འབྲི་གུང་ཨ་ཕྱི་རྡོ་རྗེ་ཆོས་སྒྲོན་གྱི་གསོལ་མཆོད་ཕྲིན་ལས་ཆར་འབེབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-036
Wylie title 'bri gung a phyi rdo rje chos sgron gyi gsol mchod phrin las char 'bebs JKCL-KABUM-11-DA-036.pdf
Location chos kyi blo gros bka' 'bum
Volume 11, Text 36, Pages 171-187 (Folios 1a to 9a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'bri gung a phyi rdo rje chos sgron gyi gsol mchod phrin las char 'bebs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 171-187. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Colophon

།ཅེས་པའང་ལྕགས་ར་བསམ་འགྲུབ་རྩེ་དང་སྡེ་དགེའི་དངུལ་གདུང་ཁང་ལ་སོགས་ལ་ལྷ་མོ་འདི་ཉིད་ཀྱི་གསོལ་མཆོད་དགོས་པ་ལ་བརྟེན། ལྕགས་ར་དབུ་མཛད་འཇམ་དབྱངས་ཉི་མ་དང་། འཚོ་བྱེད་ཆེན་པོ་བླ་མ་ཨ་ཚང་ནས་ཀྱང་གསུང་བསྐུལ་གྱིས་རྐྱེན་བྱས་རང་ཉིད་ཀྱང་སྤྲོ་བས་མཚམས་སྦྱར་ཏེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། ཆུ་བྱ་མགོ་ཟླ་བའི་ཚེས་ལྔ་བཟང་པོར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རིག་གནས་ཀུན་ལ་སྤོབས་པ་དགེ་བ་ཅན་དགེ་སློང་འཇམ་དབྱངས་བློ་གྲོས་འཕེལ་རྒྱས་ནས་བགྱིས་པ་འདིས་ཀྱང་སྲུང་མ་ཆེན་མོ་དགྱེས་པའི་མཆོད་སྤྲིན་ཆེན་པོར་གྱུར་ཏེ་ཕྲིན་ལས་རྣམ་པ་བཞི་འབད་མེད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

/ces pa'ang lcags ra bsam 'grub rtse dang sde dge'i dngul gdung khang la sogs la lha mo 'di nyid kyi gsol mchod dgos pa la brten/__lcags ra dbu mdzad 'jam dbyangs nyi ma dang /__'tsho byed chen po bla ma a tshang nas kyang gsung bskul gyis rkyen byas rang nyid kyang spro bas mtshams sbyar te 'jam dbyangs chos kyi blo gros pas/__chu bya mgo zla ba'i tshes lnga bzang por bkra shis 'chi med grub pa'i dga' tshal du smras rim bzhin yi ge'i byed po rig gnas kun la spobs pa dge ba can dge slong 'jam dbyangs blo gros 'phel rgyas nas bgyis pa 'dis kyang srung ma chen mo dgyes pa'i mchod sprin chen por gyur te phrin las rnam pa bzhi 'bad med du 'grub pa'i rgyur gyur cig__/sarba mang+ga laM/

1 Texts in this Section (sde tshan or chos tshan)

[edit]
