སྨན་བསང་བདུད་རྩིའི་ཆར་འབེབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-067
Wylie title sman bsang bdud rtsi'i char 'bebs JKCL-KABUM-11-DA-067.pdf
Location chos kyi blo gros bka' 'bum
Volume 11, Text 67, Pages 343-355 (Folios 1a to 7a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sman bsang bdud rtsi'i char 'bebs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 343-355. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པའང་རབ་བྱུང་༡༦པའི་ཆུ་བྱ་ལོར་རྫོང་གསར་བཀྲ་ཤིས་ལྷ་རྩེར་རིན་ཆེན་སྨན་གྱི་སྦྱོར་བ་བགྱིས་པའི་སྐབས་ཁྲུམས་ཟླ་༨པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་བཀྲ་ཤིས་དགེ་མཚན་མཆོག་ཏུ་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།།

/ces pa'ang rab byung 16pa'i chu bya lor rdzong gsar bkra shis lha rtser rin chen sman gyi sbyor ba bgyis pa'i skabs khrums zla 8pa'i dkar phyogs kyi rgyal ba dang po la 'jam dbyangs blo gros rgya mtshos bris pa bkra shis dge mtshan mchog tu rgyas par gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །སྨན་བསང་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རིག་པའི་རྒྱལ་པོ་སྨན་གྱི་བླ་མ་དང་། །རྩ་གསུམ་ཀུན་འདུས་ཨོ་རྒྱན་བླ་མ་ལ། །གུས་པས་བཏུད་ནས་བསང་མཆོད་ཉུང་དུ་བྲི། །སྨན་སྐྱོང་སྲུང་མས་དགྱེས་པའི་ཞལ་བཟང་ངོམས། །དེ་ལ་འདིར་ཞི་བྱེད་སྨན་གྱི་ལས་དང་རྗེས་སུ་འབྲེལ་བའི་རྩ་གསུམ་ལྷ་ཚོགས་ལ་བསང་མཆོད་འབུལ་བར་འདོད་པས། ཕྱེ་ཕུད་མཆོད་གཏོར་གསེར་སྐྱེམས་ཤིང་རྩི་དྲི་བཟང་གི་དུད་པ་དང་དར་དཀར་མདའ་དར་རྔ་གླིང་རོལ་མོའི་སྒྲ་དང་བཅས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་པར། །ཨཱཿལས་བསང་རྫས་ཟག་མེད་བདུད་རྩི་ཆེ། །ཧཱུྃ་གིས་གང་འདོད་ནམ་མཁའ་མཛོད་ཀྱི་སྤྲིན། །རྒྱ་ཆེན་རྒྱུན་མི་ཆད་པའི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ། བཛྲ་སྥ་ར་ཎ་ཁཾ་གྱིས་རྒྱས་པར་སྤེལ། སྤྱན་འདྲེན་པ་ནི། ཀྱེ། བླ་མ་རིགས་འདུས་སྨན་རྒྱལ་རྡོ་རྗེ་འཆང་། །རིགས་ལྔ་ཡབ་ཡུམ་དབང་ཆེན་རྟ་མཆོག་དཔལ། །རྡོ་རྗེ་ཕག་མོ་མཁའ་འགྲོ་སྡེ་ལྔ་དང་། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་སོགས། །རྩ་གསུམ་ལྷ་ཚོགས་བསང་མཆོད་གནས་འདིར་གཤེགས། བཛྲ་ས་མཱ་ཡ་ཛཿཞེས་སྤྱན་དྲངས། རིན་ཆེན་སེང་ཁྲི་པད་ཟླ་ཉི་མ་དང་། །རོ་གདན་དར་ཟབ་འབོལ་ཆེན་བརྩེགས་པ་སོགས། །རང་རང་དགྱེས་པའི་གདན་ཁྲི་ལ་བཞུགས་ནས། །དགྱེས་པའི་ཞལ་བཟང་ངོམ་བཞིན་མཆོད་པ་བཞེས། །པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་གཙང་མར་སྦྱར་བའི་མཆོད་པ་རྣམ་མང་ནི། །ལྷ་ཡི་ཆུ་བོའི་མཆོད་ཡོན་མཚོ་ལྟར་འཁྱིལ། །དག་ཅིང་དྲི་བྲལ་ཞབས་བསིལ་གངྒའི་རྒྱུན། །ཐང་སྐྱེས་ཆུ་སྐྱེས་རྣམ་བཀྲའི་མེ་ཏོག་ཚལ། །སྦྱར་དང་ལྷན་སྐྱེས་སྤོས་དུད་སྤྲིན་ལྟར་གཏིབ། །ཉི་ཟླ་རིན་ཆེན་སྒྲོན་མེའི་སྣང་གསལ་དང་། །ག་བུར་ཙནྡན་གུར་གུམ་དྲི་བཟང་ཆབ། །རོ་བརྒྱ་ལྡན་པའི་ཞལ་ཟས་རྣམ་མང་པོ། །རྔ་ཆེན་སིལ་སྙན་དུང་གླིང་རོལ་མོའི་ཚོགས། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱད་པར་དབྱིངས་ཕྱུག་སྤྱན་མའི་ཐབ་ཁུང་དུ། དམ་ཚིག་ཌཱ་ཀིའི་ཤུགས་ཀྱིས་བསྐུལ་བ་ལས། །ལྷ་མོ་གོས་དཀར་འབར་བའི་ཀློང་ཆེན་པོར། །རིན་ཆེན་འབྲུ་སྨན་དར་ཟབ་བཟའ་བཏུང་སོགས། ལྷ་ཤིང་ཤུག་པ་ཙནྡན་ཨ་ག་རུ། །ཤ་ཀ་རུ་དང་དུ་རུ་ཀ་དང་ནི། །སྤོས་དཀར་མཁན་སེར་བ་ལུ་ཕུར་དཀར་སོགས། །བཟང་ཤིང་སྣ་ཚོགས་རྣམས་དང་སྦྱར་བ་ཉིད། །བསྲེགས་པའི་དུད་སྤྲིན་གཟུགས་ཀྱི་ལྷ་མོ་ནི། །ཕྱག་གཡས་ཁྲུས་བུམ་གཡོན་པས་སྨན་གཞོང་བསྣམས། །མི་གཙང་རྨུ་གབ་རོ་བག་གྲིབ་ལ་སོགས། །བཀྲུས་ཤིང་སྨན་སྤྲིན་དཔག་མེད་འཐིབ་པ་ལས། །ལྷ་ཀླུ་ས་བདག་གཉན་གྱི་ནད་རྣམས་གསོས། །འགོ་བའི་རིམས་སོགས་བཞི་བརྒྱ་རྩ་བཞིའི་ནད། །ཞི་བྱེད་སྨན་གྱི་ལྷ་མོའི་ཐུགས་རྗེའི་ཆར། །དལ་གྱིས་འབེབས་པས་སྣོད་བཅུད་དགེ་མཚན་རྒྱས། །དུད་སྤྲིན་སྤོས་ཀྱི་གླང་པོའི་གོམ་སྟབས་ལས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་སྤྲོ། །རེ་རེས་བྱེ་བ་བརྒྱ་ཕྲག་མང་པོ་ཡི། །ས་དང་བར་སྣང་མ་ལུས་ཀུན་ཏུ་ཁྱབ། །གཞན་ཡང་གླིང་བཞི་གླིང་ཕྲན་རི་རབ་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །གཏེར་ཆེན་བུམ་པ་བཟང་དང་དཔག་བསམ་ཤིང་། །མ་རྨོས་ལོ་ཏོག་འདོད་པ་འཇོ་བའི་བ། །རྟ་མཆོག་སྤུ་སྡུག་ཤིན་ཏུ་མཛེས་པ་ནི། །དཀར་སེར་དམར་སྔོ་ནག་དང་མཚལ་ལུ་པོ། །སྤྲིན་གྱི་ཤུགས་འཆང་ཅང་ཤེས་ཚོགས་རྣམས་ལ། །རིན་ཆེན་སྒ་སྲབ་མཛེས་པའི་རྒྱན་ཆ་དང་། །གླང་ཆེན་མ་ཧེ་བ་གླང་གནག་ལུག་ར། །ལྷ་གཡག་དཀར་ནག་ཚོགས་རྣམས་སྤུ་ཞོལ་བརྗིད། རྣོ་བའི་རྭ་གཉིས་གནམ་དུ་བསྙེགས་པར་བརྐྱང་། །ལྕེ་དམར་གློག་འོད་ལྟ་བུར་འཕྲོ་བ་ཡིས། །འཇིགས་པའི་ངར་སྒྲ་དང་བཅས་ཕྱོགས་ཀུན་རྒྱུག །ཁྱི་ནག་དོམ་བུ་མང་པོས་ཁྲག་རྗེས་གཅོད། །ཤ་རྐྱང་རྣ་དགོ་བསེ་རུ་ལ་སོགས་པ། །མཛེས་ཤིང་ཡིད་དུ་འོང་བའི་རི་དྭགས་དང་། །གཤོག་རྩལ་ལྷབ་ཞིང་སྐད་སྙན་སྒྲོགས་པ་ཡི། །བྱ་དང་བྱེའུ་བསྒྲང་ལས་འདས་པ་དང་། །ཡན་ལག་བརྒྱད་ལྡན་རོལ་མཚོ་འཁྱིལ་པའི་ནང་། །ཀླུ་དབང་ཀླུ་ནོར་དཀོར་ཆས་གཏམས་པ་དང་། །དར་ཟབ་སྣ་ཚོགས་གསེར་དངུལ་བཻཌཱུཪྻ། །མུ་ཏིག་བྱེ་རུ་མུ་མེན་ཕ་ལམ་དང་། །ཚ་གྲང་ནད་སེལ་བཟང་དྲུག་སྨན་ལ་སོགས། །རོ་ནུས་ལྡན་པའི་སྨན་སྣ་མང་པོ་དང་། །དགོས་འབྱུང་བསམ་འཕེལ་དབང་གི་རྒྱལ་པོ་སོགས། །བརྟན་གཡོའི་དངོས་པོ་ཁྱད་པར་འཕགས་པ་ཡི། །བསང་མཆོད་དམ་པ་འབུལ་གྱིས་དགྱེས་པར་བཞེས། །ཕྱེ་མར་གངས་ཀྱི་རི་བོ་ལྟར་སྤུངས་ཤིང་། །དཀར་མངར་གསེར་སྐྱེམས་མ་དྲོས་མཚོ་ལྟར་འཁྱིལ། །རོལ་མོའི་ཚོགས་ཀྱིས་སྲིད་གསུམ་ཀུན་ཏུ་ཁྱབ། །གདུགས་དང་རྒྱལ་མཚན་འཕན་ཆེན་བླ་བྲེ་ཆེ། །བཀྲ་ཤིས་དུང་གི་སྒྲ་ཆེན་ཕྱོགས་བརྒྱར་སྒྲོགས། །དེ་ལྟར་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ། །བསང་དུད་ཟག་མེད་བདུད་རྩིའི་སྤྲིན་ཕུང་འདིས། །ཕྱོགས་བཅུ་དུས་གསུམ་བསྐལ་བཟང་སངས་རྒྱས་དང་། །རིགས་གསུམ་མགོན་པོ་སེམས་དཔའ་སེམས་མའི་ཚོགས། །གསུང་རབ་དམ་པའི་ཆོས་ཀྱི་གཏེར་ཆེན་དང་། །ཐེག་པ་ཆེ་ཆུང་དགེ་འདུན་ཐམས་ཅད་ཀྱིས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་རྒྱུ་འབྲས་ནད་རྣམས་འཇོམས་མཛད་པ། །ཐུགས་བསྐྱེད་རྨད་བྱུང་བདེ་གཤེགས་མཚན་ལེགས་དང་། །གཟི་བརྗིད་སྒྲ་དབྱངས་གསེར་བཟང་དྲི་མེད་དཔལ། །མྱ་ངན་མེད་དང་ཆོས་གྲགས་རྒྱ་མཚོའི་དབྱངས། །མངོན་མཁྱེན་རྒྱལ་པོ་བཻཌཱུཪྻ་ཡི་འོད། །ཤཱཀྱ་ཐུབ་པ་འཇམ་དབྱངས་སྐྱབས་གྲོལ་དང་། །ཕྱག་རྡོར་ལ་སོགས་བདེ་གཤེགས་སྲས་བཅས་རྣམས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །རིགས་འདུས་བླ་མ་སྨན་རྒྱལ་རྡོ་རྗེ་འཆང་། །རྣམ་སྣང་རིན་འབྱུང་སྣང་མཐའ་དོན་ཡོད་གྲུབ། །དབྱིངས་ཕྱུག་སྤྱན་མ་མཱ་ཀཱི་གོས་དཀར་དང་། །དམ་ཚིག་སྒྲོལ་མ་ལ་སོགས་རིགས་ལྔའི་ཚོགས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་དང་། །འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལྷ། །ཞི་དང་ཁྲོ་བོའི་རོལ་གར་མཐའ་ཡས་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །སྨན་རྒྱུད་ལེགས་སྟོན་ཆོས་ཀྱི་མཛོད་འཛིན་པ། །དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་པ་དང་། །རིག་པའི་ཡེ་ཤེས་ཆེན་པོ་རྣམ་པ་གཉིས། །རྒྱུན་ཤེས་ནབས་སོ་སྐྱེས་དང་ཐང་ལ་འབར། །དཀའ་གཉིས་སྤྱོད་དང་འདྲོ་སྐྱོང་མེ་བཞིན་འཇུག །ལུག་ནག་རྒྱ་སྐྱེགས་སྣ་དང་ཟླ་བའི་མཆོག །ལན་ཚྭའི་མཆོག་དང་དཔལ་ལྡན་ཕྲེང་བ་དང་། །དཔལ་ལྡན་ཕུན་ཚོགས་དྲང་སྲོང་བཤོལ་འགྲོ་སྐྱེས། །ཉི་སྙིང་ཟླ་བའི་འོད་ཟེར་ཀུན་དགའ་བོ། །འཚོ་བྱེད་གཞོན་ནུ་ཀླུ་སྒྲུབ་སྙིང་པོ་དང་། །དཔལ་ལྡན་དགའ་དང་ཟླ་མངོན་བཻ་རོའི་ཞབས། །མཁན་ཆེན་ཞི་འཚོ་ཁྲི་སྲོང་ལྡེའུ་བཙན། །ཆོས་རྒྱལ་རིམ་བྱོན་དཱི་པཾ་ཀ་ར་དང་། །གྲྭ་པ་མངོན་ཤེས་དབུས་པ་དར་གྲགས་ཞབས། །དགེ་སློང་དཀོན་སྐྱབས་གཡུ་ཐོག་ཡོན་ཏན་མགོན། །ཡེ་ཤེས་གཟུངས་དང་འབོ་སེ་ཀུན་དགའ་དང་། །ཟླ་འོད་གཞོན་ནུ་དྭགས་པོ་ཙནྡྲ་པ། །འཚོ་མཛད་རྒྱལ་པོ་ཚར་ལུང་གཡུ་ཐོག་པ། །བན་མོ་ག་ག་བྲང་ཏི་དཀོན་མཆོག་སྐྱབས། །འཇམ་དཔལ་རྒྱལ་མཚན་ཉི་མགོན་གཟི་བརྗིད་འབར། །སེམས་དཔའ་ཞང་སྟོན་དགེ་འབུམ་སྨན་མོ་ཆེ། །དཔལ་ལྡན་གཞོན་ནུ་སངས་རྒྱས་རིན་ཆེན་དང་། །བཛྲ་དོན་གྲུབ་རྒྱལ་མཚན་དཀོན་མཆོག་སྐྱབས། །དཔལ་ལྡན་འཚོ་བྱེད་ཟུལ་ཕུ་སྨན་མོ་ཆེ། །བསོད་དབང་མཚུངས་མེད་རི་ཁྲོད་ཟུར་མཁར་རྗེ། །དཀོན་དཔལ་ནམ་མཁའ་བདུད་འཇོམས་མངྒའི་མཚན། །ཆོས་དབྱིངས་རང་གྲོལ་རྡོ་རྗེ་ཐོགས་མེད་རྩལ། །འགྱུར་མེད་རྡོ་རྗེ་རིན་རྣམ་ཆོས་ཉིད་མཚན། །པདྨ་བཤེས་གཉེན་ཀུན་བཟང་བདུད་འདུལ་དང་། །མཆོག་གྲུབ་བློ་གསལ་དཔལ་བཟང་བྱམས་མགོན་གྲུབ། །ཆོས་དབང་དྷརྨ་ཀཱི་རྟི་དཀོན་ལྷུན་དང་། །ཕྲིན་བཟང་བསྟན་འཛིན་དཀོན་མཆོག་དོན་གྲུབ་དང་། །བསྟན་པའི་ཉིན་བྱེད་མཆོག་དགའ་འོད་གསལ་རྗེ། །མཁྱེན་བརྩེའི་དབང་པོ་བློ་གྲོས་མཐའ་ཡས་ཞབས། །མི་ཕམ་རྣམ་པར་རྒྱལ་བའི་མཚན་ཅན་སོགས། །ཁྱད་པར་ཟུར་བྱང་བརྒྱུད་པའི་ཕྲེང་མཛེས་ཀྱི། །དྲང་སྲོང་འཚོ་བྱེད་བརྒྱུད་པའི་བླ་མའི་ཚོགས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །གྲུབ་པའི་སྦྱོར་བ་བཅུད་ལེན་སྲོལ་འབྱེད་ཆེ། །བྱཱ་ད་ལི་དང་ཀླུ་སྒྲུབ་ཀར་ཎ་རི། །ཡེ་ཤེས་ཌཱཀྐཱི་མཁས་གྲུབ་ཨོ་རྒྱན་པ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་ལ་སོགས་པ། །མན་ངག་བརྒྱུད་པའི་བླ་མའི་ཚོགས་རྣམས་ཀྱིས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། ཀྱེ། བདུད་རྩི་གྲུབ་པའི་སློབ་དཔོན་བདེ་བ་ཆེ། །པདྨ་འབྱུང་གནས་གཉགས་ཆེན་ཛྙཱ་ན་སོགས། །ངོ་མཚར་གྲུབ་པའི་སློབ་དཔོན་ཚོགས་རྣམས་དང་། །དཔལ་ཆེན་ཆེ་མཆོག་གནམ་ཞལ་དབྱིངས་ཕྱུག་མ། །མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་སོགས། །སྣོད་བཅུད་གདོད་ནས་དག་པའི་བདུད་རྩི་ཆེའི། །དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་བཅས་པ་དང་། །དཔལ་ལྡན་མགོན་པོ་རྡོ་རྗེ་ནག་པོ་ཆེ། །འདོད་ཁམས་དབང་ཕྱུག་མ་ཧཱ་ཀཱ་ལི་དང་། །ཞིང་སྐྱོངས་སྟོབས་འཕྲོག་དབང་པོ་དུར་ཁྲོད་བདག །ཚངས་དང་དབང་ཕྱུག་བརྒྱ་བྱིན་ཕྱོགས་སྐྱོང་དང་། །འཇིགས་བྱེད་དགུ་དང་མ་མོ་འབར་མ་བདུན། །རྒྱལ་ཆེན་སྡེ་བཞི་གཟའ་དང་རྒྱུ་སྐར་ཚོགས། །ཀླུ་རྒྱལ་ཝཱ་རུ་ཎ་དང་འཇོག་པོ་སོགས། །གཙང་རིགས་དཔལ་མགོན་དཀར་ཕྱོགས་སྐྱོང་རྣམས་དང་། །དེ་བཞིན་བོད་ཁམས་སྐྱོང་བའི་བརྟན་མ་ཆེ། །རྡོ་རྗེ་གཡུ་སྒྲོན་ཐང་ལྷ་སྤོམ་ར་གཉེན། །གེ་སར་རྡོ་རྗེ་ཚེ་ཡི་རྒྱལ་པོ་སོགས། །ལྷ་ཀླུ་གཞི་བདག་དགེ་བསྙེན་རྨུ་བདུད་བཙན། །རྒྱལ་པོ་གིང་ཆེན་གནོད་སྦྱིན་ཐེའུ་རང་སོགས། །ཁྱད་པར་སྨན་སྲུང་ལྷ་མོ་དཀར་མོ་ནི། །ཕྱག་ན་རིན་ཆེན་པི་ཝཾ་སྒྲོགས་པ་དང་། །དེ་བཞིན་སེར་མོ་བྱ་རྒོད་གླིང་བུ་བསྒྱུར། །དམར་མོ་མི་རྐང་གླིང་བུ་ཙེ་རེ་རེ། །ལྗང་མོ་དངུལ་དཀར་མེ་ལོང་སྟོན་པ་དང་། །སྨན་གྱི་ལྷ་མོ་ཆེན་མོ་རྣམ་པ་བརྒྱད། །དཀར་མོ་མ་བདུན་དུས་ཚོད་རྒྱུ་བའི་ལྷ། །རྩི་ཤིང་སྨན་དང་ནགས་ཀྱི་ལྷ་མོའི་ཚོགས། །སྨན་གྱི་གཉེར་འཛིན་བྱེ་བ་བསམ་ལས་འདས། །བཀའ་སྲུང་ཀུན་གྱི་སྡེ་དཔོན་གནོད་སྦྱིན་ཆེ། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་དང་། །ཨེ་ཀ་ཛ་ཊཱི་ཁྱབ་འཇུག་ལྕེ་སྤྱང་གདོང་། །ཤན་པ་དམར་པོ་སྲོག་གི་སྤུ་གྲི་ཆེ། །སྲིན་མོ་བདུད་མོ་སྲོག་བདག་ལ་སོགས་པ། །བཀའ་སྡོད་བྲན་གཡོག་སྤྲུལ་དང་ཡང་འཁོར་བཅས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །ཇི་འཇིགས་ལ་སོགས་གནོད་སྦྱིན་བཅུ་གཉིས་དང་། །ལེགས་ཉེས་མངོན་ཤེས་ཉེ་བར་སྟོན་མཛད་པའི། །དུང་གི་ཁྱེའུ་ཆུང་གཡུ་ཡི་ཟུར་ཕུད་ཅན། །མདའ་དར་མེ་ལོང་སྦ་གླིང་སྙན་པ་འགྱུར། །ཡེ་ཤེས་ལྷ་མོ་དཀར་དང་སྨྲ་བྱེད་སེར། །རྣོ་བྱེད་ལྷ་མོ་དམར་དང་དྲང་སྲོང་ཚོགས། མངོན་ཤེས་རྫུ་འཕྲུལ་མཐུ་དང་ལྡན་པ་རྣམས། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །མངོན་ཤེས་སྟོན་མཁས་དྲང་སྲོང་སེར་སྐྱ་ནི། །ཕྱག་གཉིས་གཙག་བུ་བདུད་རྩིའི་བུམ་པ་བསྣམས། །གཅུང་པོ་སྔོ་སྐྱ་སྐམ་པ་མེ་ལོང་འཛིན། །ཁྱེའུ་དམར་སྐྱ་ནེ་ཙོ་ཁྱེའུ་ཁྲིད། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ་བའི་ཕྱིར། །བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་བཞེས། །མནོལ་བ་སངས་ལ་འཐིབ་པ་དྭངས་གྱུར་ཅིག །བདག་ཅག་རྣམས་ཀྱི་མི་ཤེས་རྨོངས་པ་ཡིས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང་། །རྒྱུད་འགྲེལ་མན་ངག་ལག་ཏུ་མ་ལོན་ཞིང་། །འགྲོ་ལ་བརྩེ་བྲལ་སྨན་སྦྱོར་ལོག་པ་སོགས། །ནོངས་པར་གྱུར་པའི་ཚོགས་རྣམས་མཐོལ་ཞིང་བཤགས། །བཟོད་པར་བཞེས་ལ་ཚངས་པ་སྩལ་དུ་གསོལ། ཀྱེ། དེ་ལྟར་བསང་མཆོད་མགྲོན་དུ་གྱུར་པ་རྣམས། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡུལ་ཕྱོགས་སྣོད་བཅུད་ཀྱི། །ཉེས་པ་ཀུན་ཞི་ཚེ་བསོད་ཡེ་ཤེས་རྒྱས། །སྣང་བ་དབང་འདུས་ལོག་འདྲེན་རྩད་ནས་ཆོད། །ཁྱད་པར་སྨན་རྒྱུད་མན་ངག་ལག་ལེན་རྣམས། །དར་ཞིང་རྒྱས་ནས་གཞན་ཕན་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ་བ་ལ། །འཇོམས་བྱེད་གཉེན་པོ་སྟོབས་སུ་གྱུར་པ་དང་། །ལྷ་མིན་ཀླ་ཀློའི་སྨན་གྱི་སྦྱོར་ངན་རྣམས། །ནུས་མེད་ཐལ་སྐྱ་བཞིན་དུ་འགྱུར་བ་དང་། །དུས་འཁྲུགས་ཞི་ཞིང་ལོ་ཕྱུགས་རྟག་ཏུ་ལེགས། །བསྟན་པ་དར་རྒྱས་བསྟན་འཛིན་དབུ་འཕང་མཐོ། །བསྟན་པའི་སྦྱིན་བདག་ཆབ་སྲིད་དབུ་རྨོག་བཙན། །མངའ་ཐང་ལོངས་སྤྱོད་འཕེལ་ཞིང་རྒྱས་པ་དང་། །སྣོད་བཅུད་དགེ་བའི་ཕྲིན་ལས་མཛད་དུ་གསོལ། །སྲིད་དང་ཞི་བའི་སྨན་བཅུད་རྣམས། །འོད་ཟེར་ལྕགས་ཀྱུས་སྡུད་ནས་ནི། སྨན་སྦྱོར་རྣམས་ལ་བསྟིམ་པ་དང་། །འཇིག་རྟེན་སྨན་གྱི་ཕྱྭ་གཡང་རྣམས། །གནས་འདིར་མྱུར་བ་ཉིད་དུ་ཁུག །དཀར་ཕྱོགས་ལྷ་རྣམས་དགྱེས་པའི་རུ་མཚོན་ཕྱར། །ཀི་བསྭོ་ལྷ་རྒྱལ་ཆ་སྒྲ་འབྲུག་ལྟར་སྒྲོགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་སྩོལ། །སྨན་སྲུང་དགྲ་ལྷ་བདག་གི་ལུས་ཞུགས་ནས། །སྟོབས་རྩལ་མཐུ་ནུས་བསྐལ་པའི་མེ་བཞིན་འབར། །གནས་སྐབས་བཅུད་ལེན་གྲུབ་པས་ལུས་སྟོབས་རྒྱས། །ལོ་བརྒྱར་འཚོ་ཞིང་དམ་པའི་ཆོས་སྤྱོད་ནས། །མཐར་ཐུག་ལྟ་ན་སྡུག་གི་ཞིང་ཁམས་སུ། །སྨན་རྒྱལ་བླ་མའི་དྲུང་དུ་བརྫུས་སྐྱེས་ནས། །བྱང་ཆུབ་ལུང་བསྟན་ཐོབ་ཅིང་ས་ལམ་བགྲོད། །སྨན་པའི་རྒྱལ་པོའི་གསང་བ་གསུམ་པོ་དང་། །དབྱེར་མེད་རོ་གཅིག་འགྱུར་བའི་ཕྲིན་ལས་མཛོད། །སྨན་གྱི་དྲང་སྲོང་གདམས་ངག་རང་བྱན་ཚུད། །སྨན་མཆོག་ནད་ལ་ཐིངས་པ་ཙམ་གྱིས་ཆོག །སྨན་གྱི་ནུས་པས་རྒྱུ་འབྲས་ནད་རྣམས་སེལ། །སྨན་གྱི་འབྲས་བུས་བདེ་དགའ་སྤྱོད་པར་ཤོག །ཅེས་བརྗོད་ལ་མཆོད་གཏོར་འབུལ། རྗེས་ཀྱི་ཆོ་ག་ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སེམས་ཅན་སོགས་དང་། བསང་མཆོད་གནས་འདིར་སོགས་ནས། སརྦ་བྷུ་ཏ་གཙྪས་གཤེགས་གསོལ། དགེ་བསྔོ་དང་ཤིས་བརྗོད་སྤྱི་ལྟར་རོ། །དགེ་འདིས་བདག་གཞན་སེམས་ཅན་ཀུན། །སྨན་གྱི་ལོངས་སྤྱོད་ཆེར་འཕེལ་ཞིང་། །མཐར་ཐུག་ལྟ་ན་སྡུག་ཞིང་དུ། །སྐྱེས་ནས་བྱང་ཆུབ་ཐོབ་པར་ཤོག །ཅེས་པའང་རབ་བྱུང་༡༦པའི་ཆུ་བྱ་ལོར་རྫོང་གསར་བཀྲ་ཤིས་ལྷ་རྩེར་རིན་ཆེན་སྨན་གྱི་སྦྱོར་བ་བགྱིས་པའི་སྐབས་ཁྲུམས་ཟླ་༨པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་བཀྲ་ཤིས་དགེ་མཚན་མཆོག་ཏུ་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

Footnotes

Other Information