བཀའ་གདམས་ཞལ་ཐང་བྲི་ཡིག།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-122
Wylie title bka' gdams zhal thang bri yig JKCL-KABUM-11-DA-122.pdf
Location chos kyi blo gros bka' 'bum
Volume 11, Text 122, Pages 593-598 (Folios 1a1 to 3b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bka' gdams zhal thang bri yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 593-598. Bir, H.P.: Khyentse Labrang, 2012.
Genre Guides to Paintings - bri yig
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/kadam-thangka-description

1 Texts in this Section (sde tshan or chos tshan)

[edit]
བཀའ་གདམས་ཞལ་ཐང་བྲི་ཡིག །ཨོཾ་སྭསྟི། ཇོ་འབྲོམ་རྔོག་གསུམ་གྱི་ཞལ་ཐང་ལ། དབུས་སུ་ཇོ་བོ་རྗེ་སྐུ་ཤིན་ཏུ་མཛེས་ཤིང་བརྗིད་ཆགས་པ། སྐུ་ལུས་དྲང་པོར་བསྲང་སྟེ་དབུ་ཅུང་ཟད་འགྱིང་ཉམས་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད། ན་བཟའ་ཤ་འགགས་སྔོ། ཤམ་ཐབ་བཙག་ཁ། ཆོས་གོས་དང་སྣམ་སྦྱར་ངུར་སྨྲིག །དབུ་པཎ་ཞུ་རྣ་ཐུང་སེར་པོ་ངུར་སྨྲིག་རི་མོ་ཅན། ཞབས་སྐྱིལ་ཀྲུང་། གཡས་སུ་བཀའ་གདམས་གདུང་རྟེན་དང་གླེགས་བམ་འགའ་རེ་བརྩེགས་པ། མཁར་གསིལ། གཡོན་དུ་ཟ་མ་ཏོག །གདན་པད་ཟླ་སེང་ཁྲི། མདུན་དུ་སྤྱི་བླུགས། ལྷུང་བཟེད་ཞོས་གང་བ། ཞལ་དཀར། ཤེལ་སྣོད་ཤིང་ཏོག །དེའི་གཡས་སུ་འབྲོམ་སྟོན་པ་དགེ་བསྙེན་ལྕང་ལོ་སིལ་བུ་ཅན། སྐུ་ཤ་རྒྱས་ཤིང་ཞི་འཛུམ་བརྗིད་ཆགས་ཞི་ཞིང་དུལ་བའི་ཉམས། དབུ་ཇོ་བོ་ལ་འདུད་པའི་རྣམ་པ། ཕྱག་གཡས་སྐྱབས་སྦྱིན་གྱི་རྒྱས་ཤེལ་ཕྲེང་འདྲེན་པ། གཡོན་མཆོག་སྦྱིན་པད་དཀར་ནོར་བུས་མཚན་པ། ན་བཟའ་ནང་གོས་དཀར་པོ། སྐུ་གཟན་རྒྱ་ཁ། སྐུ་བེར་སྨུག་པོ་ལྟ་བུ་དགེ་སློང་གི་རུང་པའི་ཚོན་མདོག་མ་ཡིན་པའི་གང་འོས། དབུ་ཞྭ་མེད། གཡོན་དུ་རྔོག་བློ་ལྡན་ཤེས་རབ་དགེ་སློང་དར་ཡོལ། ཕྱག་གཡས་ཆོས་འཆད་ཨུཏྤལ་རལ་གྲིས་མཚན་པ། གཡོན་མཉམ་བཞག་གླེགས་བམ། ན་བཟའ་ཤ་འགག་དམར་པོ། སྐུ་ཤམ་བཙག་ཁ། ཆོས་གོས་སྣམ་སྦྱར་ངུར་སྨྲིག །ཟླ་གམ་སེར་པོ། སྐུ་ཤ་རྒྱས་ཤིང་སྒེག་ཉམས་ཅན། ཤ་ཚུགས་གྲིམ་པ། འདི་གཉིས་ཀ་སྐུར་ཞལ། གདན་དར་འབོལ། ཇོ་བོའི་དབུ་སྟེང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཐུབ་དབང་སྤྱི་ལྟར་ལ། ཕྱག་ཆོས་འཆད། གདན་སེང་ཁྲི་པད་ཟླ། དེའི་མདུན་གཡས་སུ་རྡོར་དབྱིངས་གཙོ་བོ་ཞལ་བཞི་ཀུན་རིག་ལྟ་བུ། སྐུ་དང་ཞལ་ཐམས་ཅད་དཀར་པོ། ཕྱག་གཉིས་ཐུགས་ཀར་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཞེས་གཡོན་འོག་ཏུ་བྱས་པའི་ཁུ་ཚུར་གྱི་འཛུབ་མོ་གཡས་པའི་ཁུ་ཚུར་གྱི་ནང་དུ་བཅུག་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་སྒང་པོ་འཛིན་པ། རིན་པོ་ཆེའི་ཅོད་པན་དར་དཔྱངས་ཅན། འགུལ་རྒྱན། དོ་ཤལ་རིང་ཐུང་། ཕྱག་ཞབས་ཀྱི་གདུ་བུ། སྐེ་རགས། དར་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་ཞེས་གསུངས་པ་གཉིས་ཀ་དཀར་པོ་ཡིན་ཀྱང་ཁ་དོག་འདྲེས་པའི་སྐྱོན་སྤོང་ཕྱི་ནང་ཤ་སྔོན་པོ་འདྲ་གང་འོས། གདན་སེང་ཁྲི་པད་ཟླ། གཡོན་དུ་རྣམ་སྣང་མངོན་བྱང་སྐུ་མདོག་གསེར་མདངས། ཕྱག་མཉམ་བཞག །རིན་པོ་ཆེའི་རྒྱན་རྡོར་དབྱིངས་དང་འདྲ། དར་སྔོན་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་དཀྲིས། ཞབས་རྡོར་སྐྱིལ། གདན་པདྨ་དཀར་པོ་དང་ཟླ་བའོ། །དེ་རྣམས་ཀྱི་གཡས་སུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྤྱན་བདུན་མ་སྤྱི་ལྟར་ལ། བདུད་རྩི་ཁ་དོག་ལྔ་ལྡན་གྱི་ཆར་འབེབས་པ། གཡོན་དུ་སྒྲོལ་ལྗང་སྤྱི་ལྟར་ལ་ཇོ་བོ་དང་བར་དུ་འཇའ་ཚོན་གྱིས་འབྲེལ་བ། རིན་པོ་ཆེའི་ཆར་འབེབས་པ། འབྲོམ་གྱི་སྐུ་དཔུང་གཡས་པའི་སྟེང་ནས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་ནང་དུ་སྤྱན་རས་གཟིགས་ཕྱག་བཞི་པ་སྤྱི་ལྟར། རྔོག་གི་དཔུང་གཡོན་ལས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་ནང་དུ་ཌོམྦི་ཧེ་རུ་ཀ་སྟག་ལ་ཆིབས་པ་ཡུམ་དང་བཅས་པ་སྤྱི་ལྟར། ཇོ་བོའི་མདུན་དུ་རྡོ་རྗེ་འཆང་དཀོན་མཆོག་བསྟན་པ་རབ་རྒྱས་སྐུ་ཚུགས་དང་ཞལ་རས་སོགས་མ་གཞི་རྗེ་རིན་པོ་ཆེ་དང་འདྲ་བ་ལ། ཤངས་རྡོག་དེ་ཙམ་མི་ཆེ་བ། སྤྱན་ཅུང་ཟད་ཧུར་བག་གི་རྣམ་པ། ཕྱག་མདུད་རྒྱ། ན་བཟའ་རྔོག་དང་འདྲ་བ་ལ། འགགས་རིང་ཤ་འགགས་མིན་དཀྱུས་མ་ལྟར་བྲི། དབུ་པཎ་ཞྭ་སེར་པོ་རྣ་རིང་སྣེ་མོ་ནང་དུ་སློག་པ། གདན་རིན་པོ་ཆེའི་ཁྲི་དང་དར་འབོལ། མདུན་དུ་སྤྱི་བླུགས་སོགས་ཇོ་བོ་ལྟར། འབྲམ་གྱི་འོག་ཏུ་མགོན་པོ་གྲི་གུག་གནས་བཅུའི་ཞལ་ཐང་འགའ་རེ་ལ་བྲི་སྲོལ་ཅན་དེ་ཡིན། དེའང་སྐུ་མདོག་མཐིང་ནག་གཡས་གྲི་གུག་ཕྱར། གཡོན་ཐོད་ཁྲག་ཐུགས་ཀ །སྤྱན་གསུམ། མཆེ་གཙིགས། ལྗགས་བསྐྱོད། དབུ་སྐྲ་དང་སྨིན་མ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་རགས། གསུས་ཁྱིམ་ཆེ། ཞབས་གཡོན་ཅུང་ཟད་བརྐྱངས་པའི་བཞེངས་སྟབས། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། སྟག་ཤམ། སྦྲུལ་རྒྱན། དྲག་མེ་དམར་ནག་འབར་བ། གདན་པད་ཉི། མི་རོ། སྤྱི་བོར་མི་གཡོ་བ་སྔོན་པོ་ཚོན་གང་ཙམ་སྐུ་མདོག་མཐིང་ནག །སྤྱན་གསུམ་དམར་ཟླུམ། གཡས་རལ་གྲི་མེ་འབར་བ་ནམ་མཁར་ཕྱར་བ། གཡོན་རྡོ་རྗེའི་ཞགས་པ་སྡིགས་མཛུབ་བཅས་ཐུགས་ཀར་གཏོད་པ། སྨར་སྨིན་དབུ་སྐྲ་དམར་སེར། ཡ་སོས་མ་མཆུ་མནན་པ། མཆེ་བ་རྣོན་པོ་གཙིགས་པ། སྟག་ཤམ། རིན་པོ་ཆེའི་རྒྱན། སྦྲུལ་རྒྱན། ཞབས་གཡོན་བརྐྱངས་པའི་དོར་སྟབས། གདན་པདྨ་ཉི་མ་ཚོགས་བདག་གླང་སྣ་གན་རྐྱལ་དུ་བསྐྱིལ་བའི་སྟེང་དུ་མེ་འབར་བའི་དབུས་ན་བཞུགས་པ། རྔོག་ལོའི་འོག་ཏུ་ཛཾ་དཀར་འབྲུག་ཞོན། སྐུ་མདོག་དཀར་གསལ། ཞི་འཛུམ་ཆགས་ཉམས་ཅུང་ཟད་ཁྲོ་བ། སྤྱན་གསུམ་དབུ་སྐྲ་དཀར་སེར་གྱེན་བརྫེས། སྨར་སྨིན་དཀར་སེར་གྱེན་དུ་འཁྱིལ་པ། གཡས་རྩེ་གསུམ་ནམ་མཁར་ཕྱར་བ། གཡོན་རིན་པོ་ཆེའི་བེ་ཅོན་དཀུ་གཡོན་པ་ལ་བརྟེན་པ། རིན་པོ་ཆེའི་རྒྱན་བརྒྱད་དང་། །དར་ཡུག་གི་སྟོད་གཡོགས། ཁ་དོག་སྣ་ཚོགས་ཀྱི་ཤམ་ཐབ། རིན་པོ་ཆེའི་ཆར་འབེབས་པའི་སྤྲིན་ཁ་དོག་སྣ་ཚོགས་པའི་དབུས་ན་པད་ཟླ་དང་གཡུ་འབྲུག་གི་སྟེང་ན་བཞུགས་པ། ཕྱི་རོལ་དུ་ནོར་འཛིན་པ་ཏྲ་གང་མཛེས། ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ་གཡས་རྡོ་རྗེ། གཡོན་རིན་པོ་ཆེའི་པད་ཕོར་ནོར་བུ་དང་ཤིང་ཏོག་དར་ཟབ་སོགས་ཀྱིས་གང་བ། ལྷོར་རིན་ཆེན་མཁའ་འགྲོ་སེར། གཡས་ནོར་བུ་མེ་འབར། གཡོན་གཏེར་བུམ། ནུབ་པདྨ་མཁའ་འགྲོ་དམར། གཡས་པདྨ། གཡོན་ལྕགས་ཀྱུ། བྱང་ལས་ཀྱི་མཁའ་འགྲོ་ལྗང་། གཡས་རྒྱ་གྲམ། གཡོན་ནེའུ་ལེ་བསྣམས་པ། ཐམས་ཅད་ཞབས་གཡོན་བརྐྱངས་པའི་གར་སྟབས་ཅན། འདི་བཞི་ཞལ་གྱི་སྲིང་མོ་བཞི་ལྟར་སྐུ་ཤིན་ཏུ་ཆུང་བ་སྤྲིན་གྱི་དབུས་སུ་གང་བདེར་བྲི། འབྲོམ་གྱི་གཡས་སུ་རྭ་སྒྲེང་དགོན་པ་ཤུགས་ནག་འཐུག་པོའི་དཀྱིལ་དུ་ཡོད་པ། ལྷ་ཁང་དམར་པོ་གསེར་འཕྲུ་ཅན་མདུན་ནས་ཆུ་ཆེ་བ་དང་། གཡོན་དུ་ཆུ་མིག །ལྟག་ཏུ་བྲག་དཀར་པོ་སེང་གེའི་གདོང་པ་འདྲ་བའི་མདུན་དུ་སྒྲུབ་ཁང་ཆུང་ངུ་དང་། སྟེང་འོག་ཐམས་ཅད་དུ་ཤུག་ནགས་འཐུག་པོ། ཡང་དགོན་དུ་དགེ་སློང་སྒྲུབ་པ་པོ་གཅེར་ཤམ་ཅན། ལྷ་ཁང་ཁྱུང་མགོ་ཅན་གྱི་མདུན་དུ་བསགས་སྦྱོང་མཎྜལ་དད་ཕྱག་འཚལ་མཁན། ཤུག་ནགས་ཀྱི་བར་ཅི་རིགས་པར་དགེ་སློང་སྒྲེས་པོ་ལ་ལས་བསྐོར་བ་བྱེད། ལ་ལ་མཉམ་བཞག །ལ་ལ་ཆོས་འཆད་པའི་ཉམས་ཅན་བྲི། རྭ་སྒྲེང་གི་རྒྱབ་ཕྱོགས་སུ་ཐང་ལྷའི་གངས་སྤྲིན་དང་ན་བུམ་འཇའ་ཚོན་འཕྲོ་བ། སེང་གེས་བརྒྱན་པ། རྔོག་ལོའི་ཕྱོགས་སུ་གསང་ཕུ་ལུང་པ་ཞིག་གི་ཕུར་ནེའུ་གསེང་སྤང་སྒོང་དང་བཅས་པར། གཙུག་ལག་ཁང་དམར་པོ། གྲྭ་གཤག་དཀར་པོ། གཙུག་ལག་ཁང་གི་མཐིལ་དུ་འཆད་རྩོད་བརྩམ་གསུམ་གྱི་བཀོད་པ། བླ་མ་དགེ་འདུན་ཐམས་ཅད་ཞྭ་སེར་ཅན། དགོན་པའི་གཡོན་ལོགས་མདུན་དུ་སྤང་དིལ་ཤིང་སེ་བ་མེ་ཏོག་བཅས་པ་དང་། ཤུག་པ་ཕྲ་མོ་ལྟ་བུའི་ནགས་ཚལ་ཆུང་ངུ་བཅས་དཔེའུ་རིས་ལྟར། དཀོན་མཆོག་བསྟན་པ་རབ་རྒྱས་མདུན་འཇའ་གུར་གྱི་དབུས་སུ་རི་རབ་གླིང་བཞི་ཉི་ཟླ་དང་བཅས་པའི་མཎྜལ་གྱི་བཀོད་པ་མདོར་བསྡུས་གང་མཛེས་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་དང་། གཡས་གཡོན་དུ་མཆོད་པའི་བྱེ་བྲག །གཞན་ཡུལ་སྣང་གི་བཀོད་པ་རྣམ་འགྱུར་མི་འདྲ་བ་མ་གཏོགས་ས་ངོར་ཚར་གསུམ་གྱི་སྐབས་ལྟར་ཚང་མ་ཅི་མཛེས་སུ་བྲི། རྒྱབ་ཏུ་ཇོ་བོའི་སྐུ་གདན་ཁྲི་དང་བཅས་པའི་ཚད་དང་མཉམ་པའི་དབྱེན་ཟླུམ་མཆོད་རྟེན་ཐིག་རྩ་དང་ལྡན་པ་བུམ་སྒོ་དང་བཅས་པར་གསེར་བྱི་བ་བྱུགས་བྱས་པ་བྲིའོ། །མངྒ་ལཾ།། །།

Footnotes

Other Information