སྐུ་གསུམ་བླ་མའི་ལས་བྱང་སྙིང་པོའི་མཛེས་རྒྱན།

From Khyentse Lineage - A Tsadra Foundation Project
JKW-KABAB-18-TSHA-027
Wylie title sku gsum bla ma'i las byang snying po'i mdzes rgyan JKW-KABAB-18-TSHA-027.pdf
Location mkhyen brtse'i bka' babs
Volume 18, Text 27, Pages 169-171 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. sku gsum bla ma'i las byang snying po'i mdzes rgyan. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 169-171. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang  ·  Guru Yoga Texts - bla ma'i rnal 'byor
Karchag page JKW-KABAB-Volume-18-TSHA-Karchag
[edit]
༄༅། །སྐུ་གསུམ་བླ་མའི་ལས་བྱང་སྙིང་པོའི་མཛེས་རྒྱན་ཞེས་བྱ་བ། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྐུ་གསུམ་དབྱེར་མེད་དཀོན་མཆོག་གསུམ་གྱི་དངོས། །བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། ༡༠ །མཁའ་ཁྱབ་ཕ་མ་རིགས་དྲུག་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་བྱའི་ཕྱིར། །སྨོན་འཇུག་དོན་དམ་སེམས་ལ་རབ་སྦྱར་ནས། །རིམ་གཉིས་ཟབ་མོའི་རྣལ་འབྱོར་བསྒཽམ་པར་བགྱི། ༢༠ །བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤག །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་ཏུ། །རྟག་པར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། ༣༠ ཧཱུྃ། ཡེ་ཤེས་རོལ་པ་ལྷ་ཡི་དཀྱིལ་འཁོར་འདིར། །བར་ཆད་བརྩམས་པའི་གདོན་བགེགས་འབྱུང་པོ་ཀུན། །མཆོད་སྦྱིན་འདོད་ཡོན་ལྔ་ལྡན་འདི་ལོངས་ལ། །རང་རང་སོ་སོའི་གནས་སུ་བདེ་བར་དེངས། ༤༠ ཧྲཱིཿ ཀུན་བརྟག་སྣང་བ་རྡོ་རྗེའི་སྲུང་འཁོར་དབུས། །གཞན་དབང་སྲིད་པ་ལྷ་སྔགས་ཆོས་སྐུར་ཤར། །ཡོངས་གྲུབ་ཡེ་ཤེས་མཆོག་གིས་བྱིན་བརླབས་པས། །གཟུང་འཛིན་འཁྲུལ་པའི་གདོན་བགེགས་མཚམས་བཅད་གྱུར། ༥༠ ཨོཾ། ཆོས་ཀྱི་དབྱིངས་དང་བདེ་ཆེན་ལོངས་སྤྱོད་རྫོགས། །ཕྱོགས་བཅུ་རབ་འབྱམས་སྤྲུལ་པའི་ཞིང་ཁམས་ནས། །སྐུ་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འདིར་གཤེགས་དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ། ༦༠ ཨོཾ་ཨཱ་ཧཱུྃ། སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ། །ཕྱི་ནང་གསང་བ་བླ་ན་མེད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་རྒྱ་མཚོར་གྱུར། ༧༠ ༈ །མཎྜལ་གྱི་རིམ་པ་བསོད་ནམས་ཆར་འབེབས་ཅེས་བྱ་བ། ཨོཾ་ཨཱཿཧཱུྃ། བདག་གཞན་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་ཚོགས་ལས་བྱུང་བའི། །འོག་གཞི་དབང་ཆེན་གསེར་གྱི་གཞིར། །ཕྱི་རོལ་ལྕགས་རིས་ཁོར་ཡུག་བསྐོར། །དབུས་སུ་རི་རབ་ལྷུན་པོ་དང༌། །ཕྱོགས་མཚམས་གླིང་བཞི་གླིང་ཕྲན་བརྒྱད། །རིན་ཆེན་རི་བོ་དཔག་བསམ་ཤིང༌། །འདོད་འཇོའི་བ་དང་མ་རྨོས་ཚལ། །རྒྱལ་སྲིད་སྣ་བདུན་གཏེར་ཆེན་བུམ། །སྒེག་སོགས་མཆོད་པའི་ལྷ་མོ་དང༌། །ཉི་མ་ཟླ་བའི་སྣང་བས་མཛེས། །གདུགས་དང་རྒྱལ་མཚན་སྲིད་རྩེར་བསྒྲེང༌། །གཞན་ཡང་ལྷ་མིའི་དཔལ་འབྱོར་ནི། །མ་ཚང་མེད་པའི་མཆོད་སྤྲིན་ཆེ། །རྡུལ་གཅིག་སྟེང་ན་རྟུལ་སྙེད་ཀྱི། །ཞིང་ཁམས་རབ་འབྱམས་བསམ་མི་ཁྱབ། །དངོས་བཤམས་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་རྣམ་སྤྲུལ་ཏེ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །ཆོས་སྲུང་ནོར་ལྷའི་ཚོགས་བཅས་ལ། །སྒོ་གསུམ་གུས་པས་འབུལ་བར་བགྱི། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང༌། །བདག་དང་མཐའ་ཡས་སེམས་ཅན་གྱི། །ནད་གདོན་སྡིག་སྒྲིབ་ཞི་བ་དང༌། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥཱ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།། །།

Footnotes

Other Information