གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་རྡོ་རྗེ་ཕག་མོའི་ལས་བྱང་བདེ་སྟོང་བདུད་རྩིའི་དཔལ་སྦྱིན།

From Khyentse Lineage - A Tsadra Foundation Project
JKW-KABAB-15-BA-007
Wylie title grub thob chen po'i thugs tig las sgrub thabs snying po skor lnga'i rdo rje phag mo'i las byang bde stong bdud rtsi'i dpal sbyin JKW-KABAB-15-BA-007.pdf
Location mkhyen brtse'i bka' babs
Volume 15, Text 7, Pages 97-117 (Folios 1a to 11a6)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. grub thob chen po'i thugs tig las sgrub thabs snying po skor lnga'i rdo rje phag mo'i las byang bde stong bdud rtsi'i dpal sbyin. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 15: 97-117. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang
Cycle སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ (sgrub thabs snying po skor lnga)
Parent Cycle གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (grub thob chen po'i thugs tig)
Deity rdo rje phag mo
Karchag page JKW-KABAB-Volume-15-BA-Karchag
Colophon

ཅེས་བརྗོད་རོལ་མོ་འཁྲོལ་ཤིང་མེ་ཏོག་གི་ཆར་ཕབ་པས་དུས་གསུམ་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་རྒྱ་ཆེར་སྤེལ་བར་བྱའོ། །ཅེས་སྐོར་ལྔའི་ལས་བྱང་དང་དབང་ཆོག་བཅས་བསྒྲིག་པར་བྱོས་ཤིག་ཅེས། རིས་སུ་མ་ཆད་པའི་བསྟན་པ་ཡོངས་ཀྱི་ཞབས་འདེགས་པ་བློ་གྲོས་ཕུན་ཚོགས་ལགས་ནས་ནང་བརྩེའི་བསྐུལ་མ་སྔ་ཕྱིར་ལན་གྲངས་གནང་བ་དོན་ཡོད་པར་བྱ་བའི་ཕྱིར། ཕུན་ཚོགས་རྣམ་རྒྱལ་ཏུ་འབོད་པས་མདོ་ཁམས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་རང་གནས་ཀྱི་ཁང་བུར་གུས་པ་ཆེན་པོས་སྦྱར་བ་སྟེ། དགེ་དེས་ཚེ་རབས་ཀུན་ཏུ་རྡོ་རྗེ་བཙུན་མོ་བདེ་ཆེན་རྒྱལ་མོའི་གསང་བ་གསུམ་གྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་གཅུང་དཀོན་མཆོག་རྒྱལ་མཚན་ནོ། །མངྒ་ལཾ།།

ces brjod rol mo 'khrol shing me tog gi char phab pas dus gsum kun tu dge legs kyi snang ba rgya cher spel bar bya'o/__/ces skor lnga'i las byang dang dbang chog bcas bsgrig par byos shig ces/__ris su ma chad pa'i bstan pa yongs kyi zhabs 'degs pa blo gros phun tshogs lags nas nang brtse'i bskul ma snga phyir lan grangs gnang ba don yod par bya ba'i phyir/__phun tshogs rnam rgyal tu 'bod pas mdo khams rdzong sar bkra shis lha rtse'i chos grwar rang gnas kyi khang bur gus pa chen pos sbyar ba ste/_dge des tshe rabs kun tu rdo rje btsun mo bde chen rgyal mo'i gsang ba gsum gyis rjes su 'dzin pa'i rgyur gyur cig__/yi ge pa ni gcung dkon mchog rgyal mtshan no/__/mang+ga laM//

[edit]
༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་རྡོ་རྗེ་ཕག་མོའི་ལས་བྱང་བདེ་སྟོང་བདུད་རྩིའི་དཔལ་སྦྱིན་ཞེས་བྱ་བ་བཞུགས་སོ།། ཡིད་འཕྲོག་བྱེ་རུའི་མདངས་འཛིན་གཅེར་མོའི་གཟུགས། །དྲན་པ་ཙམ་གྱིས་བདེ་ཆེན་སྦྱིན་པའི་མ། །འཁོར་ལོའི་དབང་ཕྱུག་ཕག་མོ་ལ་བཏུད་ནས། །དགའ་བ་གསུམ་གྱིས་སྒྲུབ་ཐབས་ཁྲིགས་སུ་བསྡེབས། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས་དང་པོ་སྦྱོར་བ་ལ་ཡོ་བྱད་ཀྱི་ཤོམ་ནི། མཚན་ཉིད་དང་ལྡན་པའི་སྒྲུབ་པ་པོས་གནས་དབེན་པར་སྟེགས་བུའི་སྟེང་དུ་དབང་དང་སྒྲུབ་པ་ལྟ་བུ་དང་འབྲེལ་ན་དཀྱིལ་འཁོར་གྱི་ཡོ་བྱད་བཤམ། དཀྱུས་ཙམ་ལ་མཁའ་འགྲོའི་གཏོར་མ་སྤྱི་འགྲོ་གཡས་གཡོན་དུ་སྨན་རཀ །ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་ཆད་བརྟེན། སྔོན་གཏོར་དཀར་བགེགས་བཅས་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གའི་སྦྱོར་བ་ལ་ཚིག་བདུན་དང་བརྒྱུད་འདེབས་སྔོན་འགྲོས་དང་པོ་སྐྱབས་སུ་འགྲོ་བ་ནི། ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མ་དཀོན་མཆོག་རྩ་གསུམ་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། ཧོ༔ མར་གྱུར་རིགས་དྲུག་སེམས་ཅན་ལ༔ བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ བྱང་ཆུབ་མཆོག་ལ་འགོད་པའི་སླད༔ ཟབ་མོའི་ལམ་ལ་འཇུག་པར་བགྱི༔ ལན་གསུམ། གསུམ་པ་ཚོགས་བསགས་ནི། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབ་ལ་རྗེས་ཡི་རངས༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་བདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་སོགས་དཀར་གཏོར་སྤྱི་འགྲོ་བཏང༌། བཞི་པ་བགེགས་བསྐྲད་ནི། བགེགས་གཏོར་ཆབ་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ༔ གིས་བསང༌། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་སོགས་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ་ གསང་སྔགས་སྒྲུབ་ལ་བར་གཅོད་པའི༔ བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདས་ནས་བརླག་པར་གདོན་མི་ཟ༔ དྲག་སྔགས་དང་ཐུན་གྱིས་གཟིར། ལྔ་པ་མཚམས་བཅད་ནི། ཧཱུྃ༔ སེམས་ཉིད་སྟོང་ཆེན་གདོད་མའི་མཁར༔ སེམས་བྱུང་རྡོ་རྗེ་སྲུང་བའི་གུར༔ ཡེ་ཤེས་མེ་འོད་རབ་འབར་བས༔ གཉིས་སྣང་བགེགས་ཚོགས་མཚམས་བཅད་དོ༔ ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་བྷཱུྃ༔ དྲུག་པ་བྱིན་འབེབས་ལ་སྤོས་རོལ་དབྱངས་བཅས། ཧཱུྃ༔ ངོ་བོ་ཆོས་སྐུའི་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ནས༔ གནས་གསུམ་དཔའ་བོ་རྣལ་འབྱོར་མས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལེགས་ཉེས་སྟངས་འཛིན་ཕོ་བྲང་ནས༔ ཆོས་སྲུང་དམ་ཅན་རྒྱ་མཚོ་ཡིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྒྲུབ་མཆོག་རྒྱུད་ལ་བདེ་ཆེན་སྤོར༔ སྒྲུབ་གནས་རྡོ་རྗེའི་ཞིང་དུ་སྒྱུར༔ སྒྲུབ་རྫས་ཡེ་ཤེས་རོལ་པའི་རྒྱན༔ འདོད་ཡོན་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུན་པ་གནས་ཡོ་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ གཟུང་འཛིན་ཆོས་ཀུན་རྣམ་དག་དབྱིངས༔ ཡེ་ཤེས་རོལ་པའི་ཞིང་ཁམས་ཆེར༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་སྤྲིན་ཕུང་མཁའ་ཁྱབ་གྱུར༔ བཛྲ་སྥ་ར་ཎ་ཁཾ༔ ཨོཾ་བཛྲ་ཨརྒྷྃ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨོཾ་ཨཱཿཧཱུྃ་ཧྲཱི་ཋཱ༔ ལན་གསུམ། གཉིས་པ་དངོས་གཞི་ལ་བརྒྱད་ལས་དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཨཱཿ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ གདོད་མའི་སྟོང་ཆེན་ཡོངས་གྲུབ་དབྱིངས༔ ཡེ་ཤེས་རིག་པ་རང་སྣང་བའི༔ ཕྱི་སྣོད་ཀློང་ལྔ་ཡུམ་གྱི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ རྡོ་རྗེའི་སྲུང་འཁོར་དུར་ཁྲོད་དང་༔ རྣམ་ཐར་ཆོས་འབྱུང་ཡངས་པའི་བཞིར༔ རང་བྱུང་སྤྲུལ་པའི་གཞལ་མེད་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ ཕྱི་གསལ་ནང་གསལ་འོད་ཀྱི་ཀློང་༔ སྙིང་པོའི་དཀྱིལ་འཁོར་པད་འདབ་བཞིའི༔ ལྟེ་བར་པད་ཉི་བམ་རོའི་སྟེང་༔ རང་སེམས་བཾ་ཡིག་དམར་པོ་ལས༔ རྒྱལ་ཡུམ་བཛྲ་ཝཱ་ར་ཧི༔ རབ་དམར་བསྐལ་པའི་མེ་འོད་འབར༔ ཁྲོ་འཛུམ་ཞལ་གཅིག་འཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་རྗེས་ཆགས་གཡོ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས༔ ལྷག་མ་སྐུ་རྒྱབ་སི་ལེར་གྲོལ༔ རྣ་ལྟག་གཡས་སུ་ཕག་ཞལ་ངུར༔ ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ གྲུ་མོ་གཡོན་ན་ཁ་ཊཱཾ་ག༔ ཧེ་རུ་ཀ་དཔལ་ངོ་བོར་རྫོགས༔ རུས་པའི་ཕྱག་རྒྱ་རྣམ་ལྔ་དང་༔ ཐོད་སྐམ་དབུ་རྒྱན་དོ་ཤལ་འཕྱང་༔ དར་དང་མེ་ཏོག་ཕྲེང་བས་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ འཁོར་ལོའི་དབང་ཕྱུག་ཆེན་མོར་བཞེངས༔ མདུན་སོགས་ཕྱོགས་བཞིར་གཡས་བསྐོར་དུ༔ རྡོ་རྗེ་མཁའ་འགྲོ་ཌཱ་ཀི་སྔོ༔ རིན་ཆེན་མཁའ་འགྲོ་གཟུགས་ཅན་སེར༔ པདྨ་མཁའ་འགྲོ་དུམ་སྐྱེས་དམར༔ ལས་ཀྱི་མཁའ་འགྲོ་ལ་མཱ་ལྗང་༔ དེ་ཕྱིར་མཐིང་དམར་དཀར་བ་ཡི༔ ཐུགས་གསུང་སྐུ་ཡི་འཁོར་ལོ་ལ༔ ཡུལ་ཆེན་ཉེར་བཞིའི་རྣལ་འབྱོར་མ༔ མཐིང་དམར་དཀར་བ་བརྒྱད་ཚན་གསུམ༔ སྒོ་བཞིར་སྒོ་སྐྱོང་གདོང་ཅན་བཞི༔ མཐིང་སེར་དམར་དང་ལྗང་བའི་མདོག༔ གྲུ་ཆད་མཚམས་མ་ཕྱེད་གཟུགས་ཅན༔ སྟག་གི་པགས་པའི་ཤམ་ཐབས་གྲོལ༔ དྲག་མོ་ཁྲོས་པའི་ཚུལ་དུ་བཞེངས༔ ཀུན་ཀྱང་གྲི་གུག་ཐོད་ཁྲག་བསྣམས༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ པད་ཉི་བམ་རོའི་གདན་ལ་རོལ༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ ཏིལ་གྱི་གོང་བུ་ཁ་ཕྱེ་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཡི་གེ་གསུམ་གྱི་ཕྱག་རྒྱས་གདབ༔ ནམ་མཁའ་གང་བའི་དབང་གི་ལྷས༔ བདེ་ཆེན་བདུད་རྩིའི་ཆར་འབེབས་པས༔ ཕུང་པོ་གནས་གྱུར་ཉོན་མོངས་དག༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་བདག༔ ཐོད་ཕྲེང་རིགས་ལྔའི་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཨོཾ་ཧཱུྃ་ ཏྲཱྃ་ཧྲཱིཿཨཿཨ་བྷི་ཥིཉྩཱ་མི་སུ་ར་ཏ་སྟྭྃ་ཨ་ཧཾཿ གཉིས་པ་སྤྱན་འདྲེན་ནི། ཧཱུྃ་ བདེ་ཆེན་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གསུམ་པ་བརྡ་ཕྱག་ནི། ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཟུང་འཇུག་དགྱེས་པ་ཆེན་པོར་བཞུགས༔ གཉིས་མེད་གུས་པའི་བརྡ་ཡི་ཕྱག༔ རང་གྲོལ་ཆོས་སྐུའི་ཀློང་དུ་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་ཕྱི་ནང་གསང་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་ཤར༔ བདེ་ཆེན་དབང་པོའི་དམ་ཚིག་གིས༔ དགྱེས་བཞེས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་མཎྜ་ལ་ས་པ་རི་བཱའ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་དྷཱ་ཏུ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ རྒྱལ་ཀུན་སྐྱཻད་དང་རོལ་པའི་ཡུམ༔ གནས་གསུམ་མཁའ་འགྲོའི་སྤྲིན་ཕུང་འཕྲོ༔ དཀྱིལ་འཁོར་དབང་ཕྱུག་མ་ལ་བསྟོད༔ རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན༔ བསམ་གྱིས་མི་ཁྱབ་རྨད་པོ་ཆེས༔ མཁའ་ཁྱབ་འགྲོ་བ་འདུལ་མཛད་པའི༔ ཕྲིན་ལས་ལྷུན་གྱིས་གྲུབ་ལ་བསྟོད༔ ཡེ་ཤེས་རིག་རྩལ་དྷཱ་ཀི་ནཱི༔ འཁོར་ལོ་གསུམ་གྱི་རྣལ་འབྱོར་མ༔ སྒོ་མཚམས་སྐྱོང་བའི་ཕོ་ཉ་མོ༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད༔ དེ་ལྟར་མཆོད་ཅིང་བསྟོད་པའི་མཐུས༔ བདག་ཅག་དམ་ཚིག་ཉམས་ཆགས་བྱང་༔ དངོས་གྲུབ་མཆོག་གི་སྣོད་དུ་གྱུར༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ བདུན་པ་བཟླས་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་བསྙེན་པ་ནི། བདག་ཉིད་རྡོ་རྗེ་རྣལ་འབྱོར་མའི༔ ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ དེ་ཡི་ཐུགས་དབུས་ཉི་ཟླའི་སྦུབས༔ བྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ དཀྱིལ་འཁོར་པ་རྣམས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ སྒྲུབ་པ་པོ་ལ་ཉེ་བར་དགོངས༔ རྩ་ཁམས་རླུང་ལ་བྱིན་བརླབས་བསམ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ༔ ཅེས་འབུམ་ཕྲག་བདུན་དང༌། གཉིས་པ་སྒྲུབ་པ་ནི། ཐུགས་སྲོག་སྒྲུབ་པའི་སྔགས་ཕྲེང་གིས༔ རང་སྒྲ་སྒྲོགས་བཞིན་བསྐོར་བ་ལས༔ བདེ་ཆེན་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་མཆོག་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ ཞིང་དང་ཡེ་ཤེས་སྐུ་རུ་བསྒྱུར༔ ཕོ་ཉ་གསུམ་གྱི་བྱིན་ནུས་ཀུན༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནཱི་ཡེ༔ བཛྲ་ཝརྞྞ་ནཱི་ཡཻ༔ བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ བྃ་ཧ་རི་ནི་ས་བཛྲ་ཡོ་གི་ནཱི་སརྦ་སིདྷི་ཕ་ལ་ཧཱུྃ༔ ཅེས་འབུམ་ཕྲག་བཞི་དང༌། གསུམ་པ་ལས་སྦྱོར་ནི། སླར་ཡང་ཐུགས་སྲོག་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཤངས་བུག་ནས་ཞུགས་སྐུ་དབྱིངས་ཁྱབ༔ བདེ་སྟོང་ཡེ་ཤེས་མཆོག་ཏུ་འབར༔ སྙོམས་ཞུགས་བདེ་བའི་བྱང་ཆུབ་སེམས༔ ཤངས་བུག་ནས་ཐོན་རང་ཉིད་ཀྱི༔ ཐུགས་ཀའི་བྃ་ལ་དབྱེར་མེད་ཐིམ༔ ཟག་མེད་བདེ་བ་ཆེན་པོ་བསྐྱེད༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ དོན་གྱི་ལྷན་སྐྱེས་མངོན་གྱུར་བསམ༔ སྒྲུབ་སྔགས་ཀྱི་ཤམ་བུར། མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་སྦྱར་བ་ཅི་རིགས་བཟླ་བ་ནི་མཆོག་གི་ལས་སྦྱོར་ཡེ་ཤེས་འབེབས་པའི་རིག་པའོ། །ཐུན་མོང་གི་ལས་སྦྱོར་ལས་བཞི་སོ་སོའི་སྔགས་ཀྱང་རྩ་སྔགས་ཀྱི་ཤམ་བུར། ཨོཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྟིཾ་ཀུ་རུ་ཨོཾཿ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོཿ ཧཱུྃ་མཱ་ར་ཡ་ཕཊ༔ ཅེས་དམིགས་པའི་མདེ་ཁ་སྤྱི་ལྟར་སྦྱར་བ་ཅི་རིགས་བཟླ། དེ་ལྟར་བདུན་ཕྲག་བརྩོན་པ་ཡིས༔ མཆོག་ཐུན་དངོས་གྲུབ་མྱུར་འགྲུབ་བྱེད༔ ཐུན་བསྡུ་བ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་དང་བཅས་པས་སྔགས་ཀྱི་ལྷག་ཆད་བསྐང༌། སྟོང་ཚིག་དང་སྲུང་མའི་གཏོར་འབུལ་གྲུབ་ནས། བཤགས་སྐོང་གི་མར་མེ་སྤར་ལ་གནས་ཡོ་བྱིན་གྱིས་བརླབས་པ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས༔ གནས་ཡུལ་གསང་བ་མཆོག་གི་ཞིང་༔ མཆོད་གཏོར་ཡེ་ཤེས་རོལ་པའི་རྒྱན༔ ནམ་མཁའ་མཛོད་ཀྱི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ་ལ། བཤགས་སྐོང་གི་ཡུལ་སྤྱན་དྲངས་པ་ནི། རང་གི་ཐུགས་སྲོག་ས་བོན་ལས༔ འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཨོཾ་ཨཱཿཧཱུྃ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཨེ་ཧྱེ་ཧི༔ བཛྲ་ས་མ་ཡ་ཛ༔ དངོས་གཞི་ལ་བཤགས་སྐོང་གཉིས་ལས་དང་པོ་ལ་གསུམ་ལས་དང་པོ་ལུས་ཀྱི་ཉམས་ཆགས་བསྐང་བ་ནི་བརྐྱང་ཕྱག་འཚལ་ཏེ། ཧོ༔ དགོངས་ཀློང་དབྱེར་མེད་བརྡ་ཡིས་མཚོན༔ སྙན་རྒྱུད་བདུད་རྩིས་སྐལ་ལྡན་སྐྱོང་༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་ཆེ༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབས༔ ཡི་དམ་ཞི་ཁྲོ་ལ་ཕྱག་འཚལ༔ ལྷན་སྐྱེས་ངང་ལས་མ་གཡོས་བཞིན༔ ཞིང་སྔགས་ཌཱ་ཀའི་སྤྲིན་ཕུང་འཕྲོ༔ མཆོག་ཐུན་ཕྲིན་ལས་གློག་ལྟར་འཁྱུགས༔ གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ༔ རིག་འཛིན་བླ་མའི་བཀའ་བཞིན་དུ༔ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང་༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་གཏེར་བདག་ལ་ཕྱག་འཚལ༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་དད་ཕྱག་འཚལ༔ ཉམས་ཆགས་སྡིག་སྒྲིབ་ཞི་བ་དང་༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མྱེ་ན་བེནྡ་ནཾ་ཀ་རོ་མི༔ གཉིས་པ་ངག་གི་ཉམས་ཆགས་སྐོང་བ་ནི་རྡོ་རྗེ་སེམས་པའི་བསྒོམ་བཟླས་བྱ་སྟེ། ཨཱཿ བདག་གི་སྤྱི་བོར་པད་ཟླའི་སྟེང་༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་དང་༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ སྦྱོར་མཚམས་ནས་བྱུང་ཚངས་བུག་ཞུགས༔ ལུས་གང་སྡིག་སྒྲིབ་ཉེས་ལྟུང་རྒྱུ༔ འབྲས་བུ་ནད་གདོན་སྡུག་བསྔལ་ཀུན༔ དག་ཅིང་དྲི་མ་མེད་པར་བསམ༔ སྟོབས་བཞིའི་གནད་དང་ལྡན་པས་ཡིག་བརྒྱ་མང་དུ་བཟླས་མཐར། ཨོཾ་ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆགས་སྡིག་ལྟུང་སྦྱང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང་༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང་༔ བཅས་པའི་བསླབ་ལས་འགལ་བ་ཀུན༔ དག་ཅིང་ཚངས་པར་སྩལ་དུ་གསོལ༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང་༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ སྙིང་ནས་གདུང་བས་གསོལ་བཏབ་པས༔ བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ སྡིག་ལྟུང་དག་པའི་གནང་བ་སྩལ༔ དགྱེས་པས་འོད་ཞུ་རང་ལ་ཐིམ༔ གསུམ་པ་ཡིད་ཀྱི་ཉམས་ཆགས་བསྐང་བ་ནི། རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་བསྲུང་ཐིག་ལེ་ཉག་གཅིག་ངང་༔ སྤང་བླང་ལས་འདས་ཕྱལ་བ་ཆེ༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ ཉམས་ཆགས་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པོའོ༔ ཨ་ཨ་ཨཿ ཞེས་གཉུག་མ་ཁྱབ་གདལ་གྱི་ངང་དུ་རིག་པ་སྤྲོ་བསྡུ་བྲལ་བར་ཅི་གནས་སུ་བཞག །གཉིས་པ་སྐོང་བའི་ཆོ་ག་ལ་གསུམ་ལས་དང་པོ་ཐུན་མོང་ཉེར་སྤྱོད་རྫས་ཀྱིས་བསྐང་བ་ནི། ཨོཾ་ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ རབ་འབྱམས་ཞིང་གི་མཆོད་པའི་སྤྲིན༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་དེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ གཉིས་པ་ཁྱད་པར་སྨན་རཀ་གཏོར་མས་བསྐང་བ་ནི། ཨོཾ་ རྩ་གསུམ་འཁོར་ལོའི་བྷནྡྷ་རུ༔ ཡེ་ཤེས་བྱང་སེམས་བདུད་རྩི་བསྐྱིལ༔ བདེ་བ་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཉམས་ཆགས་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི༔ ཨཱཿ འཁོར་ལོ་ལྔ་ཡི་བྷཉྫ་རུ༔ གཉིས་སྣང་བསྒྲལ་བའི་རཀྟས་བསྐང་༔ གཟི་བརྗིད་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཉམས་ཆགས་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་གཏོར་གཞོང་དུ༔ བདེ་ཆེན་ལོངས་སྤྱོད་གཏོར་མ་བཤམས༔ འདོད་ཡོན་རྒྱན་གྱི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཉམས་ཆགས་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧཱི༔ གསུམ་པ་མཆོག་ཏུ་སྣང་གསལ་མར་མེས་བསྐོང་བ་ནི། ཧོ༔ སྒྲོན་མ་རྣམ་བཞིའི་ཀོང་བུ་རུ༔ སྣང་བ་བཞི་ཡིས་མར་མེ་སྦར༔ འོད་གསལ་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཉམས་ཆགས་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་དཱི་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཅེས་པས་བཤགས་སྐོང་གྲུབ། གསུམ་པ་རྗེས་ཀྱི་བྱ་བ་ལ་དགུ་ལས། དང་པོ་ཚོགས་ཀྱི་མཆོད་པ་ལ་བ་ལ་དང་མ་ད་ན་སོགས་ཐབས་ཤེས་ཀྱི་རྫས་ཅི་འབྱོར་པ་མཛེས་པར་བཤམས་ཏེ་ཆོ་ག་དངོས་ལ་དྲུག་ལས་དང་པོ་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ ཆོས་དབྱིངས་ཁྱབ་གདལ་ཀ་པཱ་ལར༔ རིག་པ་ཡེ་ཤེས་ཚོགས་གཏོར་བཤམས༔ ཟག་མེད་བདུད་རྩིའི་བཅུད་དུ་འཁྱིལ༔ འདོད་ཡོན་རྒྱ་མཚོའི་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གཉིས་པ་ཕྱི་ཡི་ཚོགས་མཆོད་འབུལ་བ་ནི། ཧཱུྃ༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ རིགས་བརྒྱའི་ཁྱབ་བདག་བླ་མ་ལ༔ བདེ་གཤེགས་རིག་འཛིན་འཁོར་གྱིས་བསྐོར༔ འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབ༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ ཚེ་རབས་འཁོར་བའི་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་བསྐང་ཞིང་བཤགས༔ གཟུང་འཛིན་དགྲ་བགེགས་བསྒྲལ་བའི་ཚོགས༔ ཡེ་ཤེས་ཆེན་པོའི་ཞལ་དུ་བསྟབ༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ འོག་མིན་གསང་ཆེན་ཕོ་བྲང་ནས༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ༔ བཀའ་ཉན་ཕོ་ཉའི་འཁོར་གྱིས་བསྐོར༔ འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབ༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ ཚེ་རབས་འཁོར་བའི་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་བསྐང་ཞིང་བཤགས༔ གཟུང་འཛིན་དགྲ་བགེགས་བསྒྲལ་བའི་ཚོགས༔ ཡེ་ཤེས་ཆེན་པོའི་ཞལ་དུ་བསྟབ༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་མཎྜ་ལ་དེ་བ་ག་ཎ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ གསང་བ་མཆོག་གི་དགྱེས་པ་ན༔ དབྱིངས་ཡུམ་རྡོ་རྗེ་ཕག་མོ་ལ༔ གནས་གསུམ་མཁའ་འགྲོའི་འཁོར་གྱིས་བསྐོར༔ འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབ༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ ཚེ་རབས་འཁོར་བའི་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་བསྐང་ཞིང་བཤགས༔ གཟུང་འཛིན་དགྲ་བགེགས་བསྒྲལ་བའི་ཚོགས༔ ཡེ་ཤེས་ཆེན་པོའི་ཞལ་དུ་བསྟབ༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བཱ་རཱ་ཧཱི་མཎྜ་ལ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསུམ་པ་ནང་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་ཚོགས་རྣམས་མཆོད་པའི་ཕྱིར་ཚོགས་ལ་རོལ་བ་ནི། ཧོ༔ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་གྲོང་༔ རྩ་རླུང་ཐིག་ལེའི་གཟི་འོད་འབར༔ ཡེ་ཤེས་ཆེན་པོའི་ལྷ་ཚོགས་རྣམས༔ ཁ་སྦྱོར་བདེ་བའི་རོལ་པ་ཆེ༔ རྡོ་རྗེའི་དམ་ཚིག་བླ་མེད་པ༔ ཚོགས་ཀྱི་མཆོད་པ་དགྱེས་པར་བཞེས༔ རྨད་བྱུང་བསོད་ནམས་ཚོགས་རྫོགས་ཤིང་༔ བདེ་ཆེན་ཡེ་ཤེས་རྒྱས་གྱུར་ཅིག༔ ཨ་ཧོ་མ་ཧཱ་སུ་ཁ་ག་ཎ་ཙཀྲ་ཨ་ལ་ལ་ཧོ༔ ཞེས་ཐབས་ཤེས་ཀྱི་རྫས་ལ་ཚིམ་པར་རོལ། བཞི་པ་གསང་བ་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱར་སྙོམས་པར་ཞུགས་པའི་ཚོགས་ལ་སྤྱོད་པ་ནི། ཧོ༔ ཨེ་ཡི་ཆ་བྱད་བཟང་པོ་ཡི༔ དབུས་སུ་ཝྃ་གི་རྣམ་པས་བརྒྱན༔ སངས་རྒྱས་རིན་ཆེན་ཟ་མ་ཏོག༔ འདུ་ཤེས་གསུམ་གྱིས་མཉམ་སྦྱར་བས༔ དགའ་བ་བཞི་ཡི་ཡེ་ཤེས་བསྐྱེད༔ སྟོང་པ་བཞི་ཡི་ཉམས་མྱོང་དྲངས༔ བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས༔ མཆོག་ཏུ་མི་འགྱུར་འོད་གསལ་བའོ༔ ཨ་ཨ་ཨ༔ ལྔ་པ་ལྷག་མ་བསྔོ་བ་ནི། ལྷག་མ་རྣམས་བསོག་འཇོག་མེད་པར་བསྡུས་ལ་བདུད་རྩིའི་བྲན། པཉྩ་ཨ་མྲྀ་ཏ་ག་ཎ་པུ་ཛ་ཧཱུྃ་ཧ་ཧོ་ཧྲཱིཿ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི༔ ལྷག་ལ་དབང་བའི་བཀའ་ཉན་མ༔ མཁའ་འགྲོ་གིང་ལང་དབང་ཕྱུག་དང་༔ འབར་མ་སྦོར་མ་ཕོ་ཉའི་ཚོགས༔ དཔལ་གྱི་ཕམ་ཕབས་དགྱེས་པར་བཞེས༔ འཁོར་སྲུང་རྐྱེན་དང་སུན་མ་ཟློག༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནི་ཨུཙྪིཥྟཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་རྔམས་སྟབས་ཀྱིས་ཁྱེར་ལ་སྲིན་མོའི་ཟ་ལམ་མཚམས་སུ་སྤུངས། དྲུག་པ་སྨོན་ལམ་གདབ་པ་ནི། ཧོ༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱིས༔ དམ་ཚིག་ཆེན་པོའི་མཆོད་པ་ཕུལ་བའི་མཐུས༔ ཉམས་ཆགས་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔ བླ་མ་ཡི་དམ་མཁའ་འགྲོས་རྗེས་བཟུང་ནས༔ རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུའི་མཆོག༔ དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ཚེ༔ ཡེ་ཤེས་སྒྲོན་མའི་སྣང་བས་ཤུལ་མཚོན་ཏེ༔ འོག་མིན་བདེ་ཆེན་ཞིང་དུ་དབུགས་ཕྱུང་ནས༔ ཕྱམས་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ སྲིད་ཞིར་མི་གནས་ཡེ་ཤེས་སྐུ་བརྙེས་པའི༔ ལོངས་སྤྱོད་རྫོགས་དང་སྤྲུལ་པའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་རྩལ་ཤུགས་ཕྱུང་༔ ལས་ཉོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་ཚོགས༔ མཐུ་རྩལ་མེ་ཡིས་བསྲེགས་ཤིང་སྦྱང་དུ་གསོལ༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོའི་ཕུལ༔ ཡེ་ཤེས་ཆུ་ཡི་བསྐྱེད་ཅིང་འཕེལ་བར་མཛོད༔ གསང་བའི་དགྲ་སོད་འཇིགས་པའི་བདུད་བཞི་ཐུལ༔ བར་ཆད་འཕྲང་གསུམ་དབྱིངས་ཀྱི་ཐིག་ལེར་སྟིམས༔ བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེ༔ རང་བྱུང་འོད་གསལ་རྟོགས་པའི་ཕྲིན་ལས་མཛོད༔ གསུམ་པ་ཆད་མདོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ གདོད་མའི་མགོན་པོ་བདེ་གཤེགས་སྲས་བཅས་ཀྱིས༔ བྱིན་གྱིས་བརླབས་པའི་ཡེ་ཤེས་ཆོས་སྲུང་རྣམས༔ མཆོད་གཏོར་འདི་བཞེས་གཟུང་འཛིན་དབྱིངས་སུ་སྒྲོལ༔ བར་དུ་ལྷ་གནས་གསུམ་དང་ཛཾ་གླིང་དུ༔ བརྡ་བརྒྱུད་རིག་འཛིན་གྲུབ་པ་ཆེ་རྣམས་ཀྱིས༔ དམ་ལ་བཞག་པའི་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མཆོད་གཏོར་འདི་བཞེས་ཚེ་དཔལ་ཉམས་རྟོགས་སྤེལ༔ ཐ་མ་འཕགས་བོད་རྡོ་རྗེའི་གནས་རྣམས་སུ༔ སྙན་བརྒྱུད་ཚུལ་བཞིན་འཛིན་པའི་རྣལ་འབྱོར་གྱིས༔ ཐུགས་དམ་བསྐུལ་བའི་ལས་བྱེད་དྲེགས་པའི་སྡེ༔ མཆོད་གཏོར་འདི་བཞེས་སྣང་སེམས་དབང་དུ་སྡུས༔ ད་ལྟར་བསྙེན་ཅིང་སྒྲུབ་པའི་ཚོགས་ཁང་འདིར༔ བདེ་གཤེགས་གདུང་འཛིན་རྣལ་འབྱོར་བདག་ཅག་ལ༔ འགོ་ཞིང་སྐྱོང་བའི་དམ་ཅན་ཚོགས་རྣམས་ཀུན༔ མཆོད་གཏོར་འདི་བཞེས་རྣམ་བཞིའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ་ཀིཾ་ཀ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཞི་པ་བརྟན་མ་བསྐྱང་བ་ནི། ཧཱུྃ་བྷྱོ༔ དུས་སྦྱོར་བཅུ་གཉིས་གནས་སུ་དག་པ་ལ༔ བདེན་དོན་བཅུ་གཉིས་རྡོ་རྗེའི་ཌཱ་ཀི་ནི༔ བརྟན་མ་བཅུ་གཉིས་སྐྱོང་མ་ཡ་མའི་ཚོགས༔ དཀྱིལ་འཁོར་ཕམ་ཕབས་དམ་ཚིག་མགྲོན་དུ་གཤེགས༔ སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་དང་༔ དཔལ་གྱི་སེང་གེའི་སྤྱན་སྔར་ཞལ་བཞེས་ལྟར༔ གཏོར་མའི་བཤལ་ཆུ་བདུད་རྩི་འདི་གསོལ་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས༔ གངས་ཅན་ཕྱོགས་བཞིའི་མཚམས་ཀྱི་སོ་ཁ་སྲུངས༔ མཐའ་དབུས་འགྲོ་ཀུན་བདེ་ཞིང་སྐྱིད་པ་དང་༔ ཐུབ་བསྟན་བཤད་སྒྲུབ་འཕེལ་བའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་རྟ་བྲོ་ནི། ཧཱུྃ༔ སྒྲུབ་ལ་འཚེ་བའི་དམ་སྲི་སྒབ་འདྲེའི་ཚོགས༔ ཨེ་དབྱིངས་བཀུག་གཟིར་ལྷུན་པོའི་ཕྱག་རྒྱས་གདབ༔ སྲིད་པ་སྤྱི་གནོན་རྡོ་རྗེའི་རྟ་བྲོ་ཡིས༔ བྱང་ཆུབ་བར་དུ་མི་ལྡང་མནན་པར་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧི་ཧི་ཧི་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སྟྭྃ་བྷ་ཡ་ཨེ་ལཾ་ནན༔ དྲུག་པ་བཏང་རག་འབུལ་ཞིང་དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ལ། ཧོ༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དང་པོར་བསྙེན་ཅིང་བར་དུ་བསྒྲུབས༔ ཐ་མ་ལས་ཀྱི་དངོས་གྲུབ་ཆེའི༔ ཕྲིན་ལས་གསོལ་བའི་དུས་ལགས་ན༔ རྟག་རྒྱུན་ཤུགས་ཀྱི་ཐུགས་རྗེ་ལ༔ བསྐུལ་ཞིང་གསོལ་འདེབས་མི་འཚལ་ཡང་༔ གདུལ་བྱའི་ཡུལ་ལ་འཇུག་པའི་ཕྱིར༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ མ་གཡེལ་དགོངས་པའི་རྩལ་སྐྱེད་ལ༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ མཆོག་ཏུ་མི་འགྱུར་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ བདུན་པ་ནོངས་བཤགས་ནི། ཧོ༔ དོན་དམ་དབྱིངས་ལ་བཤགས་བྱ་མ་དམིགས་ཀྱང་༔ ཀུན་རྫོབ་བསྙེན་སྒྲུབ་ཕྲིན་ལས་བརྩམས་པ་ལ༔ ལྷག་ཆད་འགལ་ཞིང་འཁྲུལ་སོགས་ནོངས་པའི་ཚོགས༔ སྙིང་ནས་མཐོལ་བཤགས་ཚངས་པར་སྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བརྗོད། བརྒྱད་པ་ཉེར་བསྡུ་ནི། ཨ༔ འགག་མེད་རིག་རྩལ་རོལ་པའི་དཀྱིལ་འཁོར་པ༔ རིམ་གྱིས་བདག་ཐིམ་འོད་གསལ་སྟོང་ཉིད་དབྱིངས༔ སྐྱེ་མེད་སྤྲོས་བྲལ་མ་བཅོས་གཉུག་མའི་ངང་༔ སྤང་བླང་སྤྲོ་བསྡུ་བྲལ་བའི་ངང་དུ་བཞག༔ ཨ་ཨ་ཨ༔ དགུ་པ་རྗེས་སྤྱོད་ལྷར་ལྡང་བ་ནི། ཨོཾ་ཨཱཿཧཱུྃ༔ སླར་ཡང་ཆུ་ལས་རླབས་ཀྱི་ཕྲེང་བ་ལྟར༔ དབྱིངས་རིག་རང་ཤར་ཕྱག་རྒྱ་གཅིག་པའི་སྐུ༔ སྒོ་གསུམ་སྐུ་གསུང་ཐུགས་ཀྱི་སྲོག་ལྡན་པས༔ ལྷ་སྔགས་ཆོས་སྐུའི་སྤྱོད་ཡུལ་མཆོག་ལ་འཇུག༔ བཛྲ་མ་ཧཱ་མུ་དྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཧཾ༔ བཅུ་པ་སྨོན་ལམ་གདབ་པ་ནི། ཧོ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ དུས་གསུམ་བསགས་པའི་དགེ་ཚོགས་ཅི་མཆིས་པ༔ མཁའ་ཁྱབ་འགྲོ་བའི་དོན་དུ་བསྔོས་པའི་མཐུས༔ བདག་གཞན་མི་གནས་ཡེ་ཤེས་མྱུར་ཐོབ་ཤོག༔ བཅུ་གཅིག་པ་ཤིས་བརྗོད་ནི། ཨོཾ༔ སྤང་རྟོགས་ཕྲིན་ལས་མཐར་ཕྱིན་རྫོགས་སངས་རྒྱས༔ ཞི་བསིལ་བདུད་རྩིའི་ཆར་འབེབས་དམ་པའི་ཆོས༔ རིག་གྲོལ་ཡོན་ཏན་རྨད་བྱུང་དགེ་འདུན་སྡེས༔ འཇིག་རྟེན་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག༔ རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་དང་༔ སྒྱུ་འཕྲུལ་དྲྭ་བའི་སྐུར་སྣང་ཡི་དམ་ལྷ༔ རྣལ་འབྱོར་གྲོགས་མཛད་གནས་གསུམ་མཁའ་འགྲོ་ཡིས༔ དངོས་གྲུབ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ ཤིན་ཏུ་ཞི་བ་ཆོས་སྐུའི་དབྱིངས་ཉིད་ལས༔ རིག་པ་རང་ཤར་བདེ་ཆེན་ལོངས་སྤྱོད་རྫོགས༔ གང་འདུལ་འགྲོ་བའི་དོན་མཛད་སྤྲུལ་པའི་སྐུར༔ དབྱེར་མེད་མངོན་པར་བྱང་ཆུབ་བཀྲ་ཤིས་ཤོག༔ ཅེས་བརྗོད་རོལ་མོ་འཁྲོལ་ཤིང་མེ་ཏོག་གི་ཆར་ཕབ་པས་དུས་གསུམ་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་རྒྱ་ཆེར་སྤེལ་བར་བྱའོ། །ཅེས་སྐོར་ལྔའི་ལས་བྱང་དང་དབང་ཆོག་བཅས་བསྒྲིག་པར་བྱོས་ཤིག་ཅེས། རིས་སུ་མ་ཆད་པའི་བསྟན་པ་ཡོངས་ཀྱི་ཞབས་འདེགས་པ་བློ་གྲོས་ཕུན་ཚོགས་ལགས་ནས་ནང་བརྩེའི་བསྐུལ་མ་སྔ་ཕྱིར་ལན་གྲངས་གནང་བ་དོན་ཡོད་པར་བྱ་བའི་ཕྱིར། ཕུན་ཚོགས་རྣམ་རྒྱལ་ཏུ་འབོད་པས་མདོ་ཁམས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་རང་གནས་ཀྱི་ཁང་བུར་གུས་པ་ཆེན་པོས་སྦྱར་བ་སྟེ། དགེ་དེས་ཚེ་རབས་ཀུན་ཏུ་རྡོ་རྗེ་བཙུན་མོ་བདེ་ཆེན་རྒྱལ་མོའི་གསང་བ་གསུམ་གྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་གཅུང་དཀོན་མཆོག་རྒྱལ་མཚན་ནོ། །མངྒ་ལཾ།། །།

Footnotes

Other Information