སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཆོས་སྐྱོང་རྣམས་ལ་གཏོར་འབུལ་ཉུང་བསྡུས་གྲུབ་གཉིས་དགའ་སྟོན།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-004
Wylie title sgrub thabs rin po che kun las btus pa'i chos skyong rnams la gtor 'bul nyung bsdus grub gnyis dga' ston JKCL-KABUM-11-DA-004.pdf
Location chos kyi blo gros bka' 'bum
Volume 11, Text 4, Pages 39-55 (Folios 1a to 9a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sgrub thabs rin po che kun las btus pa'i chos skyong rnams la gtor 'bul nyung bsdus grub gnyis dga' ston. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 39-55. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Colophon

།།ཞེས་པའང་ཡོས་ལོར་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་སྨིན་གྲོལ་འབོགས་པའི་སྐབས་སྤོ་ལུ་དགོན་པའི་བླ་མ་ངག་དབང་བཤེས་གཉེན་དང་། འདན་མ་དགེ་སློང་ཀུན་དགའ་རིན་ཆེན་བཅས་ནས་བསྐུལ་བའི་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ལྷ་སྔགས་རྣམས་སོ་སོའི་གཞུང་ལས་བཏུས་ཏེ་ཁྱེར་བདེ་བར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་ཆབ་མདོ་སྐྱོ་སྤྲུལ་འཇམ་དབྱངས་ཆོས་ཀྱི་ཉིན་བྱེད་ཀྱིས་གུས་པས་བགྱིས་པ་སྟེ་འདིས་ཀྱང་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

//zhes pa'ang yos lor sgrub thabs rin po che kun las btus pa'i smin grol 'bogs pa'i skabs spo lu dgon pa'i bla ma ngag dbang bshes gnyen dang /__'dan ma dge slong kun dga' rin chen bcas nas bskul ba'i ngor/__'jam dbyangs chos kyi blo gros kyis lha sngags rnams so so'i gzhung las btus te khyer bde bar rdzong gsar bkra shis lha rtse'i chos grwar sbyar ba'i yi ge pa ni chab mdo skyo sprul 'jam dbyangs chos kyi nyin byed kyis gus pas bgyis pa ste 'dis kyang bar chad bdud bzhi'i g.yul las rnam par rgyal bar gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཆོས་སྐྱོང་རྣམས་ལ་གཏོར་འབུལ་ཉུང་བསྡུས་གྲུབ་གཉིས་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་ཀརྨ་ནཱ་ཐཱ་ཡ། དེ་ལ་འདིར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མཆོད་གཏོར་མདོར་བསྡུས་ཏེ་འབུལ་བར་འདོད་པས་ཆོས་སྐྱོང་རྣམས་ཀྱི་རྗེས་གནང་ཐོབ་ཅིང་། དམ་ཚིག་ལ་གནས་པས་རྒྱུན་དུའམ་མ་གྲུབ་ན་དུས་གཉན་སོགས་ཀྱི་ཚེ་དམ་ཚིག་གི་བྲིས་སྐུ་དགྲམ་པའི་མདུན་དུ་གཏོར་མ་བཅུ་ཚར་རམ་ལྔ་ཚར་རྒྱན་ལྡན་བཤམས་པའི་མདུན་ཕྱི་ནང་གི་མཆོད་པ་སོགས་འདུ་བྱས་ལ། གཏོར་ཆོག་གཞན་དང་མ་འབྲེལ་ན་ཡི་དམ་གྱི་བདག་བསྐྱེད་བཟླས་པ་བདུད་རྩི་བྱིན་བརླབ་ཡི་དམ་ལ་གཏོར་མ་འབུལ་བ་སོགས་གཞུང་ལྟར་བྱ། གཏོར་ཆོག་གཞན་དང་འབྲེལ་ན་གཏོར་མ་ལ་རྡོ་རྗེའི་རྩེས་ནང་མཆོད་གཏོར་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་གཏོར་སྣོད་ཐོད་པ་ཡངས་ཤིང་རྒྱ་ཆེ་བར། ཤ་ལྔ་བདུད་རྩི་ལྔ། ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད། མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། ས་གཞི་ཐམས་ཅད་ཁྲག་ཞག་གིས་གཏམས་ཤིང་རོ་ལངས་དང་ཀེང་རུས་མང་པོ་གར་བྱེད་པ་ཧཱུྃ་ཕཊ་ཕེཾ་གྱི་སྒྲ་སྒྲོགས་པ། དུར་ཁྲོད་ཀྱི་མ་མོ་མཁའ་འགྲོ་ཤ་ཟ་ཞིང་སྐྱོང་གིས་གང་བའི་ཡེ་ཤེས་ཀྱི་མེ་དང་། རླུང་ནག་དུད་སྤྲིན་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་སུ། པདྨ་དང་ཉི་མ་མི་རོ་དམར་སེར་གྱི་སྟེང་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། མགོ་ཕྲེང་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་དང་། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་བཞུགས་པའི་ཞབས་པུས་མན་ཆད་སྤྲིན་རུམ་དུ་བའི་མདོག་ཅན་གྱི་ནང་དུ་ནུབ་པ། སྤྲུལ་པའི་ཕོ་ཉ་ལྔ་དང་དམ་ཅན་གནོད་སྦྱིན་ཡབ་ཡུམ། ལས་མཁན་པུ་ཏྲ་མིང་སྲིང་གི་ཚོགས་དང་བཅས་པས་བསྐོར་བ། དེའི་གཡས་སུ་པད་ཉི་རོ་གདན་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ། ཕྱག་བཞི་པ་སྐུ་མདོག་མཐིང་ནག་དང་པོ་གཉིས་ཀྱིས་བྷཻ་ཏས་མཚན་པའི་གྲི་གུག་དང་ཐོད་ཁྲག །ཐ་མ་གཉིས་ཀྱིས་རལ་གྲི་དང་རྩེ་གསུམ། ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས་པ། གཙོ་བོའི་གཡོན་དུ་པད་ཉི་བགེགས་རྒྱལ་ཁ་སྦུབ་ཏུ་བསྒྱེལ་བའི་སྟེང་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐུ་མདོག་མཐིང་ནག་ཞལ་གཅིགཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག །བར་པ་གཉིས་ཀྱིས་མི་མགོའི་ཕྲེང་བ་དང་རྩེ་གསུམ། ཐ་མ་གཉིས་ཀྱིས་ཌཱ་མ་རུ་དང་ཞགས་པ། དཔྲལ་བར་སིདྡྷུ་རའི་ཐིག་ལེས་བྱུགས་ཤིང་སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། གཙོ་བོའི་མདུན་དུ་པད་ཉི་དགྲ་བགེགས་ཀྱི་གདན་གྱི་སྟེང་དུ་ཞིང་སྐྱོང་སྟོབས་འཕྲོགས་དབང་པོ་བྲམ་ཟེའི་གཟུགས་ཅན་སྐུ་མདོག་ནག་པོ། གཡས་རལ་གྲི་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