༄༅། །འབྲི་གུང་ཨ་ཕྱི་རྡོ་རྗེ་ཆོས་སྒྲོན་གྱི་གསོལ་མཆོད་ཕྲིན་ལས་ཆར་འབེབས་བཞུགས་སོ། ། ཨོཾ་སྭ་སྟི། །བདེ་སྟོང་ཉམས་བརྒྱས་སྒེག་པའི་སྐུ། །དམར་སེར་ལི་ཁྲིའི་མདངས་འོད་ཅན། །བླ་མ་རྡོ་རྗེ་རྣལ་འབྱོར་མར། མི་ཕྱེད་གུས་པའི་ཕྱག་གིས་འདུད། གསང་སྔགས་བཀའ་ཡི་སྲུང་མ་ཆེ། །དབྱིངས་ཕྱུག་ཌཱ་ཀིའི་གཙོ་མོ་ཡི། །རྣམ་རོལ་བདེ་ཆེན་ཆོས་སྒྲོན་གྱི། །ཐུགས་དམ་དགྱེས་བསྐང་འདིར་དབྱེ་བྱ། །དེ་ལ་འདིར་གསང་སྔགས་རྒྱུད་ཀྱི་སྲུང་མ་ཆེན་མོ་དཔལ་ལྡན་རྣལ་འབྱོར་གྱི་ཐུགས་དམ་ཆེན་པོ་རྣམས་ཀྱི་གྲོགས་མོ་ཆོས་ཀྱི་སྒྲོན་མར་གསོལ་མཆོད་བྱ་བར་འདོད་པས། གནས་གཙང་མར། སྐུ་རྟེན་སོགས་བཀྲམ་པའི་མདུན། ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་གཏོར་མ་དང་། འདི་ཉིད་ལ་རིན་པོ་ཆེའི་སྣོད་དུ་གཏོར་མ་སྨད་ཟླུམ་པོ་སྟོད་ཟུར་ཅུང་ཡོད་པར་ཕྱོགས་བཞིར་པད་འདབ་དང་མཚམས་བཞིར་མཐེབ་སྐྱུ་བརྩེགས། རྩེ་ལ་ཉི་ཟླ་ནོར་བུའི་རྒྱན་ཅན། གཡས་གཡོན་དུ་སྨན་ཕུད་དང་། རཀྟ་ཐུན་གཏོར་ནི་དམར་གཏོར་བཞི་བསྒྲིགས་ཅན་དང་། དཀར་མངར་དང་ཤ་ཁྲག་གི་བཟའ་བཅའ། ཆང་ཕུད་གསེར་སྐྱེམས་དང་མཆོད་པ་རྣམ་ལྔ་སོགས་གཙང་ཤིང་མཛེས་པར་བཤམས་ལ། སྟན་བདེ་བ་ལ་འཁོད་དེ། ཡི་དམ་རྣལ་འབྱོར་མ་ལྟ་བུ་མཆོག་ཏུ་ཤིས་པས་དེའི་བསྐྱེད་བཟླས་དང་། མཆོད་གཏོར་འབུལ་བ་སྔོན་དུ་འགྲོ་བས། འདི་ཉིད་ཀྱི་ཕྲིན་ལས་དངོས་ལ་དོན་བཞི་སྟེ། དང་པོ་མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རབ་དཀར་ཐོད་པའི་སྣོད། །ཡངས་ཤིང་རྒྱ་ཆེར་མཆོད་པའི་ཡོ་བྱད་རྣམས། །དྭངས་ཤིང་ཐོགས་མེད་ས་དང་བར་སྣང་ཁྱབ། །འདོད་ཡོན་འབྱུང་བའི་སྤྲིན་ཕུང་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཁྱད་པར་དུ་གཏོར་མ་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཡྃ་རྃ་རླུང་མེ་ཡི། །དཀྱིལ་འཁོར་སྟེང་དུ་ཀཾ་ལས་ཐོད་སྒྱེད་གསུམ། །དེ་སྟེང་ཨ་ལས་ཐོད་སྣོད་རྒྱ་ཆེའི་ནང་། །ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་གྱི། །གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕྱག་རྒྱ་དང་བཅས་ལན་གསུམ་བརྗོད། གཉིས་པ་དམ་ཚིག་པ་བསྐྱེད་ཅིང་སྤྱན་དྲངས། མཆོད་བསྟོད་འབུལ་བ་ནི། སྭ་བྷཱ་ཝས་སྦྱངས། ཕྱི་ནང་ཆོས་ཀུན་སྟོང་པའི་ངང་ཉིད་ལས། །ས་ཕྱོགས་དག་ཅིང་གཙང་མའི་ཞིང་ཁམས་སུ། །ཡངས་ཤིང་རྒྱ་ཆེའི་བཀོད་པ་ཕུན་ཚོགས་ནང་། །རྟ་མཆོག་སྔོན་པོ་སྤྲིན་གྱི་ཤུགས་འཆང་སྟེང་། །ཟབ་ཆེན་སྟན་དང་གསེར་སྒ་གཡུ་མཐུར་སོགས། །རིན་ཆེན་རྣམ་མང་རྒྱན་ཆས་སྤྲས་པའི་སྟེང་། །འདོད་དགུའི་མཆོག་སྩོལ་སྒྲུབ་པོའི་རེ་སྐོང་མ། །དབྱིངས་ཕྱུག་དཔལ་ལྡན་ཆོས་ཀྱི་སྒྲོན་མ་ནི། །སྐུ་མདོག་ཟླ་བ་གསར་པའི་ལང་ཚོ་ལ། །རྒྱ་སྐྱེགས་ཐིག་ལེས་མཛེས་པའི་མདངས་ལྡན་མ། །ཞི་འཛུམ་ཅུང་ཟད་ཁྲོ་བའི་ཉམས་དང་ལྡན། །གནག་སྣུམ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས། །ལྷག་མ་སྐུ་རྒྱབ་ཁེབ་པར་གྲོལ་བ་ཡི། །སྐུ་ལ་ལྷ་རྫས་བཟང་པོའི་གོས་ཀྱིས་ཀླུབས། །དབུ་ལ་དུང་ཐོད་རིན་ཆེན་འོད་འཕྲོ་བའི། །མཛེས་པའི་རྒྱན་ཆ་མ་མོའི་རྣམ་པར་སྤྲས། །དར་སྣ་ལྔ་ཡི་ཅོད་པན་རབ་ཏུ་འཕུར། །ཕྱག་གཡས་གསེར་གྱི་ཅང་ཏེའུ་ཁྲོ་ལོ་ལོ། །འཁྲོལ་བས་མ་མོ་མཁའ་འགྲོ་དབང་དུ་སྡུད། །གཡོན་པས་ཐོད་པ་ཁྲག་བཀང་ཞལ་དུ་གསོལ། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་ཅིང་། །དྲག་ཤུལ་རོལ་པའི་སྟབས་ཀྱིས་འགྱིང་བར་བྱེད། །དབང་སྡུད་རྩལ་དང་དྲག་པོའི་མཐུ་ལྡན་མ། །བཀའ་ཉན་བྲན་གཡོག་འབུམ་ཕྲག་འཁོར་གྱིས་བསྐོར། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧྲཱིཿཡིས་མཚན། །འོད་འཕྲོས་གར་བཞུགས་གནས་ནས་སྤྱན་དྲངས་གྱུར། །མི་རྐང་གི་གླིང་བུ་ཐོད་རྔ་སོགས་རོལ་མོའི་སྒྲ་སྣ་ཚོགས་དང་། སྤོས་ཀྱི་དུད་སྤྲིན་འཐུལ་བ་དང་བཅས། བྷྱོ། ཡེ་ཤེས་ཌཱ་ཀིའི་གཙོ་མོ་དཔལ་ལྡན་མ། །བདེ་ཆེན་ཆོས་ཀྱི་སྒྲོན་མ་དབྱིངས་ནས་བཞེངས། །དཔའ་བོ་ཌཱ་ཀིའི་འཁོར་ཚོགས་དང་བཅས་པ། །ཀུན་ཀྱང་རུས་རྒྱན་གཡེལ་ཁ་སི་ལི་ལི། །ཅང་ཏེའུ་དྲིལ་བུ་གསེར་གྱི་རྔ་ཆུང་གི །སྒྲ་སྙན་དིར་དིར་སྒྲོགས་བཞིན་གནས་འདིར་བྱོན། །མ་ཐོགས་མྱུར་དུ་དགྱེས་བཞིན་རབ་དགོངས་ལ། །གནས་ཡུལ་ཞིང་སྐྱོང་དགྱེས་པས་རོལ་པ་ཡི། །དགའ་བའི་ཚལ་དང་དབུར་སྟོད་གསེར་ཁང་དང་། །ལ་ཕྱི་པུ་རོང་ལ་སོགས་གནས་མཆོག་ནས། །རྡོ་རྗེ་འཆང་གི་བཀའ་བསྒོས་དམ་ཚིག་ལྟར། །དྲན་པར་གྱིས་ལ་མྱུར་དུ་གཤེགས་སུ་གསོལ། །ཨོཾ་ཧྲཱིཿབཛྲ་ཌཱ་ཀི་ནཱི་དྷརྨ་དཱི་པ་སརྦ་ས་མ་ཡ་ཛ་ཛཿཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ། ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དབྱེར་མེད་བསྟིམ། ཧཱུྃ། མཛེས་པའི་སྤུ་སྡུག་བཻཌཱུར་སྔོན་པོའི་མདོག །གོམ་སྟབས་བསྐྱོད་པའི་རླུང་གིས་སྟོང་གསུམ་བསྐོར། །ཡིད་འོང་རྟ་མཆོག་རིན་ཆེན་རྒྱན་ལྡན་སྟེང་། །དགྱེས་པར་བཞུགས་ལ་ཕྲིན་ལས་མཛད་དུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དེ་ནས་མཆོད་གཏོར་འབུལ་བ་ནི། ཧཱུྃ་བྷྱོཿདངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་པ་བདུན། །ཡིད་འོང་གཟུགས་དང་པི་ཝཾ་སྙན་པའི་སྒྲ། །སྦྱར་དང་ལྷན་སྐྱེས་དྲི་དང་རོ་ལྡན་ཟས། །འཇམ་མཉེན་རིག་བྱའི་ཚོགས་ནི་སྤྲིན་ལྟར་གཏིབས། །ཉོན་མོངས་གདུང་བ་སེལ་བའི་བདུད་རྩི་དང་། །འདོད་ཆགས་རྣམ་དག་མ་ཧཱ་རུ་དྷི་ར། །གསང་བའི་དམ་རྫས་བ་ལིང་ཆེན་པོ་ཡིས། །གསོལ་ལོ་མཆོད་དོ་དགྱེས་པར་བཞུགས་སུ་གསོལ། །ཨོཾ་ཧྲཱིཿཤྲཱི་བཛྲ་དྷརྨ་དཱི་པ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་དང་། དེ་བཞིན་དུ་སྦྱར་ཏེ། རཱུ་པ་ནས་སྤཪྴེའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིང་ཏ་ཁཱ་ཧི། ཞེས་པ་རྣམས་ཀྱིས་མཆོད། གཙོ་མོའི་ལྗགས་རྡོ་རྗེའི་སྦུ་གུ་ལས་བྱུང་བའི་འོད་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཐོད་རྒྱ་དང་བཅས། ཨོཾ་ཧྲཱིཿཤྲཱི་བཛྲ་ཌཱ་ཀཱ་