འཕགས་མའི་སྙིང་ཏིག་གི་གཏོར་མའི་པྲ་ཁྲིད་འཆི་མེད་འདོད་པ་འཇོ་བའི་དགའ་སྟོན།

From Khyentse Lineage - A Tsadra Foundation Project
JKW-KABAB-13-PA-034
Wylie title 'phags ma'i snying tig gi gtor ma'i pra khrid 'chi med 'dod pa 'jo ba'i dga' ston JKW-KABAB-13-PA-034.pdf
Location mkhyen brtse'i bka' babs
Volume 13, Text 34, Pages 405-420 (Folios 1a to 8b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. 'phags ma'i snying tig gi gtor ma'i pra khrid 'chi med 'dod pa 'jo ba'i dga' ston. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 13: 405-420. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Torma-offering Rituals - gtor chog
Cycle འཆི་མེད་འཕགས་མའི་སྙིང་ཐིག་ ('chi med 'phags ma'i snying thig)
Deity sgrol ma yid bzhin 'khor lo
Karchag page JKW-KABAB-Volume-13-PA-Karchag
Notes This text includes material from Chogling's Yongs rdzogs 'chi med snying thig, which is part of the Tshe sgrub rdo rje'i phreng ba cycle.
[edit]
༄༅། །ཡོངས་རྫོགས་འཆི་མེད་སྙིང་ཐིག་དང༌། འཕགས་མའི་སྙིང་ཏིག་གི་གཏོར་མའི་པྲ་ཁྲིད་འཆི་མེད་འདོད་པ་འཇོ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།ཨ་མྲྀ་ཏཾ་ཛྙཱ་ན་སྭ་ཡཾ་བྷཱུ་གུ་རུ་ནིརྨ་ཀཱ་ཨཱ་ཡུ་ཏིཥྛནྟུ། རྒྱལ་ཀུན་གསུང་གི་རྡོ་རྗེ་ཚེ་དཔག་མེད། །བདེ་ཆེན་ཡེ་ཤེས་ཚེ་སྦྱིན་འཕགས་མ་ཡུམ། །གཙུག་ཏོར་ལས་སྐྱེས་བདུད་བཞིའི་གཡུལ་ལས་རྒྱལ། །རྣམ་གསུམ་ཚེ་ཡི་ལྷ་དེར་གུས་ཕྱག་འཚལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྒྲུབ་པའི་རྟེན། །རྟེན་མཆོག་འཆི་མེད་སྙིང་པོ་འཁྱིལ་བའི་དཔལ། །དཔལ་ལྡན་བླ་མའི་ཞལ་ལུང་བདུད་རྩི་མཆོག །མཆོག་ཏུ་དངས་ཤིང་དད་པས་འདི་ན་སྤེལ། ཇི་སྐད་དུ། ཨོ་རྒྱན་ཚེ་དཔག་མེད་པའི་ཞལ་ནས། ལས་རྣམས་ཀུན་གྱི་ཐོག་མ་ནི༔ འཆི་མེད་ཚེ་ཡི་སྒྲུབ་པ་བྱ༔ ཞེས་གསུངས་པ་ལྟར། མཐོ་རིས་ཡོན་ཏན་བདུན་གྱི་ཕྱི་མོ། ཆོས་སྒྲུབ་པའི་རྟེན་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་སྣོད་དུ་གྱུར་པ། རྡོ་རྗེའི་ལུས་ཡུན་རིང་དུ་འཚོ་བའི་ཐབས་ལྷུར་ལེན་དགོས་པས་ན། རྡོ་རྗེའི་སྔགས་རྒྱུད་རྣམས་ནས་ཚེ་སྒྲུབ་པའི་ཐབས་ཚུལ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གཙོ་བོར་གྱུར་པའི་འཆི་མེད་ཚེ་ལྷ་རིགས་གསུམ་གཅིག་ཏུ་བསྡུས་ཏེ་སྒྲུབ་པའི་ཆོ་ག་རྒྱ་ཆེ་བ་ས་ཡི་གཏེར་དང༌། ཟབ་མོ་དགོངས་པའི་གཏེར་ཟུང་དུ་འབྲེལ་བ་ཉིད་ཀྱི་སྒྲུབ་རྟེན་གཏོར་མའི་དེ་ཉིད་མདོ་ཙམ་འཆད་པ་ལ་གཉིས། རྣམ་བཞག་སྤྱིར་བསྟན་པ། ལག་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་མཚན་ཉིད་དང༌། དབྱེ་བའོ། དང་པོ་ནི། ཀུན་རྫོབ་བརྡའི་དབང་དུ་བྱས་ན། སྔགས་ཀྱི་ཀུན་སྤྱོད་ཁྱད་པར་དང་འབྲེལ་བ་གང་ཞིག །དམ་ཚིག་གི་རྫས་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་བྱེ་བྲག་གོ །དོན་དམ་རང་བཞིན་ཡོངས་ཤེས་དབང་དུ་བྱས་ན། གཞི་ལམ་འབྲས་གསུམ་གྱི་ཁྱད་པར་ཅན་མཚོན་པར་བྱེད་པ་ཉིད་དེ། །གཉིས་པ་ལ། ཐུན་མོང་གི་དབང་དུ་བྱས་ན་བ་ལ་སྟོབས་བསྐྱེད་པ་ལའོ་ཞེས་པའི་བྱིངས་དོན་ལ་དྲངས་ཏེ། སྔགས་ཀྱི་དམ་ཚིག་ཁྱད་པར་ཅན་གྱི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པར་བྱེད་པའམ། ཁྱད་པར་གྱི་དབང་དུ་བྱས་ན། རྒྱུད་ལས། བྷ་ནི་ཡིག་འབྲུ་བྷ་ག་སྟེ། ལི་ནི་ཡིག་འབྲུ་ལིངྒ་མཚོན་པས་ཐབས་དང༌། ཞེས་པ་ལྟར་གཏོར་མའི་སྐད་དོད་བ་ལིཾ་ཞེས་པའི་སྒྲས། བྷ་ག་མཚོན་པས་ཤེས་རབ་དང༌། ལིའི་སྒྲས་ལིངྒ་མཚོན་པས་ཐབས་དང༌། ཐིག་ལེ་དང་གཉིས་དབྱེར་མི་ཕྱེད་པ་སྦྱོར་བའི་མཚོན་པས། དབང་བཞིའི་ལམ་དང་སྦྱར་ན། ཐབས་གསལ་བ་ལྷའི་འཁོར་ལོ། །ཤེས་རབ་ཟབ་མོ་སྟོང་པ་ཉིད་དོ། ཟབ་གསལ་དབྱེར་མི་ཕྱེད་པའི་ལྷ་སྐུ་སྣང་སྟོང་ཟུང་འཇུག་བུམ་དབང་གི་ལམ། དེ་བཞིན་དུ་ཐབས་རླུང་དང་གཏུམ་མོ་ལ་བརྟེན་པའི་བདེ་བ་དང༌། ཤེས་རབ་དྲངས་པའི་མི་རྟོག་པ་དབྱེར་མི་ཕྱེད་པ་གསང་དབང་གི་ལམ། ཐབས་རྡོ་རྗེ་ནོར་བུ་དང༌། ཤེས་རབ་ཕྱག་རྒྱའི་པདྨའི་རེག་བྱའི་རྒྱུ་དང་འབྲས་བུའི་དགའ་བ་བཞི་དང༌། སྟོང་བཞིའི་འོད་གསལ་དབྱེར་མི་ཕྱེད་པ་དབང་བཞི་ལམ་མཚོན་པར་བྱེད་པ་སོགས་རྒྱ་ཆེར་བཤད་དུ་ཡོད་དོ། །སྨྲ་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཟབ་གཏེར་གྱི་གསང་བ་རྣམས་ལས། ཆོས་ཉིད་གཞིའི་གཏོར་མ། རང་རིག་ལམ་གྱི་གཏོར་མ། དབྱེར་མེད་འབྲས་བུས་གཏོར་མ་གསུམ་གྱི་རྒྱུན་དོན་ཐམས་ཅད་བསྡུས་པའི་ཚུལ་དང༌། གཞན་ཡང་སྣོད་བཅུད་གཏོར་མའི་མཆོད་པ། ཕུང་པོ་གཏོར་མའི་མཆོད་པ། སྲོག་དབུགས་གཏོར་མའི་མཆོད་པ། རྣམ་རྟོག་གཏོར་མའི་མཆོད་པ་སོགས་དབྱེ་སྒོ་མང་དུ་ཡོད་ཀྱང༌། རེ་ཞིག་སྒྲུབ་པ་ལག་ལེན་དང་འབྲེལ་བའི་དབང་དུ་བྱས་ན། སྒྲུབ་པའི་གཏོར་མ། མཆོད་པའི་གཏོར་མ། ལས་སྦྱོར་གྱི་གཏོར་མ་གསུམ་དུ་འདུ་སྟེ། དང་པོ་ནི། སྐབས་འདིར་བསྟན་གྱི་སྒྲུབ་གཏོར་ལྟ་བུ་གཉིས་པ་ནི། སྨན་རཀ་གཏོར་གསུམ་གྱི་ཟླས་ཕྱེ་བའི་གཏོར་མ་ལྟ་བུ། གསུམ་པ་ནི། ཟོར་དུ་འཕང་བའི་གཏོར་མ་ལྟ་བུའོ། །ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་གཞུང་རྣམས