ཚེ་གཡང་འགུག་པ་ལ་སྦྱར་རྒྱུའི་བསང་མཆོད་འདོད་རྒུའི་སྤྲིན་ཕུང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-068
Wylie title tshe g.yang 'gug pa la sbyar rgyu'i bsang mchod 'dod rgu'i sprin phung JKCL-KABUM-11-DA-068.pdf
Location chos kyi blo gros bka' 'bum
Volume 11, Text 68, Pages 357-359 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. tshe g.yang 'gug pa la sbyar rgyu'i bsang mchod 'dod rgu'i sprin phung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 357-359. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཆོས་ཀྱི་བློ་གྲོས་པས་སོ།།

/chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
ཚེ་གཡང་འགུག་པ་ལ་སྦྱར་རྒྱུའི་བསང་མཆོད་འདོད་རྒུའི་སྤྲིན་ཕུང་ཅེས་བྱ་བ་བཞུགས་སོ། བླ་མ་ནོར་ལྷའི་ཚོགས་ལ་བསང་མཆོད་འབུལ་བར་འདོད་པས་བསང་རྫས་མཆོད་གཏོར་རྣམས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། དབྱངས་རོལ་དང་བཅས། ཀྱཻ། ཆོས་དབྱིངས་ཞིང་ཀུན་རྒྱས་པར་གང་བ་ཡི། །བླ་མ་རྩ་གསུམ་ནོར་ལྷ་རྒྱ་མཚོའི་ཚོགས། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །ཟག་མེད་བསང་མཆོད་བདུད་རྩིའི་སྤྲིན་ཕུང་བཞེས། ཀྱཻ། སྔོན་གྱི་དྲང་སྲོང་ཆེན་པོའི་ལུགས་བཞིན་དུ། །གོས་དཀར་འབར་བ་ཆེན་པོའི་མེ་ཡི་ཀློང་། །བཟང་ཤིང་སྣ་ཚོགས་སྦྱར་བའི་དུད་སྤྲིན་འཐིབས། །ཕྱེ་མར་གངས་རི་ལྟར་སྤུངས་ཇ་ཆང་དང་། །བདུད་རྩི་འོ་མའི་གསེར་སྐྱེམས་མཚོ་ལྟར་བསྐྱིལ། །རྣམ་མང་སྲིད་དང་ཞི་བའི་འབྱོར་པ་དང་། །ཕུན་ཚོགས་དཔལ་ཀུན་དབང་དུ་བྱེད་པ་ཡི། །བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་དང་། །ཉེ་བའི་རིན་ཆེན་བདུན་དང་འདོད་འཇོའི་བ། །དཔག་བསམ་ཤིང་དང་ཁྲུས་རྫིང་སྐྱེད་ཚལ་དང་། །རིན་ཆེན་སྣ་ཚོགས་རི་བོས་ཁོར་ཡུག་བརྗིད། །ལྷ་དང་ཀླུ་དབང་གྲུབ་པ་རིག་འཛིན་དང་། །དྲང་སྲོང་ཚོགས་ཀྱིས་ཉེ་བར་བསྟེན་པ་ཡི། །བྲག་རིའི་བ་གམ་བཀོད་ལེགས་སྨན་ཤིང་གི །ནགས་ཚལ་ཉམས་དགའ་ལྷ་མིའི་མེ་ཏོག་དང་། །བྱ་དང་རི་དྭགས་སྤུ་སྡུག་ཡིད་དུ་འོང་། །རྟ་གཡག་མ་ཧེ་གནག་ལུག་ལ་སོགས་པ། །མདོར་ན་སྲིད་པ་གསུམ་གྱི་འབྱོར་པའི་ཚོགས། །གཅིག་ཏུ་སྤུངས་པའི་མཆོད་སྤྲིན་ཆེན་པོ་དང་། །འདོད་པའི་ཡོན་ཏན་རྣམ་མང་འཕྲུལ་པ་ཡིས། །སྔོ་སང་དུ་བའི་ལྷ་མོ་ཡིད་འཕྲོག་མས། །ཟག་མེད་བདེ་བའི་དབང་པོ་དགྱེས་བསྐྱེད་པའི། །འདོད་ཡོན་དྲུག་གི་མཆོད་པའི་རོལ་མོ་ནི། །ཀུན་ཏུ་བཟང་པོ་ཏིང་ངེ་འཛིན་གྱི་སྒོ། །ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་བསམ་ལས་འདས། །འཛད་མེད་དཔག་པར་དཀའ་བའི་དགྱེས་སྤྲིན་འདིས། །མ་ཧཱ་གུ་རུ་ཨོ་རྒྱན་ཚེ་དཔག་མེད། །རྒྱས་མཛད་རཏྣ་ཐོད་ཕྲེང་ཡབ་ཡུམ་དང་། །གནོད་སྦྱིན་གཏེར་འཆང་རྒྱ་མཚོའི་སྡེ་དཔོན་ནི། །རིན་ཆེན་མང་སྤྲུལ་རྒྱལ་ཆེན་རྣམ་ཐོས་སྲས། །ལྷ་མོ་དཔལ་དང་རྟ་བདག་བརྒྱད་ལ་སོགས། །འཁོར་ཚོགས་སྤྲུལ་པར་བཅས་པ་ཐམས་ཅད་དང་། །བྱང་ཆུབ་སེམས་མ་ནོར་གྱི་རྒྱུན་སྟེར་མ། །རྨུག་འཛིན་དབང་པོ་ལ་སོགས་ནོར་གྱི་ལྷ། །བྱེ་བ་བསམ་མི་ཁྱབ་པ་ཐམས་ཅད་ལ། །བདུད་རྩི་བསང་གི་མཆོད་པ་འདི་འབུལ་ལོ། །དགྱེས་པའི་ཞལ་བཟང་ཉི་ཟླ་ལྟར་གསལ་ཞིང་། །ཕུན་ཚོགས་དགེ་ལེགས་ནོར་བུའི་དངོས་གྲུབ་སྟེར། །དབུལ་བའི་གདུང་སེལ་འདོད་རྒུའི་འབྱོར་པ་ཡིས། །སྲིད་ཞིའི་ལེགས་ཚོགས་དཔག་བསམ་ཤིང་ལྟར་རྒྱས། །སྙན་གྲགས་ལྷ་ཡི་རོལ་མོ་ཕྱོགས་བཅུར་ཁྱབ། །ཕུན་ཚོགས་སྡེ་བཞི་དབང་དུ་བསྡུ་བ་དང་། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་སྩོལ། །ཅེས་ཕྱེ་མར་གསེར་སྐྱེམས་མཆོད་དོ། །ཅེས་པའང་རྡོར་འཛིན་བླ་མ་ཆོས་གྲགས་ཀྱིས་སྐྱེས་དང་བཅས་བསྐུལ་བའི་བཞེད་སྐོང་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཀཿཐོག་རྡོ་རྗེ་གདན་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།ཀྱཻ། བྱང་ཆུབ་སེམས་མ་དཔལ་ཆེན་མོ། །གྲོགས་མོ་ལྷ་མོ་བརྒྱད་པོ་དང་། །ནོར་ལྷ་གཏེར་བདག་འཁོར་བཅས་དང་། །ཚོགས་བདག་མི་མགོན་དཀར་པོ་དང་། །སྤོམ་ར་ལ་སོགས་འཁོར་བཅས་རྣམས། །འདིར་གཤེགས་བསང་མཆོད་དམ་པ་བཞེས། །འཁོར་འདས་ཕྱྭ་གཡང་གནས་འདིར་བསྡུས། །སྲིན་རྐུན་བསེ་རག་གནོད་པ་སྲུངས། །ཚེ་གཡང་དཔལ་འབྱོར་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཆོས་ཀྱི་བློ་གྲོས་པས་སོ།། །།

Footnotes

Other Information