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་དྷརྨ་དཱི་པ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་འབུལ། འཁོར་རྣམས་ལ། ཨ་ཀཱ་རོ་ལན་ལྔའམ་གསུམ་གྱིས་བསྔོ། དཔལ་ལྡན་ཌཱ་ཀིའི་གཙོ་མོ། །དམ་ཚིག་ཅན་གྱི་སྲུང་མ། དམ་ཉམས་རྣམས་ཀྱི་གཤེད་མ། མ་མོ་མཁའ་འགྲོ་བྱེ་བའི་སྡེ་དཔོན། སྣང་སྲིད་ཀུན་གྱི་བདག་མོ་ཆེན་མོ། བདེ་ཆེན་ཆོས་ཀྱི་སྒྲོན་མ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྡང་བར་བྱེད་པའི་དགྲ་སོད། །གནོད་པ་བྱེད་པའི་བགེགས་ཐུལ། །བར་དུ་གཅོད་པའི་རྐྱེན་ཟློགདགྱེས་པའི་ཞལ་སྟོན། སྒྲུབ་པའི་རྟགས་ཕྱུངས། ཕྲིན་ལས་མངོན་དུ་གྱིས། བཀའ་དང་བསྟན་པ་སྲུངས། འཁོར་དང་གང་ཟག་སྐྱོངས། དཔལ་དང་གྲགས་པ་སྒྲུབས། ཅི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མ་ལུས་པ་མཛད་དུ་གསོལ། བཟླས་པ་བྱ་བ་ནི། གོང་ནོན་ཡི་དམ་གྱི་བསྙེན་པ་ཅུང་ཟད་བཟླས་ནས། སྲུང་མའི་ཐུགས་ཀའི་ཧྲཱིཿཡིག་ལས་སྲོག་སྔགས་ནར་གྱིས་བྱུང་ནས་རང་ཡི་དམ་དུ་གསལ་བའི་ཐུགས་སྲོག་ལ་ཐིམ་པས་དབང་དུ་འདུས་པར་བསམ་ལ། ཨོཾ་ཧྲཱིཿབཛྲ་ཌཱ་ཀ་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་དྷརྨ་དཱི་པ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་སརྦ་སིདྡྷི་ཧཱུྃ་ཧོཿཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར། སྔགས་ཙམ་གྱིས་མཆོད། བསྟོད་པ་བྱ་བ་ནི། བྷྱོ། དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། མ་གཅིག་ཌཱ་ཀིའི་གཙོ་མོ་དཔལ་ལྡན་མ། །དབྱིངས་ཕྱུག་བདེ་ཆེན་ཆོས་ཀྱི་སྒྲོན་མ་ནི། །སྣང་སྲིད་མ་མོ་ཡོངས་ཀྱི་འཁོར་ལོས་སྒྱུར། །འཇིག་རྟེན་ལེགས་ཉེས་ཀུན་གྱི་སྟོང་འཛིན་མ། །དཔལ་ལྡན་ཧེ་རུ་ཀ་ཡི་ཡུམ་ཆེན་མོ། །རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་གསང་བའི་གྲོགས། །བདེ་ཆེན་རྡོ་རྗེ་མཁའ་འགྲོ་ཁྱོད་ལ་བསྟོད། ཁྱེད་ཀྱི་རྣམ་འཕྲུལ་མི་ཟད་མཐའ་ཡས་ཤིང་། །སྲིད་ཞི་ཀུན་ལ་ཁྱབ་པའི་ཕྱག་ཆེན་མོ། །དུས་བཞི་འབྱུང་བ་ལྔ་ཡི་བདག་མོ་ཁྱོད། །རེས་འགའ་གངས་རིའི་ཕུང་པོ་ལྟར་དཀར་ལ། །བཅུ་དྲུག་ལང་ཚོ་མཛེས་པའི་གཟི་འོད་འབར། །མདའ་དར་དང་ནི་ཚེ་ཡི་བུམ་བཟང་འཛིན། །སྒྲུབ་པ་པོ་ལ་འཆི་མེད་དངོས་གྲུབ་སྩོལ། །རེས་འགའ་གསེར་གྱི་འོད་ལྟར་འཚེར་བ་ཡི། །ཕྱག་ན་ནོར་བུ་དང་ནི་ཐོད་པ་འཛིན། །འབྲོང་ཆེན་རྔམས་པ་བརྗིད་པའི་སྟེང་ན་འགྱིང་། །བསོད་ནམས་འདོད་དགུའི་སྤྲིན་ཆེན་རྒྱས་པར་བྱེད། །དབང་གི་ལས་མཛད་པདྨ་རཱ་གའི་མདངས། །ལྕགས་ཀྱུ་ཐོད་པ་འཛིན་ཅིང་རྟ་དམར་ཆིབས། །སྣང་སྲིད་འོད་དམར་དབང་གི་ལྕགས་ཀྱུས་སྡུད། །ཟངས་གྲི་དང་ནི་འགུགས་བྱེད་རྣོན་པོ་བསྣམས། །མཁའ་ལྡིང་ལ་ཆིབས་མྱུར་བའི་ཤུགས་འཆང་བས། །བརྟན་གཡོ་ཐམས་ཅད་འདར་ཞིང་འགུགས་པར་བྱེད། །རེས་འགའ་མི་བཟད་ཁྲོ་གཏུམ་རྔམས་པའི་གཟུགས། །མཐིང་ནག་རལ་གྲི་དང་ནི་ཐོད་པ་བསྣམས། །དགྲ་བགེགས་སྙིང་རློན་ཞལ་དུ་གསོལ་ཞིང་རྔུབས། །དུར་ཁྲོད་ཆས་བརྒྱད་བོང་བུ་དམར་གྭ་ཆིབས། །ཤ་ཟ་ལས་ཀྱི་མཁའ་འགྲོ་ཆེན་མོ་ནི། །དཔལ་ལྡན་འདོད་པའི་ཁམས་ལ་དབང་བསྒྱུར་མ། །ཝ་མ་བི་དང་རླུང་ནག་འཚུབས་མར་རོལ། །ནད་དང་རིམས་གྱི་བདག་མོ་ཆེན་མོ་མཛད། །རབ་འཇིགས་བསྐལ་པའི་ཤུགས་འཆང་ཁྱེད་ལ་བསྟོད། །གཞན་ཡང་སྤྲུལ་པའི་ཕྱག་བརྙན་ཆེན་མོ་ནི། །གསོད་བྱེད་ཟ་བྱེད་འཕྲོག་བྱེད་མ་མོ་ཆེ། །དམར་དང་ལྗང་མོ་ལེ་རྒན་མདོག་ཅན་རྣམས། །ལྕགས་ཀྱུ་ནད་རྐྱལ་ཐོགས་ཤིང་མི་ལྤགས་གྱོན། །ཧ་ཧ་ཧི་ཧིའི་གད་མོ་སྒྲ་སྒྲོགས་ཤིང་། གདུག་པའི་སྲོག་རྩ་གཅོད་ཅིང་ཚེ་སྲོག་བསྟབས། །དགྲ་བགེགས་ཤ་ཁྲག་རུས་པ་སྤར་གྱིས་འདེབས། །དམ་ཉམས་གདུག་ཅན་རྩད་ནས་བརླག་བྱེད་མ། །ཕྲིན་ལས་དྲག་མོ་ཆེན་མོ་ཁྱེད་ལ་བསྟོད། །དེ་ལྟར་བསྟོད་པས་བདག་ཅག་དཔོན་སློབ་ཀྱི། །འགལ་རྐྱེན་ཀུན་ཞི་ཚེ་བསོད་དཔལ་འབྱོར་རྒྱས། །སྣང་སེམས་དབང་སྡུད་དྲག་པོའི་ཕྲིན་ལས་རྣམས། །འབད་མེད་མྱུར་བ་ཉིད་དུ་གྲུབ་པར་མཛོད། །ཅེས་བསྟོད་པར་བགྱིའོ། །གསུམ་པ་བསྐང་བཤགས་བྱ་ཞིང་ཕྲིན་ལས་བཅོལ་བ་ནི། བསྐང་རྫས་རྣམས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བསྐང་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་བསྐང་རྫས་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་བརླབ། བསྐང་བ་དངོས་ནི། ཧཱུྃ་བྷྱོ། རྡོ་རྗེ་མཁའ་འགྲོ་འབུམ་གྱི་གཙོ། །དཔལ་ལྡན་ལྷ་མོ་ཆེན་མོ་ནི། །དབྱིངས་ཕྱུག་ཆོས་ཀྱི་སྒྲོན་མ་ཞེས། །མིང་བརྒྱ་མ་ལ་མཚན་སྟོང་མ། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །ཉེར་སྤྱོད་ལྔ་དང་རིན་ཆེན་བདུན། །འདོད་ཡོན་ལྔ་དང་རྫས་རྟགས་སོགས། །བཀྲ་ཤིས་དཔལ་གྱི་རྫས་རྣམས་དང་། །གླིང་བཞི་རི་རབ་ཉི་ཟླ་དང་། །བུམ་བཟང་དཔག་བསམ་མ་རྨོས་འབྲུ། །འདོད་འཇོའི་བ་དང་གླང་ཆེན་སོགས། །འདོད་པའི་ཁམས་ལ་ཅི་མཆིས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རིན་པོ་ཆེ་དང་རུས་པའི་རྒྱན། །དར་ཆེན་ན་བཟའ་ལྷབ་ལྷུབ་ནི། །དཀར་སེར་དམར་དང་ལྗང་བའི་མདོག །དབང་པོའི་གཞུ་ལྟར་བཀྲ་བའི་གོས། །མྱུར་མགྱོགས་རྩལ་འཆང་ཤུགས་ལྡན་རྟ། །རི་ལྟར་འགྱིང་བའི་འགྲོས་ཆེན་དང་། །མགྲིན་བཟང་དམར་གྭ་གློག་ལྟར་མྱུར། །སྟོང་གསུམ་འགྲོ་བའི་རྩལ་ལྡན་དང་། །གནག་ལུག་མ་ཧེ་གླང་པོ་ཆེ། །ཙཱ་ར་ལུག་དང་ཟ་ལེ་འབྲི། །མཁའ་ལྡིང་ལྕགས་ཀྱི་མཆུ་སྡེར་ཅན། །སེང་གེ་སྟག་གཟིག་དོམ་དྲེད་དང་། །ལྕེ་སྤྱང་རི་དྭགས་ཚོགས་ཆེན་པོས། །ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཅང་ཏེའུ་ཐོད་ཁྲག་ནོར་བུ་དང་། །ནེའུ་རྐྱལ་ཟངས་གྲི་ལྕགས་ཀྱུ་རྔམས། །མདའ་དར་མེ་ལོང་ཚེ་བུམ་བཟང་། །རལ་གྲི་ཁྲམ་ཤིང་ནད་རྐྱལ་དང་། །མཚོན་གྱི་གྲུ་གུ་ལ་སོགས་པས། །ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། ལུག་ནག་སྙིང་དང་སྲོག་འཁོར་དང་། །སྐུ་འབགས་བྷནྡྷ་མཚན་ཉིད་ལྡན། །ཤིང་ལོ་ས་ལ་མ་ལྷུང་དང་། །མི་དབང་ཤ་དང་མཚལ་གྱི་འབྲས། །རྨ་བྱ་སེང་གེའི་རྒྱལ་མཚན་དང་། །གཡང་གཞི་རེ་སྡེ་གཡུ་དྲིལ་སོགས། །བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྨན་ཕུད་བདུད་རྩི་མཚོ་ལྟར་འཁྱིལ། །རཀྟ་འཁྲུགས་པའི་སྦུ་ཕྲེང་གཡོ། །དཀར་དམར་གཏོར་མ་རི་ལྟར་སྤུངས། །ཇ་ཆང་ཁྲག་སྐྱེམས་མཚོ་ལྟར་འཁྱིལ། །ཞི་དྲག་བདུག་སྤོས་སྤྲིན་ལྟར་གཏིབས། །གཡབ་དར་སྣ་ཚོགས་འབོད་བའི་རྫས། །ཐོད་རྔ་རྐང་གླིང་རོལ་མོ་སོགས། །མཆོད་རྫས་སྒྲུབ་རྫས་དཔག་མེད་ཀྱིས། །ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཕྱི་ལྟར་དཔལ་ལྡན་ལྷ་མོ་ཆེ། །ནང་དུ་ལྟེ་བའི་རྩ་མདུད་འཁྱིལ། །ཐིག་ལེའི་གཟུགས་སུ་རབ་གནས་ཤིང་། །གསང་བ་རང་སེམས་དེ་ཁོ་ན། །ལྷ་མོར་ཤེས་པས་ཐུགས་དམ་བསྐང་། །ཨེ་ཝཾ་ཐབས་ཤེས་སྦྱོར་བ་ཡི། །མཁའ་ཁམས་རོལ་པའི་འབར་འཛག་གིས། །ཟག་མེད་རང་བྱུང་བླ་ན་མེད། །བདེ་ཆེན་མཆོད་པས་ཐུགས་དམ་བསྐང་། །དེ་ལྟར་བསྐང་བསྐང་གསོལ་གསོལ་ནས། །རྣལ་འབྱོར་བདག་ཅག་དཔོན་སློབ་ཀྱི། །མི་ཤེས་ཉོན་མོངས་གཏི་མུག་པས། །བཅས་དང་རང་བཞིན་སྡིག་པའི་ལས། །ཁྱོད་ཐུགས་འགལ་བ་མཐོལ་ལོ་བཤགས། །བྱང་ཆུབ་སེམས་དང་བླ་མ་སྤངས། །སྔགས་དང་ཕྱག་རྒྱ་རྒྱུན་ཆད་ཅིང་། །ཡང་དག་དོན་ལས་འགལ་བ་ཡིས། །ལྷ་མོ་འཁྲུགས་པ་མཐོལ་ལོ་བཤགས། །དུས་ཀྱི་མཆོད་པ་ཆག་པ་དང་། །ཕྱི་ནང་གསང་བའི་རྟེན་མ་འཛོམས། །བསྙེན་སྒྲུབ་གཡེལ་ཞིང་བག་མེད་སྤྱོད། །འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །ལྷ་མོ་ཁྱོད་ལ་བཤགས་པར་བགྱི། །ཁྱོད་ཀྱི་རང་བཞིན་རྣམ་པར་དག །ས་བརྒྱད་སེམས་མ་ཆེན་མོ་ལ། །ཁྲོ་བའི་རྣམ་རྟོག་མི་མངའ་ཡང་། །བདག་ཅག་ཉེས་པར་སྤྱོད་པའི་མཐུས། །ཁྲོས་པའི་སྐུར་སྣང་ལྷ་མོ་ལ། །སྙིང་ནས་གདུང་བས་བཤགས་པར་བགྱི། །མཐོལ་བཤགས་བཟོད་བཞེས་ཚངས་པར་གསོལ། །ཞེས་དང་ཡིག་བརྒྱ་ཅི་ནུས་བཟླས་པས་བཤགས་པ་བཅས་ཚར་གྲངས་བསོག་ནས་བར་འདིར། རྗེ་བླ་མ་མཁྱེན་བརྩེའི་དབང་པོས་མཛད་པའི་གསོལ་བསྡུས་བྱའོ། །འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་བྷྱོཿབདེ་ཆེན་ངང་ལས་སྙིང་རྗེའི་སྐུར་བཞེངས་ནས། །སྣང་སྲིད་མ་མོ་བྱེ་བའི་སྡེ་དཔོན་ཆེ། །དཔལ་ལྡན་མཁའ་འགྲོ་ཆེན་མོ་འཁོར་བཅས་ཀྱིས། །དགྱེས་པའི་མཆོད་གཏོར་དམ་རྫས་འདི་བཞེས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་བགེགས་དང་དུས་མིན་འཆི་བ་དང་། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །མཐུན་རྐྱེན་དཔག་བསམ་རྒྱས་པའི་སྤྲིན་ཆེན་ལས། །འདོད་དགུ་འབྱོར་བའི་གྲུ་ཆར་ཟད་མི་ཤེས། །ཕུན་ཚོགས་དབྱིག་གིས་གང་བའི་ནོར་བུ་དང་། །རིང་འཚོའི་དཔལ་ཡོན་རྒྱས་པའི་ཕྲིན་ལས་མཛོད། །གསེར་འགྱུར་རྩི་ཡིས་རེག་པ་ཇི་བཞིན་དུ། །ཁྱོད་ཉིད་དྲན་པ་དེ་ཡི་མོད་ཉིད་ལ། །བརྟན་གཡོའི་དངོས་ཀུན་རྗེས་ཆགས་འོད་ཀྱིས་བཅིངས། །ཕུན་ཚོགས་དཔལ་ཀུན་དབང་དུ་བསྡུ་བར་མཛོད། །དཀར་པོའི་ཕྱོགས་ལ་སྡང་བའི་སེམས་ལྡན་རྣམས། །དྲག་མོའི་མི་བཟད་རྡོ་རྗེའི་ཐོག་ཆར་གྱིས། །ཐལ་བ་ཇི་བཞིན་ཕྱེ་མར་འཐག་མཛད་དེ། །རྣམ་ཤེས་རྡོ་རྗེ་བཙུན་མོའི་མཁར་བསྟིམ་མཛོད། །བདག་ལུས་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེར། །ཁྱོད་སྐུ་རྗེས་ཆགས་སྒྱུ་མའི་རོལ་རྩེད་ཀྱིས། །དགའ་བཞིའི་ཐིག་འདྲེན་དབབ་བཟློག་གྲུབ་པའི་མཐར། །གཙུག་ཏོར་རྩེར་བཅིང་མཆོག་དངོས་གྲུབ་པར་མཛོད། །འཇིག་རྟེན་ཁམས་ཀྱི་ཕན་བདེའི་འབྱུང་གནས་ཆེ། །རྒྱལ་བའི་བསྟན་པ་རིང་དུ་གནས་པ་དང་། །དེ་འཛིན་བྱེད་རྣམས་སྐུ་ཚེ་རབ་བརྟན་ཞིང་། །སྙན་གྲགས་དབྱར་རྔ་ཕྱོགས་བརྒྱར་གྲགས་པ་དང་། །རིག་གྲོལ་གཉིས་ལྡན་འདུས་པའི་སྡེ་ཚོགས་རྣམས། །བསླབ་ཁྲིམས་ལ་གནས་སྤོང་ཀློག་བྱ་བར་བརྩོན། །བསྟན་པའི་སྦྱིན་བདག་ཆོས་སྐྱོང་རྒྱལ་པོ་རྣམས། །ཆབ་སྲིད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །ཁྱད་པར་སྡེ་བཞི་དགེ་བཅུའི་དབུ་རྨོག་བཙན། །ཆོས་སྐྱོང་རྒྱལ་པོ་རིགས་རྒྱུད་བཅས་སྲུང་ཤིང་། །གཞན་སྡེའི་འཇུག་པ་ཐམས་ཅད་ཟིལ་གནོན་ཏེ། །རང་སྲིད་དབང་དུ་འདུས་པའི་ཕྲིན་ལས་མཛོད། །རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་དང་། །ཁྱད་པར་འཇིག་རྟེན་གསུམ་གྱི་མགོན་པོ་ཡི། །སྤྱན་སྔར་ཞལ་བཞེས་ཐ་ཚིག་མ་གཡེལ་བར། །ཇི་ལྟར་བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ཕྱུགས་རྟག་ཏུ་ལེགས། །ནད་ཡམས་དུས་ཀྱི་འཁྲུགས་པ་རྒྱུན་ཆད་ནས། །རབ་འཕེལ་རྫོགས་ལྡན་དཔལ་གྱི་འབྱོར་པ་ལ། །ཅི་དགར་སྤྱོད་པའི་ཕྲིན་ལས་མཛད་དུ་གསོལ། །བདག་ཅག་ཚེ་ཡི་རྒྱུན་བཟང་བརྟན་པ་དང་། །འདུ་བ་གསུམ་དང་འབར་བ་གསུམ་ལ་སྤྱོད། །ཕྲིན་ལས་རྣམ་བཞི་འབད་མེད་འབྱུང་བ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། བཞི་པ་གཏོར་མ་སྟབས་ཤིང་རྗེས་ཀྱི་བྱ་བ་ནི་ཐུན་གཏོར་ལ་བདུད་རྩི་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། །བྷྱོ། མ་གཡེལ་མ་གཡེལ་དཔལ་ལྡན་ཆོས་ཀྱི་སྒྲོན། །གནས་ཡུལ་དུར་ཁྲོད་གར་བཞུགས་གནས་རྣམས་དང་། །ཁྱད་པར་འབྲི་གུང་གསེར་ཁང་ཆེན་པོ་དང་། །དབུ་སྟོད་ལ་ཕྱི་པུ་རོང་ལ་སོགས་ནས། །འདི་གཤེགས་རྒྱན་གྱི་གཏོར་མ་འདིར་བཞེས་ཤིག །སྨན་རག་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །ཁྲག་རྒོད་གསེར་སྐྱེམས་བཏུང་བ་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏོང་རག་ཆེན་པོ་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉེན་པོ་བཞེས། །སྡང་དགྲ་གནོད་བྱེད་བདུད་སྡེ་གཞོམ་པར་གྱིས། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ལ་གོང་གི་གཏོར་སྔགས་ལན་གསུམ་དང་། དཔལ་ལྡན་ཌཱ་ཀིའི་གཙོ་མོ་སོགས་གོང་ལྟར་གྱི་ཕྲིན་ལས་བཅོལ། །ཕུད་གཙང་སར་གཤེགས། རྗེས་ལ་སྔགས་ཙམ་གྱིས་མཆོད། བསྟོད་པ་ནི། བྷྱོ། བདེ་ཆེན་རྡོ་རྗེ་བཙུན་མོའི་རྣམ་པར་འཕྲུལ། །འཇིག་རྟེན་སྐྱོང་མཛད་རྡོ་རྗེ་མཁའ་འགྲོ་ཆེ། །གཙོ་འཁོར་སྤྲུལ་པར་བཅས་པ་ཐམས་ཅད་ལ། །མཆོག་ཏུ་དྭངས་བའི་སེམས་ཀྱིས་བསྟོད་པར་བགྱི། །ཞེས་པས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་དང་ཡིག་བརྒྱ་ལན་གསུམ་གྱིས་བཤགས་གསོལ་བྱ། རྟེན་ཡོད་ན། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཨོཾ་བཛྲ་མུཿགཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། །དགེ་བ་འདི་ཡིས་མཐའ་ཡས་འགྲོ་བ་རྣམས། །འཇིགས་རུང་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ནས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། །དངོས་གྲུབ་རྒྱ་མཚོའི་དགའ་སྟོན་རོལ་པར་ཤོག །ཤིས་བརྗོད་ནི། བླ་མ་ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་། །དཀྱིལ་འཁོར་རྒྱ་མཚོའི་བདག་པོར་ཤར་བ་ཡི། །བྱིན་རླབས་བཀྲ་ཤིས་རྒྱ་མཚོའི་ཆར་སྤྲིན་དེས། །སྲིད་ཞི་ཀུན་ན་རྟག་ཏུ་བདེ་ལེགས་ཤོག །དངོས་གྲུབ་དེད་དཔོན་ཡི་དམ་ཞི་དང་ཁྲོ། །ཁྱད་པར་ཁྱབ་བདག་རྡོ་རྗེ་བཙུན་མོ་དང་། །གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །འཇིག་རྟེན་ཁམས་སུ་བཀྲ་ཤིས་དགེ་ལེགས་སྩོལ། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་། །ཞིང་སྐྱོང་སྲུང་མ་ཌཱ་ཀི་ཆོས་སྒྲོན་མ། །གཙོ་མོ་འཁོར་དང་སྤྲུལ་པར་བཅས་པ་ཡིས། །རྟག་ཏུ་སྲུང་སྐྱོབ་མི་གཡེལ་བཀྲ་ཤིས་ཤོག །ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །བསྟན་སྲུང་ལྷ་མོའི་མཆོད་ཕྲེང་གི །རིམ་པ་གསལ་བར་བཀོད་པ་ཡི། །ལེགས་བྱས་སྣང་བས་ས་གསུམ་ཁྱབ། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་ལྕགས་ར་བསམ་འགྲུབ་རྩེ་དང་སྡེ་དགེའི་དངུལ་གདུང་ཁང་ལ་སོགས་ལ་ལྷ་མོ་འདི་ཉིད་ཀྱི་གསོལ་མཆོད་དགོས་པ་ལ་བརྟེན། ལྕགས་ར་དབུ་མཛད་འཇམ་དབྱངས་ཉི་མ་དང་། འཚོ་བྱེད་ཆེན་པོ་བླ་མ་ཨ་ཚང་ནས་ཀྱང་གསུང་བསྐུལ་གྱིས་རྐྱེན་བྱས་རང་ཉིད་ཀྱང་སྤྲོ་བས་མཚམས་སྦྱར་ཏེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། ཆུ་བྱ་མགོ་ཟླ་བའི་ཚེས་ལྔ་བཟང་པོར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རིག་གནས་ཀུན་ལ་སྤོབས་པ་དགེ་བ་ཅན་དགེ་སློང་འཇམ་དབྱངས་བློ་གྲོས་འཕེལ་རྒྱས་ནས་བགྱིས་པ་འདིས་ཀྱང་སྲུང་མ་ཆེན་མོ་དགྱེས་པའི་མཆོད་སྤྲིན་ཆེན་པོར་གྱུར་ཏེ་ཕྲིན་ལས་རྣམ་པ་བཞི་འབད་མེད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

Footnotes

Other Information