། མི་རུས་ཀྱི་ཕྲེང་བ་ཕྱག་འགག་ཏུ་བརྒྱུས་པ། བུམ་པ་དང་མདུང་རྩེ་གསུམ་མཆན་ཁུང་དུ་བསྣམས་པ། ཁྲོ་བོའི་གཟུགས་ཅན། མི་མགོ་སྐམ་རློན་ཚངས་སྐུད་རུས་ཕྲེང་གིས་བརྒྱན་པ་སྟག་ཤམ་ཅན། འཁོར་ལས་མཁན་ཤན་པ་དྲུག་དང་བཅས་པས་བསྐོར་བ། དེའི་གཡས་སུ་པད་ཉི་མི་རོའི་གདན་གསུམ་གྱི་སྟེང་དུ། ལེགས་ལྡན་ནག་པོ་མཆེད་གསུམ་ཁྲོས་པ་གཡས་ཙནྡན་གྱི་དབྱུག་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཤ་ཁྲག་དོན་སྙིང་གིས་གང་བའི་ཐོད་པ་བསྣམས་ཤིང་ཞལ་དུ་གསོལ་བ། མི་མགོ་སྐམ་རློན་སྟག་ཤམ་སྦྲུལ་རྒྱན་དང་། དར་ནག་གི་ན་བཟས་བརྒྱན་པ། ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས་བཞུགས་པ། དཔལ་མགོན་གྱི་གཡོན་དུ་པད་ཉིའི་སྟེང་དུ་ལེགས་ལྡན་སྟག་ཞོན་ནག་པོ་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོས་པ་བེར་ནག་གསོལ་བ། གཡས་ཙནྡན་གྱི་བིང་ཆེན་ཀླད་ལ་འཕྱར་ཞིང་། གཡོན་ལྕགས་ཀྱི་སྤར་བུ་ཐུགས་ཀར་བསྣམས་པ། སག་ཏིའི་ལྷྭམ་གསོལ་ཞིང་ཁྲོ་བོའི་ཆས་ཀྱིས་བརྒྱན་ཏེ་སྟག་ཆེན་རྔམས་པ་ཆིབས་ཤིང་། སེང་གེ་དཀར་མོ་རྒྱན་ལྡན་རོལ་དུ་ཁྲིད་པ། ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་ཞིང་། ལྕེ་སྤྱང་དང་ཁྱི་ནག་སོགས་རྔམ་ཞིང་རྒྱུག་པ་སྤྲུལ་པའི་དམག་དཔུང་ཕྱོགས་བཅུར་འཕྲོ་ཞིང་བཞུགས་པ། དེའི་གཡོན་དུ་པད་ཉི་རོ་གདན་གྱི་སྟེང་དུ་བིང་དམར་སྐུ་མདོག་དམར་ནག་སྲིན་པོ་ཁྲོས་པའི་གཟུགས་ཅན། ཕྱག་གཡས་ཙནྡན་གྱི་བིང་འཕྱར་ཞིང་། གཡོན་ལྕགས་ཀྱི་པར་བུ་དགྲ་སྙིང་དྲོན་མོས་གང་བ་ཐུགས་ཀར་འཛིན་པ། དར་ནག་གི་འཇོལ་བེར་དགུ་བརྩེགས་དང་སག་ཏིའི་ལྷྭམ་གསོལ་བ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་པས་བཞུགས་པ། དཔལ་མགོན་གྱི་མདུན་དུ་ལྷ་མོ་དུད་སོལ་མ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ཞལ་གཅིག་ཕྱག་བཞི་པ། མི་རོ་རེངས་པ་ཞལ་དུ་བཅུག་པ་ཕྱག་དང་པོ་གཉིས་ཀྱིས་རལ་གྲི་དང་བྷནྡྷ་ཁྲག་གིས་གང་བ། ཐ་མ་གཉིས་ཀྱིས་ཤགྟི་དང་ཏྲི་ཤཱུ་ལ་དར་ནག་འཕྱང་བ་འཛིན་པ། སྙན་གཡས་པ་ན་དུག་སྦྲུལ་དང་། གཡོན་པ་ལ་སེང་གེ། སྙན་གོང་དུ་མེ་ཏོག་དང་དར་ནག་གི་ཅོད་པན། དབུ་ལ་སྦྲུལ་དང་ཐོད་པ་ཟླ་ཚེས་ཀྱིས་བརྒྱན་པ། ལྷ་མ་ཡིན་གྱི་མགོ་རློན་གྱིས་དོ་ཤལ། གླང་ལྤགས་ཀྱི་སྟོད་གཡོགས། བ་གླང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེ་སེར་པོས་སྐུ་སྨད་དྲིལ་བ། ཁྲག་ཞག་ཐལ་བའི་ཚོམ་བུ། ཀླུའི་དབང་པོས་སྐ་རགས་ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པ། ཁྲག་མཚོ་དམར་ནག་འཁྲུག་པའི་དབུས་སུ་བོང་བུ་གྭ་དམར་གྱི་སྟེང་དུ་བཙན་སྐྱིལ་གྱིས་བཞུགས་ཤིང་། ཞལ་གཡོན་ཕྱོགས་སུ་གཟིགས་པ་མ་མོ་འཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་བཞུགས་པ་དེའི་གཡས་སུ་དཔལ་ལྡན་དམག་ཟོར་རྒྱལ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས། གཡས་ཙནྡན་གྱི་བེ་ཅོན་དང་གཡོན་ཡུངས་ཀར་དང་ཁྲག་གིས་གང་བའི་ནལ་ཐོད་ཐུགས་ཀར་འཛིན་པ། དྲེའུ་རྟ་ལ་ཞོན་པ་བདུད་ཀྱི་ཁྲམ་ཤིང་སྐེད་ལ་གཟིར་ཞིང་། སྤྲུལ་པའི་མཚོན་ཆ་ལྔ་འཕྱངས་ཤིང་། ལྟོ་བ་ནས་ཉི་མ། སྤྱི་གཙུག་ནས་ཟླ་བ་འཆར་བ། སྤྱི་བོར་རྨ་བྱའི་གདུགས་ཕུབ་པ། འཁོར་བདུད་ཕྲུག་བསམ་གྱིས་མི་ཁྱབ་པས་བསྐོར་བ། ལྷ་མོའི་གཡོན་དུ་དྲེའུ་རྟ་གྭ་པའི་སྟེང་དུ་ལྷ་མོ་རབ་བརྟན་མ་སྐུ་མདོག་སྨུག་ནག་ཁྲོ་མོའི་གཟུགས་ཅན་གཡས་རལ་གྲི་གཡོན་ནེའུ་ལེ་འཛིན་པ། སྐུ་ལ་མི་ལྤགས་ཀྱི་གཡང་གཞི་གསོལ་བ། རེ་མ་ཏིའི་གཡས་སུ་དཔལ་དུར་ཁྲོད་ཀྱི་བདག་པོ་སྐུ་མདོག་དཀར་པོ་ཀེང་རུས་ཀྱི་གཟུགས་ཅན་གཡས་ཐོད་དབྱུག་དང་གཡོན་ཐོད་ཁྲག་བསྣམས་པ། ཞབས་གར་སྟབས་ཀྱིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་ཆས་བརྒྱན་པ་རབ་བརྟན་མའི་གཡོན་དུ་པད་ཉི་མ་ཧེའི་སྟེང་དུ་དམ་ཅན་ཆོས་ཀྱི་རྒྱལ་པོ་སྐུ་མདོག་ནག་པོ་མ་ཧེ་རབ་ཏུ་ཁྲོས་པའི་ཞལ་ཅན་གཡས་ཐོད་དབྱུག་དང་གཡོན་ཞགས་པ་འཛིན་པ་ལིངྒ་བསྒྲེང་བ། མི་མགོ་སྐམ་རློན་རུས་ཕྲེང་གིས་བརྒྱན་པ། ཞབས་གཡོན་བརྐྱང་གིས་བཞུགས་པའི་གཡོན་དུ་ཡུམ་ཙ་མུཎྜི་ནག་མོ་ཕྱག་གཉིས་ཏྲི་ཤཱུལ་དང་ཐོད་ཁྲག་བསྣམས་པ། བ་གླང་གི་ཀོ་རློན་གྱོན་ཞིང་རུས་ཕྲེང་གིས་བརྒྱན་པ། འཁོར་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དུར་བདག་གི་གཡས་སུ་པད་ཉིའི་སྟེང་དུ་དཀར་མོ་ཉི་ཟླ་ཞལ་གཅིག་ཕྱག་གཉིས་གཡས་རི་རབ་སྒང་རྡོར་འཕེན་ཞིང་། གཡོན་གླིང་བཞི་བྱོ་ལྡོག་མཛད་པ། ཉི་ཟླ་བརྒྱས་དབུ་ལ་བརྒྱན་ཅིང་། ཉི་ཟླ་དགུ་བརྒྱས་དོ་ཤལ་བྱས་པ། རིན་པོ་ཆེའི་རྒྱན་དང་དར་དཀར་གྱི་ན་བཟའ་ཅན། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་གཡོན་དུ་རྟ་ནག་པོའི་སྟེང་དུ་བདུད་རྒྱལ་ནག་པོ་ཁྲོས་པ་གཡས་བ་དན་ནག་པོ་མཁའ་ལ་འཕྱར་ཞིང་གཡོན་རུས་ཕྲེང་འཕྱར་ཐབས་སུ་འཛིན་པ། དར་ནག་གི་ན་བཟའ་དང་རུས་ཕྲེང་སྦྲུལ་གྱིས་བརྒྱན་པ། འཁོར་འཆི་བདག་ནག་པོ་རང་འདྲ་བརྒྱད་ཀྱིས་བསྐོར་བ། ཆོས་རྒྱལ་གྱི་གཡོན་དུ་པདྨ་ཉི་མ་མི་དང་རྟ་རོ་བརྩེགས་པའི་སྟེང་དུ་གནོད་སྦྱིན་ཆེན་པོ་ཟངས་ཀྱི་བེགྩེ་ཅན་དམར་པོ་ཞལ་གཅིག་ཕྱག་གཉིས་རབ་ཏུ་ཁྲོས་པ། གཡས་ཟངས་རལ་མཁའ་ལ་འཕྱར་ཞིང་། གཡོན་མདའ་གཞུ་དང་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པ། མཆན་ཁུང་ན་བསེ་ཡི་རུ་མཚོན་དང་བྱེ་རུའི་དབྱུག་པ་བསྣམ་པ། དབུ་ལ་ཟངས་ཀྱི་རྨོག་ཞུ་དང་དར་དམར་གྱི་འགྱིང་ཐོད་བཅིངས་པ་གསོལ་བ། སྐུ་ལ་ཟངས་ཀྱི་བེག་ཙེ་དང་ར་གློག་གསོལ་བ་དར་དམར་གྱི་རལ་གུས་བརྒྱན་པ། ཞབས་ལ་སག་ལྷྭམ་གསོལ་ཞིང་། གཡས་བསྐུམ་གཡོན་བརྐྱངས་པས་བཞུགས་པ། གཡོན་དུ་སྲིང་མོ་གདོང་དམར་མ། གཡས་སུ་ལས་མཁན་སྲོག་བདག་དམར་པོ་འཁོར་དུ་གྲི་ཐོགས་བརྒྱད། རོ་ཤན་ཉི་ཤུ་རྩ་གཅིག་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ལྷ་མོའི་མདུན་དུ་པདྨ་ཉི་ཟླའི་གདན་ལ་སེང་གེ་དཀར་མོ་ཉལ་ཐབས་སུ་གནས་ཤིང་གདོང་གྱེན་དུ་བལྟ་བའི་སྟེང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་གཡས་ནོར་བུས་མཚན་པའི་རྒྱལ་མཚན་དང་། གཡོན་ནེའུ་ལེ་འཛིན་པ་རིན་པོ་ཆེའི་དབུ་རྒྱན་དང་། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཕྲག་གོང་གཡས་གཡོན་དུ་ཉི་ཟླས་བརྒྱན་ཅིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་གནོད་སྦྱིན་རྟ་བདག་བརྒྱད་སོགས་གནོད་སྦྱིན་བྱེ་བ་འབུམ་སྡེས་བསྐོར་བ། དེའི་གཡས་སུ་མགོན་དཀར་ཡིད་བཞིན་ནོར་བུ་ཞལ་གཅིག་ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་བདུད་རྩིས་གང་བའི་ཐོད་བུམ། བར་མ་གཉིས་ཀྱིས་ནོར་བུ་དང་རྩེ་གསུམ། ཐ་མ་གཉིས་ཀྱིས་ཌཱ་མ་རུ་དང་ལྕགས་ཀྱུ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་འཁྲོལ་བ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་ཚོགས་བདག་གི་གདན་ལ་བཞུགས་པ། གཡོན་དུ་རས་དཀར་གྱི་ལྡིང་གུར་ཡངས་པའི་ནང་དུ་བཀྲ་ཤིས་ཚེ་རིང་མ་དཀར་མོ་རྡོ་རྗེ་དང་ཚེ་བུམ་འཛིན་པ་སེང་གེ་དཀར་མོ་ལ་ཆིབས་པ། མདུན་དུ་མཐིང་གི་ཞལ་བཟང་མ་མེ་ལོང་དང་བ་དན་འཛིན་པ་རྐྱང་བུ་ཁ་དཀར་ལ་ཞོན་པ། གཡས་སུ་མི་གཡོ་བློ་བཟང་ཕྱག་གཉིས་ན་ཟས་གཞོང་བསྣམས་ཞིང་སྟག་མོ་དྲུས་མ་ལ་ཆིབས་པ། རྒྱབ་ཏུ་ཅོད་པན་མགྲིན་བཟང་རིན་པོ་ཆེའི་གཏེར་སྒྲོམ་འཛིན་ཅིང་ཤ་བ་ཡུ་མོ་ལ་ཞོན་པ། གཡོན་དུ་གཏད་དཀར་འགྲོ་བཟང་དཱུརྦ་དང་སྦྲུལ་ཞགས་གདེང་བ་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་ན་བཟའ་ཅན་རིན་ཆེན་ལྔའི་ཐོར་ཚུགས་ཅན། མཛེས་སྡུག་མཚུངས་པ་མེད་པ་འཛུམ་ཞིང་དགྱེས་བའི་འཁོར་དུ་བརྟན་མ་བཅུ་གཉིས་དང་ལྷ་སྨན་འབུམ་ཕྲག་གི་ཚོགས་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ཡུལ་དུར་ཁྲོད་ཆེན་པོ་རྣམས་ནས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་བརྗོད། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་བསྟན་སྲུང་རྒྱ་མཚོའི་ཚོགས། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བྃ་ཧོཿས་མདུན་བསྐྱེད་ལ་བསྟིམ། ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས། ཨརྒྷཾ་སོགས་ནས་ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། །འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། སོགས་ཀྱིས་བསྟོད། དམ་རྒྱ་བཅས་ཏེ། བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་པས་དམ་ལ་བཞག །ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། རྡོར་ཐལ་ཁ་ཕྱེས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ས་པ་རི་ཝཱ་ར༴ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་རཱ་ཏྲི་ཏ་ས་པ་རི༴ ཨོཾ་མ་ཧཱ་ཀཱ་ལ་ཤ་རི་བྷྱོ། དུ་ཏྲི་བྷྱོ། དུཥྚཾ་བྷྱོ་ས་པ་རི༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཏྲ་ཀ་རཀྵ་ཧ་ལ་ཛཿདུ་ན་རུ་ཏྲ་རུ་ཐུཾ་བྷ་ཏི་ཛཿཤཱུ་ལ་རཱ་ཛ་ཏྲི་ཤཾ་ཛཿཡཾ་ཛཿབཛྲ་ཏྲིསྣ་སཱ་དྷཱུ་ཁ་ཐུཾ་ཏྲི་ས་མཱ་ཡ་ཛཿཛཿས་པ་རི་ཝཱ་ར་ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་དྷུ་དྷུ་སྭཱ་ཧཱ་བྷྲཱུྃ་ཧཱུྃ་ཕཊ་ཕཊ་ཨི་དཾ༴ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི། མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿས་པ་རི་ཝཱ་ར་ཨི་དཾ༴ བྷྱོཿརཀྨོ་བྷྱོཿརཀྨོ་བྷྱོཿབྷྱོཿརཀྨོ་ཐུན་བྷྱོཿརཀྨོ་ཁ་ལ་རཀ་ཆེན་མོ་རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿརུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ་ས་པ་རི༴ ཨོཾ་རུ་རུ་བི་ཏིཥྛ། བ་དྷོ་སི། མ་མ་རཀྨོ། ཙིཏྟ་ཁ་རཀྨོ་བྷྱོཿབྷྱོ་ས་པ་རི༴ ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ་ས་པ་རི༴ ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ས་པ་རི༴ ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུནྟཱིཾ་བྷྱོཿཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ས་པ་རི༴ ཨོཾ་རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་སརྦ་ཤཱ་ཏྲུཾ་བི་གྷྣཱན་ཨི་དཾ། ཨོཾ་བཻ་ཤྲ་ཝ་ཎ་ས་པ་རི༴ གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿཨི་དཾ༴ ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་ཛྙཱ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་གྷྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་སྔགས་བཏགས་པ་ལན་གསུམ་རེས་འབུལ། ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་བཏགས་པས་ཕྱི་མཆོད། འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། བསྟན་པ་སྲུང་བའི་སྡེ་དཔོན་ཆེན་པོ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་ལ་སོགས་པ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མཆོག །གྲུབ་པའི་རྡོ་རྗེ་ནག་པོ་ཆེ། །ཞིང་རྣམས་སྐྱོང་མཛད་ཁྱོད་ལ་བསྟོད། །མ་ཧཱ་ཀཱ་ལ་ཕྱག་དྲུག་འཇིགས་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པའོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་ཁེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་པ་དང་བྲལ་མཚན་མ་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང་། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་བསྟོད། །བསྟན་པ་སྲུང་བའི་མཐུ་སྟོབས་ཅན། །ལེགས་ལྡན་ནག་པོ་དཀའ་ཐུབ་ཅན། །སྲིད་མེད་བུ་དང་དུར་ཁྲོད་བདག །ལེགས་ལྡན་མཆེད་གསུམ་ཕྱག་འཚལ་བསྟོད། །བརྗོད་མེད་སྤྲོས་བྲལ་མཁའ་དབྱིངས་དག་པ་ལས། །སྣ་ཚོགས་གཟུགས་སྐུ་འཇིགས་པའི་སྐུར་བཞེངས་པ། །ཆར་སྤྲིན་ནག་པོ་གཡོ་བའི་གཟི་བརྗིད་ཀྱིས། །སྲིད་གསུམ་ཟིལ་གྱིས་གནོན་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་ཐུགས་མཆོག་ཧེ་རུ་ཀ །མ་རུངས་བདུད་ཀྱི་དཔུང་འཇོམས་ཕྱིར། །སྲུང་མའི་དབང་པོར་རྣམ་སྤྲུལ་པ། །ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །རྒྱ་མཚོའི་རྦ་ཀློང་འཁྲུགས་ལས་སྐུར་བཞེངས་ནས། །རི་རབ་ལྷུན་པོའི་རྩེ་ལ་བཀའ་བབས་ཏེ། །ཚངས་གནས་ཚད་མེད་ཁྱོད་ལ་མངའ་ལེགས་མ། །དཔལ་ལྡན་འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །བཅོམ་ལྡན་གཤིན་རྗེའི་གཤེད་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ཁས་བླངས་མ། །དྲེའུ་རྟ་ལ་ཞོན་རྔམས་ཞིང་ཤིན་ཏུ་བརྗིད། །སྲིད་པའི་རྒྱལ་པོ་ཆེན་པོ་ཁྱོད་ལ་བསྟོད། །དུས་གསུམ་རྒྱལ་བའི་ཡུམ་གཅིག་ཁྲོ་མོའི་སྐུ། །སྲིད་གསུམ་ཀུན་ལ་དབང་བསྒྱུར་མཁའ་འགྲོའི་གཙོ། །རྣལ་འབྱོར་བུ་བཞིན་སྐྱོང་བའི་གཡར་དམ་ཅན། །ཀཾ་ཀཾ་སྒྲ་སྒྲོགས་རབ་བརྟན་མ་ལ་བསྟོད། །རྒྱལ་བའི་ཐུགས་ཀྱི་ཕྲིན་ལས་ཀུན། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །འཇམ་དཔལ་ཁྲོས་པ་དུས་དགྲའི་དབང་པོ་ཡིས། །བཀའ་ཡི་བསྟན་པ་སྲུང་བར་ཁས་བླངས་པའི། །རྣལ་འབྱོར་བུ་བཞིན་སྐྱོང་བའི་སྲུང་མ་མཆོག །ཆོས་རྒྱལ་ཡབ་ཡུམ་འཁོར་དང་བཅས་ལ་བསྟོད། །དཔལ་ལྡན་དཀར་མོ་ཉི་ཟླ་ནི། །དར་དཀར་འཇོལ་བེར་སྐུ་ལ་གསོལ། །རི་རབ་གླིང་བཞི་ཕྱག་ན་བསྣམས། །སྐྱེ་འགྲོ་གསོ་མཛད་ཁྱོད་ལ་བསྟོད། །དཔལ་ཆེན་བཀའ་ཡི་ཕོ་ཉ་ནི། །རླུང་གི་ཤུགས་ཅན་རྟ་ནག་སྟེང་། །མདོག་ནག་རུ་མཚོན་ཐོད་ཕྲེང་ཅན། །བདུད་རྒྱལ་མགོན་པོ་ཁྱོད་ལ་བསྟོད། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་སྟོན་པ། །མཐུ་སྟོབས་ཕུན་ཚོགས་སངས་རྒྱས་བསྟན་པ་སྲུང་། །སྒྲོལ་གིང་སྲོག་བདག་དམར་པོ་ཁྱོད་ལ་བསྟོད། །ས་བརྒྱད་བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིད་བཞིན་འདོད་དགུའི་ཆར་འབེབས་དཔག་བསམ་ཤིང་། །རྣམ་མང་ཐོས་སྲས་ངལ་བསོས་པོ་ལ་བསྟོད། །དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་འཆང་། །འགྲོ་བའི་ཕུན་ཚོགས་རེ་བ་སྐོང་བའི་ཕྱིར། །རབ་འཇིགས་ཁྲོ་བོའི་དབང་པོའི་སྐུར་སྟོན་པ། །ཡིད་བཞིན་ནོར་བུར་མཚན་གསོལ་ཕྱག་འཚལ་བསྟོད། །ཡེ་ཤེས་སྐྱེད་མཛད་ཆོས་སྐུ་ཡུམ་ཆེན་མོ། །རྒྱལ་ཀུན་རྡོ་རྗེའི་བཙུན་མོ་རྣལ་འབྱོར་མ། །གངས་ཅན་སངས་རྒྱས་བསྟན་སྲུང་འཁོར་ལོའི་བདག །བཀྲ་ཤིས་ཚེ་རིང་མཆེད་ལྔར་ཕྱག་འཚལ་བསྟོད། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་སྤྱིར་བསྟོད་ལ། བསྟབ་པ་ནི། ཧཱུྃ་བྷྱོཿདཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས། །དམ་ཅན་རྒྱ་མཚོ་ནོར་ལྷ་གཏེར་བདག་བཅས། །འདིར་གཤེགས་བརྒྱན་བའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་ཀའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉེན་པོར་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་གཉེན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །བླ་མས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ་ཞིང་། གཏོར་བསྔོ་གཞན་དང་འབྲེལ་ན་དེའི་མཐར་དབྱུང་ཞིང་། འདི་ཉིད་སྒེར་འདོན་ཚེ། སླར་ཡང་། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་སོགས་འདོད་དོན་ཞུ་བ་དང་། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་གསོལ་བྱ་ཞིང་། བསྔོ་སྨོན་ཤིས་བརྗོད་སོགས་ཡི་དམ་གང་ལ་བརྟེན་པ་དེའི་རང་གཞུང་ལྟར་བྱའོ།། །།ཞེས་པའང་ཡོས་ལོར་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་སྨིན་གྲོལ་འབོགས་པའི་སྐབས་སྤོ་ལུ་དགོན་པའི་བླ་མ་ངག་དབང་བཤེས་གཉེན་དང་། འདན་མ་དགེ་སློང་ཀུན་དགའ་རིན་ཆེན་བཅས་ནས་བསྐུལ་བའི་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ལྷ་སྔགས་རྣམས་སོ་སོའི་གཞུང་ལས་བཏུས་ཏེ་ཁྱེར་བདེ་བར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་ཆབ་མདོ་སྐྱོ་སྤྲུལ་འཇམ་དབྱངས་ཆོས་ཀྱི་ཉིན་བྱེད་ཀྱིས་གུས་པས་བགྱིས་པ་སྟེ་འདིས་ཀྱང་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information