བདེ་འགུ་ཧ་སྙིང་གི་བསང་མཆོད་འདོད་རྒུ་གཡང་འཁྱིལ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-101
Wylie title bde 'gu ha snying gi bsang mchod 'dod rgu g.yang 'khyil JKCL-KABUM-11-DA-101.pdf
Location chos kyi blo gros bka' 'bum
Volume 11, Text 101, Pages 505-507 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bde 'gu ha snying gi bsang mchod 'dod rgu g.yang 'khyil. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 505-507. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པའང་བདེ་འགུ་སེར་སྐྱ་རྣམས་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཡིད་ལ་གང་ཤར་བྲིས་པ་འདིས་ཀྱང་སྣོད་བཅུད་ཀྱི་དགེ་མཚན་རབ་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ།།

/ces pa'ang bde 'gu ser skya rnams nas bskul ngor 'jam dbyangs chos kyi blo gros pas yid la gang shar bris pa 'dis kyang snod bcud kyi dge mtshan rab tu rgyas pa'i rgyur gyur cig__/mang+ga laM/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
བདེ་འགུ་ཧ་སྙིང་གི་བསང་མཆོད་འདོད་རྒུ་གཡང་འཁྱིལ་ཅེས་བྱ་བ་བཞུགས་སོ། །གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །གཞི་བདག་ཧ་སྙིང་དིལ་འགུར་ལ་བསང་མཆོད་བྱ་བར་འདོད་པས། བསང་རྫས་སྐྱེམས་ཕུད། དཀར་གཏོར་སྦྲུལ་དཀྲིས་ཅན་དང་། དམར་གཏོར་ཐེབ་སྐྱུ་ཅན་རྣམས་འདུ་བྱས་ལ། རྃ་ཡྃ་ཁྃ་གིས་མི་གཙང་བསྲེགས་གཏོར་བཀྲུས། །བསང་རྫས་ཟག་མེད་འདོད་ཡོན་སྤྲིན་ཕུང་འཁྲིགས། །ས་དང་བར་སྣང་ཀུན་ཏུ་རབ་ཁྱབ་ཅིང་། །དགྱེས་མཆོད་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ༴ སོགས། ནམ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས། ཀྱཻ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཆོས་སྐྱོང་ཚོགས། །ནོར་ལྷ་གཏེར་བདག་གཞི་བདག་རྣམས། །བསང་མཆོད་གནས་འདིར་སྤྱན་འདྲེན་གཤེགས། །ཁྱད་པར་ཡུལ་སྐྱོང་ཆེན་པོ་ནི། །ཧ་སྙིང་ཀླུ་ཡི་བང་མཛོད་ཆེ། །ཀླུ་རྒྱལ་དུང་སྐྱོང་རོལ་པའི་གནས། །ཕྱྭ་གཡང་འདོད་རྒུའི་སྤྲིན་ཕུང་འཁྲིགས། །རིན་ཆེན་གསེར་གྱི་དེའུ་དང་། །བྲག་རིའི་བ་གམ་བརྗིད་ཆགས་ཞིང་། །ལྷུན་སྟུག་ནགས་ཚལ་ཡིད་འོང་བཀྲ། །སྤང་ལྗོངས་གཡུ་ཡི་ནེའུ་སེང་མཛེས། །དེ་འདྲའི་གནས་མཆོག་དམ་པ་ན། །ཀླུ་ཆེན་དུང་སྐྱོང་དཀར་པོ་ནི། །བཙུན་མོ་སྲས་ཡུམ་འཁོར་བཅས་བཞུགས། །དགྱེས་རྒུའི་ལོངས་སྤྱོད་བསམ་མི་ཁྱབ། །སྒོ་སྲུང་ལྷ་ཡི་དགེ་བསྙེན་ནི། །གནོད་སྦྱིན་སྲིན་པོ་ལྕགས་ཁྲབ་ཅན། །རྒྱལ་མཚན་མདུང་དར་ཕྱག་ན་བསྣམས། །གཡག་རྒོད་ཁམ་པ་ལ་ཞོན་ཤིང་། །སྟག་དོམ་དྲེད་སོགས་རོལ་དུ་ཁྲིད། །སྤྲུལ་པ་མི་དམར་རྟ་དམར་འགྱེད། །བསྟན་པ་སྲུང་བའི་ལས་ལ་བརྩོན། །འདིར་གཤེགས་བསང་གི་མཆོད་པ་བཞེས། །ཕྱེ་མར་གངས་རི་ལྟར་སྤུངས་ཤིང་། །དཀར་མངར་སྐྱེམས་ཕུད་མཚོ་ལྟར་བསྐྱིལ། །བསང་གི་དུད་སྤྲིན་ཕྱོགས་བཅུར་འཐུལ། །ཉེར་སྤྱོད་འདོད་ཡོན་རྣམ་ལྔ་དང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ཀླུ་ནོར་ཉེར་གཅིག་ཀླུ་སྨན་དང་། །རྟ་གླང་གནག་ལུག་མ་ཧེ་སོགས། །རྐང་འགྲོས་བཞོན་པ་རྣམ་མང་དང་། །ཤ་རྐྱང་རི་དྭགས་སྤུ་སྡུག་མཛེས། །ཁྲབ་རྨོག་གོ་མཚོན་སྤྱན་གཟིགས་ཚོགས། །དཔག་མེད་ནམ་མཁའ་གང་བ་འདིས། །ཡུལ་སྐྱོང་ཆེན་པོ་འཁོར་བཅས་མཆོད། །འཁོན་དང་ཉམས་གྲིབ་འབག་བཙོག་གིས། །མནོལ་བ་སངས་ལ་འཐིབས་པ་དྭངས། །དགྱེས་ཞལ་གངས་རི་ལྟར་གསལ་ཞིང་། །ཆོས་འཁོར་གཉན་པོའི་བསྟན་པ་སྲུང་། །བདག་འཁོར་ཡོན་བདག་བུ་བཞིན་སྐྱོངས། །དགྲ་ཇག་ཆོམ་རྐུན་འཇིགས་པ་དང་། །བཙའ་སད་སེར་བའི་གནོད་པ་བཟློག །འབྲུ་ནོར་དཔལ་ཡོན་རབ་རྒྱས་ཤིང་། །དགེ་བཅུའི་དཔལ་གྱི་འབྱོར་པ་འཕེལ། །རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ནས། གཏོར་མ་སྐྱེམས་ཕུད་མཆོད་པར་བྱ་ཞིང་ལྷ་རྒྱལ་འབོད་དོ། །ཅེས་པའང་བདེ་འགུ་སེར་སྐྱ་རྣམས་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཡིད་ལ་གང་ཤར་བྲིས་པ་འདིས་ཀྱང་སྣོད་བཅུད་ཀྱི་དགེ་མཚན་རབ་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ།། །།

Footnotes

Other Information