སྔ་འགྱུར་རྡོ་རྗེ་རྩེ་མོའི་ཁང་བཟང་དུ་སོགས།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-008
Wylie title snga 'gyur rdo rje rtse mo'i khang bzang du sogs JKCL-KABUM-12-NA-008.pdf
Location chos kyi blo gros bka' 'bum
Volume 12, Text 8, Pages 35-36 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. snga 'gyur rdo rje rtse mo'i khang bzang du sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 35-36. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
སྔ་འགྱུར་རྡོ་རྗེ་རྩེ་མོའི་ཁང་བཟང་དུ། །རིག་འཛིན་གྲུབ་པའི་ཚོགས་དང་དགྱེས་རོལ་བ། །ཐེག་མཆོག་བསྟན་པའི་པད་ཚལ་བཞད་པའི་གཉེན། །རྒྱལ་སྲས་ཉིན་བྱེད་དབང་པོའི་སྐུ་གམ་དུ། །རབ་དགའི་མདངས་མཐའ་གསར་པ་ལ། །དབྱར་རྔའི་སྒྲ་ཡི་བསྐུལ་བ་ལས། །མགྲིན་པའི་ལོངས་སྤྱོད་སྐྱེད་ཚལ་ན། །ཟློས་གར་བསྒྱུར་བཞིན་དབྱངས་འདི་སྒྲོགས། །རིག་སྔགས་གྲུབ་པ་ཆེན་པོ་ཡི། །བཅུད་ཐིག་སྨིན་པ་པདྨའི་མཚན། །འབར་བའི་ཕྱོགས་སུ་རྒྱུ་བ་ན། །བློ་ལྡན་ཁྱེད་ཀྱང་དལ་གྱིས་བསྐྱོད། །གདུལ་བྱ་རྒྱ་མཚོ་ལྟ་བུ་ལ། །ཆོས་ཚུལ་རྒྱ་མཚོའི་ཟེགས་ལྟར་འཐོར། །སྨིན་གྲོལ་ཕྲིན་ལས་བསམ་མི་ཁྱབ། །དེ་ལ་བདག་ནི་ཤིན་ཏུ་གུས། །མ་སྨད་སྐུ་ཡི་དཀྱིལ་འཁོར་ནི། །ནོར་བུའི་འོད་སྣང་འགྲན་བཞིན་དུ། །པདྨ་འོད་ཞིང་གཉིས་པ་དེང་། །ཞབས་ཟུངས་མི་གཡོ་བཞུགས་པ་ནས། །རབ་ཏུ་བརྩེ་བའི་གསུང་རྒྱུད་མངས། །སྙན་འགྱུར་སྟོང་གིས་འཁྱུད་བཞིན་དུ། །གནང་སྐྱེས་བཟང་པོའི་རྟེན་དང་བཅས། །བཀྲ་ཤིས་དགེ་བའི་ཆར་འབྱོར་སྤྲོ། །འདིར་གནས་འདུ་ཤེས་གསུམ་པའང་། །ཆོས་ལ་བསྙད་པའི་སྲོལ་ཟིང་གིས། །གཡེང་བར་འཕྱན་བཞིན་ལྔ་ཕུང་ལ། །འཆི་བདུད་མཆེ་བས་མ་བཏབ་ཙམ། །མཚམས་གསོལ། ཉིད་དཔོན་སློབ་དབུ་ཐོན་འབྱོར་བས་དགའ་སྤྲོ་ཆེ། འདིར། །སྒྲུབ་བཏུས་ཞིག་གི་དབང་ལུང་བླ་གྲྭ་དྲུག་ཅུ་ལྷག་རྩམ་ལ་འདོན་ནས། ཟླ་འདིའི་མཇུག་གྲུབ་ཉེར་ལགས། ཟླ་བ་ཕྱི་མའི་ཚེས་༡༤སྐོར་ལ་ས་སྐྱ་བདག་ཆེན་འདི་གར་ཕེབས་རྩིས་ཀྱི་བྲེལ་ཟིངས་ཆེ་ངང་ཡིན་ཞུ། ཉིད་ནས་སྐྱབས་རྟེན་ལྟག་གོར་ལྔ་བཅུ། ད་ཁྲུས་སྐག་ཁ་བཅས་འབྱོར་ཞིང་། བསྔོ་རྟེན་འབྱོར་ལན་ཟུར་ཡོད། སླད་ཆར་ཡང་། གང་སྐུ་འཆི་མེད་ལང་ཚོས་མྱོས་བཞིན་དུ། །བསླབ་གསུམ་གསེར་སྦྲམ་བཟང་པོས་བརྗིད་ཅིང་བརྟན། །ངེས་གསང་ཆོས་ཀྱི་རྔ་ཆེན་ཕྱོགས་ཀུན་སྒྲོགས། །ནམ་ཡང་འགྲིབ་མེད་རྟག་ཏུ་སྣང་མཛད་གསོལ། །ཞུ་འདེགས་དང་། སྟང་སྐུད་སྲན་འཐག་དབང་པོའི་གཞུ་ལྟར་བཀྲ་བ་དང་། ད་གོར་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་གྲངས་ལྡན་བཅས་མཁྱེན་མིང་པས་ཟླ་ཚེས་ལ་ཕུལ།། །།

Footnotes

Other Information