་འཛིན་སོགས་སྔ་ཕྱིར་དོན་གཉེར་མང་པོའི་བཞེད་བསྐོང་སླད་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དབེན་པའི་རི་ངོགས་སུ་བྲིས་པ་ཡ་ཐཱ་སིདྡྷིརྦྷ་བ་ཏ། དགེ་ལེགས་འཕེལ།།

zhes rnam dag zhing du skye ba'i smon lam kun dga'i thig le zhes bya ba 'di'ang zab gsang gi mnga' bdag kun mkhyen bla ma'i zab chos thugs gter 'bebs pa'i yig bris kyi zhabs 'degs zhus skabs bgyid dgongs pa'i bka' stsal spyi bor pheb pa dang/__/gnas mdo gcod bla sprul sku dang dpal khyim sngags 'chang o rgyan bstan 'dzin sogs snga phyir don gnyer mang po'i bzhed bskong slad pad+ma gar dbang blo gros mtha' yas pa'i sdes dben pa'i ri ngogs su bris pa ya thA sid+d+hir+b+ha ba ta/__dge legs 'phel/

[edit]
༄༅། །སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱ་ཡ། །ཆོས་དབྱིངས་ཀུན་ཁྱབ་རྒྱལ་བ་སྲས་བཅས་དང༌། །ཁྱད་པར་མི་མཇེད་འཇིག་རྟེན་ནུབ་ཀྱི་ཕྱོགས། །པདྨས་ཁེབས་པའི་ཞིང་ན་རབ་བཞུགས་པ། །སེམས་དཔའ་ཀུན་གཙོ་པདྨའི་མྱུ་གུ་ནི། །རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་ལ། །གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །སྒོ་གསུམ་ལོངས་སྤྱོད་དགེ་རྩར་བཅས་པས་མཆོད། །སྡིག་སྒྲིབ་ཉེས་ལྟུང་གང་མཆིས་མཐོལ་ཞིང་བཤགས། །སྲིད་ཞིའི་དགེ་ལེགས་ཀུན་ལ་རྗེས་ཡི་རངས། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་རྩ་མི་གནས་བྱང་ཆུབ་ཆེན་པོར་བསྔོ། །སངས་རྒྱས་སྲས་བཅས་བསོད་ནམས་མཐུ་དཔལ་དང༌། །དུས་གསུམ་བསགས་པའི་ལེགས་སྤྱད་གང་མཆིས་དང༌། །སྟོང་ཉིད་རྟེན་འབྱུང་བསླུ་མེད་བདེན་པ་ཡིས། །བདག་གཞན་འབྲེལ་ཐོབ་འགྲོ་བ་མ་ལུས་པ། །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །འཁོར་བ་ངན་སོང་སྐྱེ་གནས་ཀུན་སྤངས་ཏེ། །དག་པའི་ཞིང་མཆོག་པདྨས་ཁེབས་པ་རུ། །སྐད་ཅིག་ཙམ་གྱིས་བརྫུས་ཏེ་སྐྱེ་བར་ཤོག །རིན་ཆེན་བྱང་ཆུབ་སེམས་ཀྱི་ས་བོན་ནི། །རྒྱལ་བའི་སྲས་ཀྱིས་ཡོངས་སྤྱངས་ལས་སྨིན་པ། །སྙིགས་མ་ལྔ་ཡི་མིང་ཡང་མི་གྲགས་ཤིང༌། །ངོ་མཚར་ཡོན་ཏན་བྱེ་བས་རབ་བརྒྱན་པ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ཐ་གྲུ་ཡངས་ཤིང་རྒྱ་ཚད་དཔག་ཏུ་མེད། །ལག་མཐིལ་ལྟར་མཉམ་གསེར་གྱི་ས་གཞི་ལ། །རིན་ཐང་མེད་པའི་རིན་ཆེན་གཅལ་དུ་བཀྲམ། །པདྨས༴ །ནོར་བུའི་ལྗོན་ཤིང་གསེར་གྱི་དྲྭ་བས་འབྲེལ། །ལོ་འདབ་སྲབ་འཇམ་ཡངས་པའི་དར་ཟབ་གོས། །འབྲས་བུ་ལྷ་ཡི་བཅུད་དང་རིན་ཆེན་སྨིན། །པདྨས༴ །ཡན་ལག་བརྒྱད་ལྡན་ཆུ་ཀླུང་སྣ་ཚོགས་འབབས། །དྲི་ཞིམ་སྤོས་ཆུའི་རྫིང་བུས་ཀུན་ནས་གཏམས། །གསེར་གྱི་བྱེ་མ་རིན་ཆེན་ཕ་གུས་བསྐོར། །པདྨས༴ །རྨ་བྱ་ཁྲུང་ཁྲུང་ནེ་ཙོ་ངང་ངུར་སོགས། །སྤྲུལ་པའི་འདབ་ཆགས་ལྟ་བས་ཆོག་མི་ཤེས། །ཀུན་ཀྱང་སངས་རྒྱས་མཐུ་ཡིས་ཆོས་སྒྲ་སྒྲོག །པདྨས༴ །ཡིད་འོང་མེ་ཏོག་ཕྲེང་བས་ཀུན་ཏུ་ཁེབས། །པདྨོའི་སྐྱེད་ཚལ་འདོད་རྒུ་ཡིད་བཞིན་འཇོ། །བསིལ་བྱེད་ངད་པ་རེག་ན་བདེ་བར་རྒྱུ། །པདྨས༴ །ངན་འགྲོའི་སྐྱེ་གནས་བྲལ་ཞིང་ལྷ་དང་མི། །མཐོ་རིས་ཡོན་ཏན་འཕགས་པའི་ནོར་བདུན་གྱིས། །འབྱོར་པ་རབ་རྒྱས་བདེ་ཞིང་ལོ་ལེགས་པ། །པདྨས༴ །དྭངས་མ་བསམ་གཏན་ཟས་ཀྱིས་བདེ་བར་འཚོ། །ཚེ་རབས་དྲན་ཅིང་བློ་གྲོས་གཟུངས་སྤོབས་ལྡན། །དེར་སྐྱེས་ཕྱིར་མི་ལྡོག་པའི་ས་ལ་གནས། །པདྨས༴ །རྒྱན་གོས་ཡོ་བྱད་རོལ་མོའི་ཁྱད་པར་སོགས། །འདོད་པའི་ཡོན་ཏན་བསམས་པ་ཙམ་གྱིས་འགྲུབ། །ཏིང་འཛིན་བདེ་ལྡན་སྡུག་བསྔལ་ཟུག་རྔུ་མེད། །པདྨས༴ །ལྷ་ཡི་མེ་ཏོག་སྤོས་ཆུའི་ཆར་རྒྱན་འབེབས། །སྤྲུལ་པའི་ལྷ་མོས་མཆོད་ཅིང་བསྟོད་དབྱངས་སྒྲོག །ཉིན་དང་མཚན་མེད་རྒྱལ་བའི་འོད་ཀྱིས་ཁྱབ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །བར་དོར་སངས་རྒྱས་སྤྲུལ་པས་མདུན་བསུ་ཞིང༌། །སྒྲིབ་པའི་དྲྭ་བ་མ་ལུས་ཕྱིར་བསལ་ཏེ། །སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ཉིད་ལ། །དག་པའི་ཞིང་ཁམས་མཆོག་ཏུ་སྐྱེ་བར་ཤོག །ཞིང་དབུས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༌། །བྱང་སེམས་སྨོན་ལམ་སྟོབས་ལས་རྣམ་འཕྲུལ་པ། །བཀོད་པའི་ཁྱད་པར་བློ་ལས་འདས་པའི་ནང༌། །རྒྱལ་སྲས་རྒྱ་མཚོས་མདུན་གྱིས་བལྟས་པའི་དབུས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང༌། །མངོན་བྱང་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་པ། །སེམས་དཔའ་ཆེན་པོ་པདྨའི་མྱུ་གུ་ནི། །དམར་གསལ་ཉིན་བྱེད་སྟོང་གི་གཟི་འབར་བ། །ཕྱག་གཡས་མཆོག་སྦྱིན་འདོད་འབྱུང་ནོར་བུས་མཚན། །གཡོན་པས་སྐྱབས་སྦྱིན་ཨུཏྤལ་ཚེ་བུམ་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་མཚན་དཔེ་རྫོགས། །ཕྱེད་སྐྱིལ་པདྨ་ཉི་ཟླའི་གདན་ལ་བཞུགས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོ། །དྲི་མེད་སྤྱན་རས་གདུལ་བྱར་རྟག་ཏུ་གཟིགས། །ཐེག་ཆེན་ཕྱིར་མི་ལྡོག་པའི་ཆོས་སྒོ་སྟོན། །འབྲེལ་ཚད་བྱང་ཆུབ་སྙིང་པོར་དབུགས་འབྱིན་པ། །རྒྱལ་སྲས་མཆོག་དེའི་ཞལ་རས་མངོན་སུམ་དུ། །མཐོང་ནས་ཞི་བསིལ་བདུད་རྩིའི་རོ་མཆོག་མྱང༌། །རྟག་ཏུ་དམ་པའི་ཆོས་ཀྱི་མཛོད་འཛིན་ཅིང༌། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་པ་དང༌། །བཟང་པོ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །རྒྱལ་བ་ཀུན་བསྔགས་ཞིང་མཆོག་དམ་པ་རུ། །ཚེ་དང་ཡེ་ཤེས་གཟི་བརྗིད་དཔག་མེད་ཅིང༌། །རྣམ་ཀུན་མཁྱེན་པའི་སངས་རྒྱས་ཉིད་གྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་ཤིང་སྨོན་པ་འགྲུབ་པར་ཤོག །ཞེས་རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ་ཞེས་བྱ་བ་འདིའང་ཟབ་གསང་གི་མངའ་བདག་ཀུན་མཁྱེན་བླ་མའི་ཟབ་ཆོས་ཐུགས་གཏེར་འབེབས་པའི་ཡིག་བྲིས་ཀྱི་ཞབས་འདེགས་ཞུས་སྐབས་བགྱིད་དགོངས་པའི་བཀའ་སྩལ་སྤྱི་བོར་ཕེབ་པ་དང༌། །གནས་མདོ་གཅོད་བླ་སྤྲུལ་སྐུ་དང་དཔལ་ཁྱིམ་སྔགས་འཆང་ཨོ་རྒྱན་བསྟན་འཛིན་སོགས་སྔ་ཕྱིར་དོན་གཉེར་མང་པོའི་བཞེད་བསྐོང་སླད་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དབེན་པའི་རི་ངོགས་སུ་བྲིས་པ་ཡ་ཐཱ་སིདྡྷིརྦྷ་བ་ཏ། དགེ་ལེགས་འཕེལ།།

Footnotes

Other Information