སྐར་མ་རྒྱལ་ལ་བསྟོད་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-035
Wylie title skar ma rgyal la bstod pa JKCL-KABUM-11-DA-035.pdf
Location chos kyi blo gros bka' 'bum
Volume 11, Text 35, Pages 169-170 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. skar ma rgyal la bstod pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 169-170. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Verses of Praise - bstod pa
Colophon

།ཅེས་པའང་ས་གླང་རྒྱལ་གྱི་ཟླ་བའི་ཚེས་བཅོ་ལྔ་སྲོད་ཀྱི་ཐུན་དང་པོ་ལ་ཆོས་ཀྱི་བློ་གྲོས་པས་སྣང་བྱེད་ངོགས་སུ་བྲིས་པ་དགེ་ཞིང་བཀྲ་ཤིས་སོ། །ཚེས་བཅུ་དྲུག་ལི་ཐོར་འགྲུབ་སྦྱོར་སྣང་བས་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་ཏུ་འགྲིགས་པ་ཞལ་དྲོའོ།།

/ces pa'ang sa glang rgyal gyi zla ba'i tshes bco lnga srod kyi thun dang po la chos kyi blo gros pas snang byed ngogs su bris pa dge zhing bkra shis so/__/tshes bcu drug li thor 'grub sbyor snang bas rten 'brel ma bsgrigs lhun grub tu 'grigs pa zhal dro'o//

1 Texts in this Section (sde tshan or chos tshan)

[edit]
སྐར་མ་རྒྱལ་ལ་བསྟོད་པ་བཞུགས་སོ། །ཨོཾ། ཀུན་ཏུ་བཟང་པོའི་སྤྲུལ་པ་ནི། །སེམས་དཔའ་ཆེན་མོ་ཟླ་བའི་ཞལ། །ཆུ་ཤེལ་འོད་ཀྱི་དཀྱིལ་འཁོར་མཛེས། །ཀུན་ཏུ་མཛེས་པའི་ཞལ་མངའ་མ། །དཔལ་མོ་རྒྱལ་མ་ཕྱག་འཚལ་བསྟོད། །སངས་རྒྱས་འཇིག་རྟེན་འབྱུང་བ་ན། །ཁྱེད་དཀྱིལ་ཚེས་པས་སྲིད་ཞིའི་དཔལ། །དུས་བཞི་ཀུན་ལ་དབང་བསྒྱུར་མ། །རིག་བྱེད་སྨྲ་བའི་འཇིག་རྟེན་གྱི། །ཆེན་པོ་རྣམས་ཀྱང་ཁྱོད་ལ་བསྙེན། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་མ། །ཀུན་ནས་དགེ་བའི་དཔལ་ལྡན་མ། །གྲགས་པ་ཆེན་མོར་ཕྱག་འཚལ་བསྟོད། །བཀྲ་ཤིས་རྒྱལ་གྱི་ཟླ་བ་ནི། །ཆེས་ཆེར་ཉ་རྒྱས་བསིལ་ཟེར་ཅན། །ཁྱེད་ལ་བསུ་བར་བྱེད་པ་ན། །ཅུང་ཟད་ངོ་ཚའི་ཆུ་འཛིན་གྱིས། །གོས་ཀྱི་སྒྲིབ་པ་དང་བཅས་ཀྱང་། །བདག་ཡིད་སྔར་ནས་ཁྱོད་འདྲིས་པས། །གང་གི་རང་བཞིན་མངོན་དུ་གྱུར། །རྒྱུ་སྐར་རྒྱལ་པོ་རྒྱལ་བ་ནི། །ལྷ་མིན་རྣམས་ལས་རྒྱལ་བ་མ། །རྒྱལ་མཚན་མདའ་དང་གཞུ་འཛིན་ཅིང་། །དུང་དང་པདྨའི་ཁྲི་ལ་གནས། །སེམས་དཔའ་ཆེན་མོར་ཕྱག་འཚལ་བསྟོད། །ཕུར་བུ་ལྷ་ཡི་བླ་མ་དང་། །ལྷན་ཅིག་རྩེ་བའི་རོལ་མོ་ཡི། །ལྷ་ཆེན་གཙུག་ན་ཟླ་བ་སོགས། །དྲེགས་ལྡན་རྣམས་ཀྱི་ཡིད་ག་འགུགས། །རབ་ཏུ་གནས་སོགས་མདོ་རྒྱུད་ཀྱི། །དགེ་ལེགས་ཆོ་གའང་ཁྱོད་ཀྱིས་སྒྲུབ། །ཕྱག་ན་རྡོ་རྗེའི་ཞལ་མཐོང་ཞིང་། །ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ། །དབང་ཐོབ་ལྷ་ཡི་ལྷ་མོ་རྗེར། །རབ་ཏུ་དྭང་བས་བསྟོད་པར་བགྱི། །དེ་ལྟར་ལེགས་པར་བསྟོད་པའི་མཐུས། །ཉེས་པའི་ཚོགས་རྣམས་ཞི་བ་དང་། །ལེགས་ཚོགས་ཟླ་བས་འཁྱུད་པ་བཞིན། །དཔལ་གྱི་མཆོག་རྣམས་ཐོབ་པར་ཤོག །གནས་སྐབས་སྲིད་པའི་དགྲ་ལས་རྒྱལ། །མཐར་ཐུག་བདུད་བཞིའི་གཡུལ་རྒྱལ་བའི། །རྒྱལ་བ་ཅན་མ་སྒྱུ་འཕྲུལ་ཆེའི། །གོ་འཕང་དམ་པ་ཐོབ་གྱུར་ཅིག །ཅེས་པའང་ས་གླང་རྒྱལ་གྱི་ཟླ་བའི་ཚེས་བཅོ་ལྔ་སྲོད་ཀྱི་ཐུན་དང་པོ་ལ་ཆོས་ཀྱི་བློ་གྲོས་པས་སྣང་བྱེད་ངོགས་སུ་བྲིས་པ་དགེ་ཞིང་བཀྲ་ཤིས་སོ། །ཚེས་བཅུ་དྲུག་ལི་ཐོར་འགྲུབ་སྦྱོར་སྣང་བས་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་ཏུ་འགྲིགས་པ་ཞལ་དྲོའོ།། །།

Footnotes

Other Information