་ལས། གཏོར་མ་གཅིག་ལ་ཤེས་པ་གསུམ་མམ་བཞི་ལྡན་དུ་གསུངས་པས། སྒྲུབ་པའི་དུས་སུ་ལྷར་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་དང་དངོས་གྲུབ་དུས་སུ་བྱིན་རླབས་སུ་ཤེས་པ། འཕང་བའི་དུས་སུ་ནད་མཚོན་དུ་ཤེས་པ་སྟེ། ཏིང་ངེ་འཛིན་ལ་གོམ་པ་བརྟན་པོས་དམིགས་པ་བསྟན་ན་འདོད་རྒུར་བསྒྱུར་བ་ཡིན་ནོ། །གཉིས་པ་ལག་ལེན་བྱེ་བྲག་ཏུ་ཕྱེ་བ་ལ་ས་གཏེར་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ཡོངས་རྫོགས་འཆི་མེད་སྙིང་ཏིག་གི་སྒྲུབ་གཏོར་ཆེན་མོ་འཆི་མེད་དངོས་གྲུབ་འཁྱིལ་བ་དང༌། དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཏིག་གི་ཚེ་གཏོར་འཆི་མེད་སྙིང་པོ་ཇི་ལྟར་བྱ་བའི་ཚུལ་ལོ། །དེ་ལའང་བཞི། གཏོར་མའི་རྒྱུ། མཚོན་དོན། ལག་ལེན་གཏན་ལ་ཕབ་པ། དགོས་ཆེད་བཤད་པའོ། །དང་པོ་ནི། ཚེ་ཞེས་པ་རྗེན་འཐག་དང༌། གལ་ཞེས་པ་ཆང་གི་ཉིང་ཁུ་ཅུང་ཟད་དང༌། མར་ཟན་ལ་སྙིང་པོ་ལྔ་བསྲེས་ནས་བཅའ་བ་སྟེ། ས་གཏེར་གཏེར་གཞུང་ལས། དབྱིངས་ལས་རང་ཤར་འཆི་མེད་མཆོད་སྡོང་ཆེ༔ ཆོས་དབྱིངས་ཁྱབ་པ་ཆེན་པོའི་མཁའ་ཀློང་དུ༔ ལྷུན་གྲུབ་སྙིང་པོ་ལྔ་ཡི་རྒྱུ་ལས་གྲུབ༔ ཅེས་གསུངས་པ་ལྟར། སྙིང་པོ་ལྔ་ནི། རྣམ་འཇོམས་འགྲེལ་བ་ལས། ས་ཡི་སྙིང་པོ་ཏིལ། ཆུ་ཡི་སྙིང་པོ་ལན་ཚྭ། རྩི་ཐོག་སྙིང་པོ་མར། ཤིང་ཐོག་སྙིང་པོ་བུ་རམ། མེ་ཏོག་སྙིང་པོ་སྦྲང་རྩི་དང་ལྔའོ། །དེ་ལའང་སའི་སྙིང་པོ་གསེར་དུ་བཞེད་པ་དང༌། གཞན་ཡང༌། མར་དང་འོ་མ་ལན་ཚྭ་དང༌། བུ་རམ་སྦྲང་རྩི་སྙིང་པོ་ལྔ། ཞེས་གསུངས་པ་ལྟར་འདིར་གསེར་དང་འོ་མ་དག་ལེགས་སོ། །གཉིས་པ་ནི། གཏེར་གཞུང་ལས། ཡུམ་ལྔའི་རང་བཞིན་བང་རིམ་སྲ་བརྟན་ལ༔ ཐིག་ལེ་རང་ཤར་རིག་མ་བཅུ་དྲུག་གནས༔ ཞེས་པ་ནི། ནམ་མཁའ་རླུང་མེ་ཆུ་ས་སྟེ་འབྱུང་ལྔ་བསྐྱེད་རིམ་གྱི་ཡུམ་ལྔའི་ཀློང་དུ། རི་རབ་བང་རིམ་བཞི་བརྩེགས་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར། དེ་སྟེང་པད་འདབ་ཕྱི་དཀར་དམར་བཅུ་དྲུག་གི་སྟེང་ཟེའུ་འབྲུ་དམར་སེར་གྲངས་མེད་བཀོད་པ་ནི། གཞུང་ལས་ཐིག་ལེ་འབུམ་ཕྲག་འཆི་མེད་གྲོང་གི་ཚོགས༔ རིག་པ་འཛིན་པའི་ས་ལ་རབ་ཏུ་གནས༔ ཞེས་པའི་དོན་ཏེ། དེ་སྟེང་རྣམ་རྒྱལ་ཁང་བཟང་སོགས་ནི། གཞུང་ལས། རིགས་ལྔའི་རང་བཞིན་རྣམ་རྒྱལ་ཁང་བཟང་ལ༔ རིན་ཆེན་ལྔ་ཡི་རྒྱན་གྱིས་མཛེས་པར་སྤྲས༔ ཕྱག་བརྙན་ཚེ་ཡི་ལྷ་མོ་མགྱོགས་མ་བཞི༔ དབང་གི་ལྷ་མོ་མཐར་བྱེད་ཙཎྜ་ལི༔ དགོས་དགུ་འཇོ་བ་ཆོས་སྐུའི་བུམ་པ་བཟང་༔ ཟླ་གམ་འབར་བ་མི་འགྱུར་གོང་བུའི་ཕྱུག༔ ཐིག་ལེ་ཕྱག་མཚན་ལྔ་ཡི་དྲ་བ་འཕྱང་༔ དཔག་བསམ་སྡོང་པོ་ཡལ་འདབ་ཨུཏྤལ་རྒྱས༔ འདོད་པའི་དངོས་གྲུབ་འབྲས་བཟང་ཆར་དུ་བསྙིལ༔ ཡིད་བཞིན་ནོར་བུ་ཟུར་བརྒྱད་རྒྱན་དང་ལྡན༔ ཟླ་གམ་དམར་པོ་རྟ་མགྲིན་ཕག་མོ་ཡུམ༔ ཉི་ཟླའི་དབུ་རྒྱན་ཡེ་ཤེས་མེ་དཔུང་འབར༔ ཞེས་པས་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ་ལ། ཆ་ཚད་སོགས་སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པའོ། དང་པོ་ནི། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་རྟེན་གང་ལའང༌། རྒྱུད་ལུང་མན་ངག་དང་འབྲེལ་བ་གང་ཞིག །མཐོང་ན་མི་མཐུན་པ་མེད་པ་མཛེས་ཤིང་ཡིད་དུ་འོང་བ་ཞིག་དགོས་ཏེ། ཇི་སྐད་དུ། མིག་ཡུལ་དག་ལ་མ་མཛེས་ན། །ཆ་ཚད་བཟོ་བས་ཅི་ཞིག་བྱ། །ཞེས་དང༌། ཆ་ཚད་མཁས་ན་བཟོ་ཡི་རྒྱལ་པོ་ཡིན། །ཐིག་གདབ་མཁས་ན་བཟོ་ཡི་བློན་པོ་ཡིན། །རི་མོ་མཁས་ན་བཟོ་ཡི་བཙུན་མོ་ཡིན། །ལག་ལེན་མཁས་ན་བཟོ་ཡི་འབངས་འཁོར་ཡིན། །ཞེས་གསུངས་པ་ལྟར་གཏོར་མའི་དཔེའུ་རིས་སུ་ཐིག་གདབ་པ་ལྟར་ཆ་ཚད་ངེས་པར་བྱ་ཞིང་མཆོད་རྟེན་ལའང་བྲི་ཆ་ལེགས་ཀྱང་འབུར་དུ་གྲུབ་ཚེ་ལེགས་མིན་འབྱུང་བ་ལྟར་ཕྱག་རྒྱུན་སོགས་དཔྱད་ལ་གཟབ་པར་བྱ་དགོས་སོ། །གོམ་ཤེས་ཕྱག་གི་གོམ་ཁྲིད་དང༌། དཔྱད་ཤེས་རིག་པ་དྲུང་ལྡན་དགོས། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། དངོས་གྲུབ་འཁྱིལ་པ་དང༌། འཆི་མེད་སྙིང་པོའོ། །དང་པོ་ནི། འོག་ནས་རིམ་བཞིན་མཐིང༌། ལྗང༌། དམར། དཀར། སེར་པོ་སྟེ་བང་རིམ་ཟླུམ་པོ་ལྔ་བརྩེགས་མཚམས་པའི་སྟེང་གྲུ་བཞི་བཞི་བརྩེགས་ཀྱི་སྟེང་ཕྱོགས་རྣམས་གཡེར་ཁ་དང་བཅས་པ། དེ་སྟེང་པད་འདབ་བཅུ་དྲུག་ཟླུམ་བསྐོར། དེ་སྟེང་གྲུ་བཞི་གློ་འབུར་ཅན། དེ་སྟེང་ཟླུམ་བསྐོར་གློ་འབུར་དང་མཉམ་པ། དེ་སྟེང་ཚེ་རིལ་ཕྲེང་ཚར་གསུམ་སོགས་གང་འོས་ཀྱི་དབུས་སུ། ཚེ་བུམ་ལྷུང་བཟེད་འདྲ་བཞག་སྟེ་གཟེར་ཞིང་བརྟན་པར་བྱ། བུམ་པའི་ཁར་རིན་ཆེན་ཆ་བརྒྱད། ཐབས་ཤེས་ཟླ་གམ་བཅས་ཆ་ཚད་འོས་པར་བྱ། བུམ་པའི་ཁ་རྒྱན་ཕྱོགས་བཞིར་ཤིང་ལོ་བཞི། བར་མཚམས་བུམ་པའི་ཆུན་འཕྱང་ལ་ནོར་བུ། ཟླ་གམ་སྟེང་རྡོ་རྗེ། ཉི་ཟླ་མེ་རི་སོགས་དཔེའུ་རིས་དང༌། ཁ་བྱང་ལྟར་མ་འཁྲུལ་བར་བྱའོ། །ཞར་བྱུང་རྟེན་གཏོར་སོགས་ལ་གཏོར་མའི་ནང་དུ་གཟུང་འབུལ་བ་སོགས་ཕྱག་ལེན་དུ་མཛད་ཅིང་གལ་ཤིན་ཏུ་ཆེ་བ་ཡང་ཡིན་ལ། དེའི་རྣམ་བཞག་ཅུང་ཟད་བརྗོད་ན། དང་པོ་ཆོས་ཀྱི་རིང་བསྲེལ་གཟུངས་སྔགས་གཞུགས་པའི་ཚུལ་ནི། ཡ་མཐའ་རྡོ་རྗེའི་ལྟེ་བ་ནས་མ་མཐའ་བང་རིམ་འོག་མའི་བར། སྲོག་ཤིང་གསེར་དངུལ་ལམ་ཟངས་དང་སྙུག་མའི་སྦུ་གུ་ལྟ་བུའི་ནང་དུ་གཞུགས་པའམ། ཡང་ན་མར་ཟན་ལྟ་བུ་ལ། ལྷ་ཤིང་ཤར་རྟགས་དང་རྩ་རྩེ་མ་ནོར་བའི་སྲོག་ཤིང་སྤྱི་འགྲོས་ངོས་གསེར་གྱི་བྲི་བའམ། མཐིང་ཤོག་ལ་གསེར་གྱིས་བྲིས་ནས་དཀྲིས་ཀྱང་རུང་གང་ལྟར་ཡང་འབྲི་བྱའི་སྔགས་ནི། འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་དང་བཅས་པར། སོ་སོའི་རྒྱུ་མ་ནོར་བ་རྩ་བའི་སྔགས་ལ་བསྐྱེད་པ་རྐྱེན་གྱིས་སྔགས་སྦྱར་བ་ཉིད་འབྲི་བ་སྐབས་སུ་བབ་པ་ཡིན་ཏེ། བསྐྱེད་བྱ་བསྐྱེད་བྱེད་ཀྱི་འབྲེལ་གྲུབ་པའི་ཕྱིར། དེས་ན་ནམ་མཁའི་དཀྱིལ་འཁོར་མཚོན་པའི་བང་རིམ་འོག་མར། ཨེ་ཨཱ་ཀཱ་ཤ་མཎྜ་ལ། དེས་མཚོན་ཏེ་རླུང་དཀྱིལ་གྱི་ཐད་དུ། ཡཾ་ཝཱ་ཡུ་མཎྜ་ལ། མེ་དཀྱིལ་ལ། རཾ་ཛྭ་ལ་མཎྜ་ལ། ཆུ་དཀྱྀལ་ལ། བཾ་ཨུ་ད་ཀ་མཎྜ་ལ། ས་དཀྱིལ་ལ། བྷྲཱུྃ་བྷུ་མི་མཎྜ་ལ། རི་རབ་ལ་སུམ་སུ་མེ་རུ་དང་རྟེན་སྙིང༌། པད་འདབ་བཅུ་དྲུག་ལ། ནམ་མཁའ་མཛོད་ཀྱི་སྔགས་དང་སྤྲོ་ན་མཆོད་པའི་སྤྲིན་གཟུངས། གཞལ་ཡས་ཁང་ལ། བྷྲཱུྃ་བི་ཤྭ་བི་ཤཱུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ། ཞེས་དང༌། སྤྲོ་ན་ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས། དེང་སང་ཡོངས་གྲགས་འཁོར་བ་དོང་སྤྲུགས་ཀྱི་གཟུངས། ཨོཾ་བི་པུ་ལ་སོགས་འདི་ཡིན། ཕྱོགས་མཚམས་སོ་སོའི་ཕྱོགས་གཅིག་ཏུ་བྱས་ཀྱང་རུང་སྟེ་ཧ་བཛྲ་ཀིངྐ་ར་ཨཱ་ཡུརྫྙཱ་ན་བྷྲཱུྃ་ནྲྀ་ཛཿ རི་རཏྣ་ཀིངྐ་ར་༴ ནི་པདྨ་ཀིངྐ་ར་༴ ས་ཀརྨ་ཀིངྐ་ར་༴ བཾ་ཙཎྜ་ལི་ཨཱ་ཡུརྫྙཱ་ན་༴ བུམ་པར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ཏཱ་རེ་ཏུཏྟཱ་རེ་སརྦ་ཏ་ཐ་ག་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ་ཞེས་དངོས་གྲུབ་བསྐྱིལ་བའི་སྔགས་ཅི་མང་གཞུགས་རིན་ཆེན་ཟུར་བརྒྱད་ལ། སྟབས་བདེ་ན་དབུས་སུ་སྒྲོལ་མའི་ཡིག་བཅུ། ཤར་དུ། ཨོཾ་ཏཱ་རེ་ཏཱྃ་སྭཱ་ཧཱ༔ ལྷོར། ཨོཾ་ཏཱ་རེ་བྷྲཱུྃ་སྭཱ་ཧཱ༔ ནུབ་ཏུ། ཨོཾ་ཏཱ་རེ་ཧྲཱི་སྭཱ་ཧཱ༔ བྱང་དུ། ཨོཾ་ཏཱ་རེ་ཧཱུྃ་སྭཱ་ཧཱ༔ མཚམས་བཞིར་ཤར་ལྷོ་ནས་བརྩམས་ཏེ་གཡས་སྐོར་དུ། ཧཱུྃ་བཛྲ་ཧ་ཡ་གྲྀ་ཝ་ཧ༔ ཏྲཱྃ་རཏྣ་ཧ་ཡ་གྲཱྀ་ཝ་རི༔ ཧྲཱིཿ པདྨ་ཧ་ཡ་གྲྀ་ཝ་ནི༔ ཨཿ ཀརྨ་ཧ་ཡ་གྲཱྀ་ཝ་ས༔ སླར་ཡང་ཤར་གྱི་ཕྱི་རོལ་ནས་བརྩམ་སྟེ་གཡས་བསྐོར་དུ། ཨོཾ་ཏཱ་རེ་ཏཱྃ་ཛཿ ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་བྷྲཱུྃ་ཧཱུྃ་པུཥྟིཾ་ཀུ་རུ་ཨོཾ༔ ཨོཾ་ཏཱ་རེ་ཧྲཱིཿབྃ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཏཱ་རེ་ཧཱུྃ་ཧོ༔ མ་ར་ཡ་ཕཊ༔ ཞེས་སོ་སོར་ཤོག་དྲིལ་བྱས་ནས་གཞུགས་པའམ། མ་བདེ་ན་ཕྱོགས་གཅིག་ཏུ་བྲིས་ཀྱང་རུང༌། ཉི་ཟླའི་གྭའུ་ནང་དུ། ཨོཾ་བུདྡྷ་ཧ་ཡ་གྲཱྀ་ཝ་བུདྡྷ་ཝཱ་ར་ཧི་བྃ༔ དེའི་སྟེང་དུ། ཨོཾ་ཨ་མྲྀ་ཏ་ཨ་ཡུར་ད་དཱེ་སྭཱ་ཧཱ༔ རྡོ་རྗེའི་ལྟེ་བའི་ནང་དུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟེ་ཡེ་སྭཱ་ཧཱ༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧྲཱི༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཏྲྃ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྂ་ཨཿ ཞེས་དང༌། ཚེ་དཔག་མེད་ཀྱི་གཟུངས་རིང༌། ཡར་གྱི་རྭ་དང་པདྨའི་ཐད་རྩམ་དུ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མནྡྷ་ར་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བྲི། དེ་ནི་གཟུངས་གཞུགས་རྒྱས་པར་བྲི་བའི་ཚུལ་ཡིན་ལ། བསྡུ་ན་འབྱུང་ལྔ་སོགས་ས་བོན་ཙམ་དང༌། དཀྱིལ་འཁོར་གྱི་གཙོ་བོ་ཚེ་ལྷ་རྣམ་གསུམ་གྱི་སྔགས་ཚང་མ་འཁོར་རྣམས་ས་བོན་ཙམ་བྲི་བས་མཚོན་གཏོར་མའི་ཆེ་ཆུང་སོགས་ལ་དཔག་སྟེ་རིག་པས་དཔྱད་ཤེས་པར་བྱའོ། །གཉིས་པ་ཆོས་སྐུའི་རིང་བསྲེལ་བླ་མ་གོང་མ་ཚེའི་དངོས་གྲུབ་མཉེས་པ་རྣམས་ཀྱི་གདུང་ཚྭའི་རིང་བསྲེལ་དང༌། གསུམ་པ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་འཕགས་པ་གསུམ་གྱི་གདུང་སྐུ་གདུང་རིང་བསྲེལ་བླ་མ་གོང་མ་ཚེའི་དངོས་གྲུབ་བརྙེས་པ་རྣམས་ཀྱི་གདུང་གི་ཆ་ཤས། བཞི་པ་སྐུ་བལ་གྱི་རིང་བསྲེལ། དབུ་སྐྲ་ན་བཟའ་སོགས་དང༌། ཐུན་མོང་དུ་ཚེ་རིལ། བདུད་རྩི་ཆོས་སྨན། བདུད་རྩི་རིལ་བུ་སོགས་བྱིན་ཅན་སེལ་མེད་རྣམས་དར་ཐུམ་དུ་བྱས་ཏེ་རིན་ཆེན་ཟུར་བརྒྱད་དང༌། ཉི་ཟླའི་ཁ་སྦྱོར་སོགས་ཀྱི་ནང་དུ་ཅི་རིགས་པར་གཞུག་པར་བྱའོ། །གཉིས་པ་ནི། རྒྱས་པར་འབྱུང་བ་རིམ་བརྩེགས་མཚོན་པའི་ཟན་ལེབ་ཟླུམ་པོ་ལྗང་གུའི་སྟེང༌། རི་རབ་བང་རིམ་བཞི་མདོག་སྔར་བཞིན། དེ་སྟེང་གཞལ་ཡས་ཁང་མཚོན་པའི་རིན་ཆེན་ཟུར་བརྒྱད་དཀར་པོ་ནོར་བུས་མཚན་ཅིང་དྲྭ་ཕྱེད་ཀྱིས་མཛེས་པ། དེ་སྟེང་གདན་ཉི་ཟླ་མཚོན་པའི་ཟན་ལེབ་ཟླུམ་པོ། དབུས་སྒྲོལ་མ་དཀར་མོའི་མཚོན་བྱེད་ཚེ་འབྲང་བུམ་གཟུགས་རིལ་བུས་བསྐོར་བའི་ཁར། ཚེ་དཔག་མེད་མཚོན་པའི་རྡོ་རྗེ་རྩེ་ལྔ་པའི་མར་གྱི་རྭ་ཚེ་བུམ་གྱི་ཕྱོགས་བཞིར་ཟུག་པ། མཚམས་བཞི་ན་ཁ་རྒྱན་འཕྱང་བ། རྡོ་རྗེའི་རྩེ་མོར་གཙུག་ཏོར་རྣམ་རྒྱལ་མཚོན་བྱེད་ཉི་ཟླ་ནོར་བུ་འོད་ཟེར་གྱི་པ་ཏྲ་དང་བཅས་པའོ། བཞི་པ་དགོས་ཆེད་ལ། དངོས་དང་འཕྲོས་དོན་ནོ། དང་པོ་ནི། ས་གཏེར་ཡོངས་རྫོགས་འཆི་མེད་སྙིང་ཐིག་གི་དབང་དང་སྒྲུབ་ཆེན་གྱི་སྐབས་སུ་ཚེ་གཏོར་འཆི་མེད་དངོས་གྲུབ་འཁྱིལ་པ་འདི་ཉིད་མེད་དུ་མི་རུང་བ་ཉིད་དེ། དཀྱིལ་འཁོར་གྱི་འཁོར་ལོ་དངོས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གཏེར་གཞུང་ལས། རིན་ཆེན་དཔལ་བེ་འོད་ཀྱི་དྲཱ་བ་རུ༔ ཚེ་བདག་ཞི་ཁྲོ་ཡབ་ཡུམ་བཅུ་དྲུག་བཞུགས༔ སྟེང་འོག་རྒྱ་གྲམ་ཡི་གེ་ལུ་གུ་རྒྱུད༔ ཐབས་དང་ཤེས་རབ་མཉམ་སྦྱོར་གྭའུའི་ཀློང་༔ གཞོམ་གཞིག་མེད་པ་སྟོབས་བཅུའི་རྡོ་རྗེ་འབར༔ ཡར་གྱི་རྭ་ལ་ཨོ་རྒྱན་ཚེ་དཔག་མེད༔ མནྡྷ་ར་བ་ཡུམ་བཅས་རིག་འཛིན་འཁོར༔ མར་གྱི་རྭ་ལ་ཚེ་བདག་རྣམ་རྒྱལ་མ༔ ལྟེ་བར་དྭངས་མ་ལྔ་ལྡན་ཐིག་ལེ་རུ༔ འཆི་མེད་རྒྱལ་པོ་ལྔ་དང་བཙུན་མོ་ལྔ༔ རང་བྱུང་གདོད་མའི་དབྱིངས་ལས་ཤར་བའི་སྐུ༔ བར་ཁྱམས་ཕྱི་རོལ་ཐིག་ལེ་ཐིག་ཕྲན་ལ༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ མ་ལུས་སྤྲོ་ཞིང་བསྡུ་བའི་བདག་ཉིད་ཅན༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་འཁོར་ལོར་རྫོགས༔ སངས་རྒྱས་དྲུག་གི་དཀྱིལ་འཁོར་ཆེན་པོ་ལ༔ འབུམ་དང་བྱེ་བ་ས་ཡ་དུང་ཕྱུར་སོགས༔ བསམ་ཡས་ཞིང་ལས་སྐུ་དང་ཡེ་ཤེས་དང་༔ ཡོན་ཏན་མཛད་པ་ཕྲིན་ལས་མཐའ་མི་མངོན༔ དམ་ཚིག་ཡེ་ཤེས་གདོད་ནས་དབྱེ་བ་མེད༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱན་དུ་རྫོགས༔ ཞེས་གསུངས་པ་ལྟར་རོ། གཉིས་པ་འཕྲོས་དོན་ནི། འབྱུང་བཞི་རི་རབ་བང་རིམ་སོགས་ལ་རྒྱ་ཚད་མ་བཤད་པ་ཅི་ཞེ་ན། འགལ་བ་མེད་དེ་མཆོད་རྟེན་གྱི་སྐབས་སུའང། ས་འཛིན་ཡིད་དང་མཚམས་པའི་སྟེང༌། ཅེས་པས་མཚོན་རྒྱ་ཚད་མཛེས་ཆ་དང་བསྟུན་ཏེ་དཔྱད་ཆོག་པས་ན་མ་སྨོས་པ་ཡིན་ནོ། །གཏོར་མ་ལ་ཐིག་སོགས་མི་འཐད་དོ་ཞེ་ན། ཤིན་ཏུ་འཐད་དེ་ལྷ་དང་གཞལ་ཡས་ཁང་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། གཏོར་མ་ལྷ་ཡི་གནས་གསུམ་ནས༔ སོགས་དང་གཏོར་མ་རིན་ཆེན་གཞལ་ཡས་ཁང་༔ ཞེས་སོགས་གསུངས་པ་དང༌། རྟེན་འབྲེལ་རྫས་ལ་ནུས་པ་སྔགས། །ཞེས་པ་ལྟར་སྒྲུབ་པའི་རྟེན་རྫས་མེད་དུ་མི་རུང་བ་ཡིན་པས་ན་ཚུལ་དང་མཐུན་པ་གལ་ཆེའོ། གསར་མའི་རྒྱུད་རྣམས་ལས་མ་བཤད་དོ་སྙམ་ན། རྡོ་རྗེ་གདན་བཞིའི་རྒྱུད་ལས། མངོན་སྤྱོད་ལ་ནི་གྲུ་གསུམ་སྟེ། །ཞི་བ་ལ་ནི་གྲུ་བཞི་པ། །ཞེས་གཏོར་མའི་དབྱིབས་བཅས་གསུངས་པ་མཁས་གྲུབ་སྔ་མ་རྣམས་ཀྱིས་བཞེད་པའི་ཕྱིར་རོ། །སྨྲས་པ། ཀུན་བཟང་སྨོན་ལམ་ཀླུ་དབང་གིས་བསྐུལ་བས། །ཀུན་ཁྱབ་ཁྲུས་ཁང་ལྷ་ཡི་རྫིང་རིང་ལས། །གཏོར་ཚོགས་ཤེས་པ་བཞི་ལྡན་སྤྲིན་ཕུང་འཁྲིགས། །འཆི་མེད་ཚེ་གཡང་དངོས་གྲུབ་བཅུད་དུ་འཁྱིལ། །པདྨའི་ཐུགས་བཅུད་འོད་གསལ་རྡོ་རྗེའི་སྙིང༌། །མདོ་སྔགས་ཟུང་འཇུག་སྔ་འགྱུར་བསྟན་པའི་སྲོག །གླིང་བཞིའི་དབུས་ན་རི་དབང་ལྟར་བརྗིད་པར། །མི་འགྱུར་མི་ཤིག་རྟག་བརྟན་ལྷུན་གྲུབ་ཤོག །ཀུན་མཁྱེན་འགྲོ་བའི་བླ་མ་རྡོ་རྗེ་འཆང༌། །འོད་ཟེར་དཔག་མེད་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ངོ་བོར་འཚོ་གཞེས་ཤིང༌། །རྒྱལ་དབང་པདྨའི་ཕྲིན་ལས་མཐར་ཕྱིན་ཤོག །ཤཱཀྱ་སེང་གེའི་ལུང་གིས་རབ་བསྔགས་ཤིང༌། །ཡོན་ཏན་རྒྱ་མཚོའི་མཛོད་ལ་དབང་འབྱོར་བའི། །མཆོག་གཏེར་ཟབ་གསང་ཆོས་ཀྱི་བདག་པོ་ཀུན། མཚོ་སྐྱེས་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ། །མདོར་ན་ཕན་བདེ་མ་ལུས་འབྱུང་བའི་གནས། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། །འཇིག་རྟེན་ཁམས་ཀུན་རྫོགས་ལྡན་དཔལ་ལ་སྤྱོད། །མཐར་ཐུག་མཆོག་དངོས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རིག་འཛིན་རྩལ་འཆང་རྣམས་གཉིས་དང༌། ལོ་ཆེན་རིན་པོ་ཆེ་བློ་གྲོས་མཐའ་ཡས་སོགས་དམ་པ་མང་པོའི་ཞབས་རྡུལ་གཙུག་ཏུ་ཐེབ་པའི་རྟགས་ཀྱི་འདུལ་འཛིན་བན་རྒན་ཀརྨ་རཏྣས་བླ་མའི་ཞལ་ལུང་ཐོབ་པ་དང་གཏོར་དཔེ་འདྲ་བསྡུས་སོགས་གུང་སྤྲོས་ནས་བྲིས་པ་བསྟན་འཛིན་མཆོག་རྣམས་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག། མངྒ་ལཾ། ༈ །ཡོངས་རྫོགས་འཆི་མེད་སྙིང་ཐིག་གི་སྒྲུབ་གཏོར་དངོས་གྲུབ་འཁྱིལ་བའི་ཐིག་རྩ་བཞུགས་སོ། །ཨོཾ་སྭཱ་སྟི་སིདྡྷི། །བླ་མ་འཆི་མེད་ཚེ་ཡི་ལྷ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །སྒྲུབ་གཏོར་དངོས་གྲུབ་འཁྱིལ་བ་ཡི། །བཟོ་ཉེས་འགོག་པའི་ཆ་ཚད་ལ། །མཆོད་རྟེན་དཀྱིལ་འཁོར་ཐིག་རྩ་ལྟར། །ཆ་ཆེན་གཅིག་ལ་ཆ་ཕྲན་བཞི། །གཡས་གཡོན་ལྔ་ལྔ་སྡོམ་པས་བཅུ། །གྱེན་དུ་བཞི་བཅུ་རྩ་ལྔའམ། །ཡང་ན་བཞི་བཅུ་རྩ་དགུ་གདབ། །རི་རབ་བང་རིམ་ཕྱོགས་བཞི་རུ། །རིལ་བུ་ནོར་དབྱིབས་བརྒྱད་རེ་བཀོད། །སྡོམ་པས་མཚན་བཟང་སོ་གཉིས་གྲངས། །བང་རིམ་ལྔ་ལ་ཕྱོགས་མཚམས་སུ། །རིལ་བུ་དམར་སེར་བཅུ་རེ་བཀོད། །དཔེ་བྱད་བརྒྱད་ཅུའི་གྲངས་ལྡན་འབྱུང༌། །འོད་ཁྱིམ་རྨུག་ལ་ཟླུམ་ཀོར་གསུམ། །མེ་ཏོག་འདབ་བཞི་བཀོད་པའམ། །ཡང་ན་མར་ཐིག་གྲངས་མེད་བྱ། །འབྱུང་རིམ་རི་རབ་རིགས་པས་དཔྱད། །ཆ་ཚད་རྣམ་བཞག་རགས་པའོ། །ཞིབ་པར་འབུར་དུ་བསྐྲུན་པས་ཤེས། །མཐོང་བ་དོན་ཆུབ་པྲ་ཁྲིད་ལགས། །དེ་ལ་ཐོག་མར་དཔངས་ཀྱི་ཆ་ལ་མེ་རི་ཆ་ཕྲན་གསུམ། ཉི་མ་ལ་ཆ་ཕྲན་གཉིས། ཟླ་བ་ཆ་ཕྲན་གཅིག །གསེར་རྡོར་ཆ་ཕྲན་བཞི། ཐབས་ཤེས་ཟླ་གམ་ཆ་ཕྲན་བཞི། རིན་ཆེན་ཆ་བརྒྱད་ཆ་ཕྲན་བཞི། བུམ་པའི་ཁར་འཕྱང་ཆ་གཉིས། མགུལ་ཆ་གཅིག །ལྟེ་བའི་དཔངས་ཆ་བཞི་མཐོང་ཞིང༌། རིལ་བུ་འོག་ཏུ་ཆ་གསུམ་འགྲོ་ཁ་པད་ཆ་གཅིག །གཞལ་ཡས་ཁང་ཆ་བཞི། པདྨ་ཟེའུ་འབྲུ་བཅས་ཆ་གསུམ། རི་རབ་བང་རིམ་བཞི་ལ་ཆ་རེ་རེ་སྟེ་བཞི་ལས་མ་བྱས་ཀྱང་རུང་ལ། ཡང་ན་གཉིས་རེ་སྟེ་བརྒྱད་བྱས་ན་ལེགས། འབྱུང་ལྔ་ལ་རེ་རེ། འཕྲེད་དུ་ཆ་ཕྲན་གདབ་པ་གཞལ་ཡས་ཁང་གི་ཚད་དང༌། གློ་འབུར་ལ་ཆ་རེ་འབུར་བས་བཅུ་སྟེ་ཚངས་ཐིག་གི་གཡས་གཡོན་དུ་ཆ་ཕྲན་ལྔ་རེ་དོར་བའོ། །གཞན་རྣམས་རིགས་པས་དཔག་ནས་ཤེས་པར་བྱའོ། །ཛ་ཡནྟུ།། །།

Footnotes

Other Information