གནོད་སྦྱིན་བེག་གདོང་ལྕམ་དྲལ་ལ་བསང་མཆོད་བསྡུས་པ་ཕྲིན་ལས་མྱུར་འགྲུབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-069
Wylie title gnod sbyin beg gdong lcam dral la bsang mchod bsdus pa phrin las myur 'grub JKCL-KABUM-11-DA-069.pdf
Location chos kyi blo gros bka' 'bum
Volume 11, Text 69, Pages 361-363 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gnod sbyin beg gdong lcam dral la bsang mchod bsdus pa phrin las myur 'grub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 361-363. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Deity gnod sbyin beg gdong lcam dral
Colophon

།ཅེས་པའང་འཛམ་ཐང་རྒྱལ་བ་སེང་གེའི་སྐུ་འཕྲིང་། གདོང་སྤྲུལ་རིན་པོ་ཆེ་ཀུན་དགའ་འཆི་མེད་དབང་པོས་བཀའ་ལུང་ཕེབས་པ་ལྟར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ། སརྦ་ཨརྠ་སིདྡྷི་རསྟུ།།

/ces pa'ang 'dzam thang rgyal ba seng ge'i sku 'phring /__gdong sprul rin po che kun dga' 'chi med dbang pos bka' lung phebs pa ltar 'jam dbyangs chos kyi blo gros pas bris pa dge legs 'phel/__sarba ar+tha sid+d+hi rastu//

1 Texts in this Section (sde tshan or chos tshan)

[edit]
གནོད་སྦྱིན་བེག་གདོང་ལྕམ་དྲལ་ལ་བསང་མཆོད་བསྡུས་པ་ཕྲིན་ལས་མྱུར་འགྲུབ་བཞུགས། ཧྱ་གྷྲཱི་ཝ་ལ་ན་མོ། དེ་ལ་འདིར་དབང་མཛད་བཀའ་ཡི་སྲུང་མ་གནོད་སྦྱིན་ཤན་པ་དམར་པོ་ལ་བསངས་མཆོད་འབུལ་བར་འདོད་པས་མཆོད་གཏོར་སྐྱེམས་ཕུད། བསངས་རྫས་སྣ་ཚོགས་ཤིང་རྩིར་བསྲེགས་པའི་དུད་པ་འཐུལ་བ་དང་བཅས། མཆོད་རྫས་རྣམས་ལ་ཆུ་གཙང་གིས་བྲན། རྃ་ཡྃ་ཁྃ། མི་གཙང་བའི་དྲི་མ་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་རྒྱས་པར་སྤེལ། རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ སྔོན་ཚེ་དཔལ་ཆེན་པདྨ་དབང་གི་རྒྱལ། །སྤྱན་སྔར་ཁས་བླངས་གནོད་སྦྱིན་ལྕམ་དྲལ་ཚོགས། །འདིར་གཤེགས་བདུད་རྩི་བསང་གི་མཆོད་པ་བཞེས། །དབང་དྲག་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཁྱོད་ལ་དགྱེས་པའི་དམ་རྫས་འབུལ་བ་ནི། །བརྟེན་ཅིང་ཆགས་པའི་ཕྱི་ནང་གསང་བའི་རྫས། །ར་དམར་ཁྲག་ཆང་སྦྱར་བའི་ཨརྒྷཾ་དང་། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་ཁྲག་རུས་པའི་གཏོར་མ་ལྷུན་པོར་སྤུངས། །རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་སྐྱེམས་ཕུད་དང་། །དྲག་པོའི་ཉེར་སྤྱོད་འདོད་ཡོན་རྣམ་པ་ལྔ། །ཐོད་རྔ་རྐང་གླིང་གསང་བའི་རྔ་ཆུང་སོགས། །རྔམས་བརྗིད་ལྡན་པའི་སྒྲུབ་དང་མཆོད་པའི་རྫས། །ཁྲག་གི་རྒྱ་མཚོ་བསེ་ཡི་སྐུ་མཁར་དང་། །ཞིང་ཆེན་བླ་བྲེ་མི་རོའི་རྒྱལ་མཚན་ཕྱར། །བམ་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ། །སྲིན་བྱ་འུག་པ་མང་པོ་ཧ་ཧར་དགོད། །སྟག་གཟིགས་དོམ་དྲེད་མང་པོ་འདུར་འུར་རྒྱུག །ཁྱི་དམར་རབ་གཏུམ་མཆེ་བ་རྣོན་པོ་གཙིགས། །མདའ་མདུང་རལ་གྲི་གོ་མཚོན་ལ་སོགས་པ། །ཤིན་ཏུ་འཇིགས་རུང་མི་བཟད་དྲག་པོའི་གནས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་འབུལ། །ཁྱད་པར་བཟང་ཤིང་སྣ་ཚོགས་བསྲེགས་པའི་མེར། །དགོས་དགུ་སྣ་ཚོགས་སྦྱར་ཏེ་བསྲེགས་པ་ཡི། །དུད་སྤྲིན་ཆོས་དབྱིངས་ཁྱབ་པར་འབུལ་བ་ལས། །བྱུང་བའི་མི་ཟད་འདོད་ཡོན་རྒྱ་མཚོའི་སྤྲིན། །སོ་སོའི་ཐུགས་དང་མཐུན་པར་འཆར་བ་འདིས། །གནོད་སྦྱིན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐངས། །བཀའ་སྡོད་ཤན་པའི་ཚོགས་ཀྱི་ཐུགས་དམ་བསྐངས། །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐངས། །ཐུགས་དང་འགལ་བའི་ནོངས་པ་ཅི་མཆིས་པ། །སྙིང་ནས་བཤགས་སོ་རྔམས་པའི་ཞལ་རས་སྟོན། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ལ་ཕྲིན་ལས་གཉན་པོ་གསོལ་བ་ནི། །དཀོན་མཆོག་བསྟན་ལ་སྡང་བའི་བདུད་སྡེ་རྣམས། །མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོད། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །མི་སྲུན་ལོག་པར་སེམས་པའི་དགྲ་དང་བགེགས། །ཞག་དང་ཟ་མར་མ་འགྱངས་མྱུར་དུ་སྒྲོལ། །ཤ་ཁྲག་རུས་གསུམ་དཔའ་བོའི་རྔམས་ཟས་མཛོད། །ལྷ་ཀླུ་མི་ཡི་འགྲོ་བ་དབང་དུ་བསྡུས། །ཚེ་བསོད་ཆོས་ནོར་འདོད་རྒུའི་སྤྲིན་ཆེན་གྱིས། །གྲུབ་གཉིས་ནོར་བུའི་ཆར་པ་ཕྱོགས་བརྒྱར་འབེབས། །ཕན་བདེའི་དགེ་མཚན་འཕེལ་བའི་ཕྲིན་ལས་མཛོད། །ཅེས་སྐྱེམས་ཕུད་གཙང་སར་འཐོར། གཏོར་མ་བསངས་མེར་མཆོད་ནས་རྗེས་ཀྱི་རིམ་པ་རྣམས་བྱའོ། །ཅེས་པའང་འཛམ་ཐང་རྒྱལ་བ་སེང་གེའི་སྐུ་འཕྲིང་། གདོང་སྤྲུལ་རིན་པོ་ཆེ་ཀུན་དགའ་འཆི་མེད་དབང་པོས་བཀའ་ལུང་ཕེབས་པ་ལྟར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ། སརྦ་ཨརྠ་སིདྡྷི་རསྟུ།། །།

Footnotes

Other Information