ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-018
Wylie title zab lam snying thig gsal sgron gyi dbang chog bdud rtsi'i bum bzang JKCL-KABUM-10-THA-018.pdf
Location chos kyi blo gros bka' 'bum
Volume 10, Text 18, Pages 123-129 (Folios 1a to 4a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zab lam snying thig gsal sgron gyi dbang chog bdud rtsi'i bum bzang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 123-129. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur
Cycle ཟབ་ལམ་སྙིང་ཐིག་གསལ་སྒྲོན་ (zab lam snying thig gsal sgron)
Recension Link Other Versions on this site: ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་།
Colophon

ཞེས་པའང་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་དང་། ཌཱ་ཀི་ཚེ་རིང་ཆོས་སྒྲོན། སྤར་རྐོ་ཆོས་འཕེལ་སོགས་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བས་རྐྱེན་བྱས་ཏེ། ཤིང་ལུགས་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་བློ་གྲོས་མཆོག་ལྡན་གྱིས་བགྱིས་པ་འདི་ཡང་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།།

zhes pa'ang mchog sprul rin po che bkra shis dpal 'byor dang /__DA ki tshe ring chos sgron/__spar rko chos 'phel sogs kyis nan tan chen pos yang yang bskul bas rkyen byas te/__shing lugs zla'i dkar phyogs kyi dga' ba dang por smras rim bzhin yi ge'i byed po rang slob blo gros mchog ldan gyis bgyis pa 'di yang don dang ldan par gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། རང་རིག་བླ་མར་གུས་བཏུད་ནས། །ཟབ་མོ་བླ་མའི་སྒྲུབ་པ་ཡི། །དབང་བསྐུར་ཡེ་ཤེས་ཆུ་རྒྱུན་ནི། །སྒྲུབ་པར་འདོད་པས་སྟེགས་བུ་ལ། །མཎྜལ་ཆོས་འབྱུང་དམར་པོའི་དབུས། །པད་འདབ་བཞི་དང་མཐའ་སྐོར་དུ། །པད་ཕྲེང་རྡོ་རྭ་མེ་རིས་མཛེས། །དེ་སྟེང་བུམ་པ་ཐོད་ཆང་དང་། །མེ་ལོང་སྔགས་མཚན་མན་ཤེལ་བཤམས། །ཕྱི་ནང་མཆོད་པ་ཚོགས་བྱས་ཏེ། །རྣལ་འབྱོར་བདེ་བའི་སྟན་ལ་འདུག །བླ་མའི་སྒྲུབ་པ་གཞུང་བསྲངས་ཤིང་། །བུམ་ཐོད་དབྱངས་གསལ་རྟེན་སྙིང་གིས། །བྱིན་གྱིས་བརླབས་ཤིང་ཚོགས་མཆོད་བྱ། །སློབ་དཔོན་དགོངས་པ་གཡོ་མེད་དང་། །སྣོད་ལྡན་སློབ་མ་ཁྲུས་ནས་དབྱུངས། །བགེགས་བསྐྲད་སྲུང་བའི་འཁོར་ལོས་བཅིང་། །ངེས་འབྱུང་ཆོས་འཆད་སྤྲོ་བ་བསྐྱེད། །མཎྜལ་ཕུལ་ལ་གསོལ་བ་གདབ། །རྩ་གསུམ་རྒྱ་མཚོ་འདུས་པའི་དངོས། །རྡོ་རྗེའི་བླ་མ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་བུ་རྣམས་ལ། །སྙིང་པོ་དོན་གྱི་དབང་མཆོག་སྩོལ། །གསོལ་བཏབ་གནང་བ་སྦྱིན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །དད་དང་དམ་ཚིག་མོས་ལྡན་ན། །ཡང་གསང་བླ་མ་སྒྲུབ་པ་ཡི། །སྙིང་པོ་དོན་གྱི་དབང་བསྐུར་སྦྱིན། །དེ་ནས་རྒྱུད་སྦྱོང་རིམ་པ་ནི། །དམ་ཆུ་སྦྱིན་ཅིང་དམ་བསྒྲགས་པ། ཧོཿའདི་ནི་རྡོ་རྗེའི་དམ་ཚིག་ཆུ། །བསྲུངས་ན་དངོས་གྲུབ་ཚེ་འདིར་ཐོབ། །མ་བསྲུང་ཉམས་ན་དམྱལ་བར་ལྟུང་། །དེ་བས་ཁེ་ཉེན་ཤེས་པར་གྱིས། །བཛྲ་ས་མ་ཡ་ན་ར་ཀན། །ཞེས་བརྗོད་རྡོ་རྗེ་སྤྱི་བོར་བཞག །ཡེ་ཤེས་དབབ་ཕྱིར་ལུས་བསྲང་ཞིང་། །རླུང་བཟུང་དམིགས་པ་རྩེ་གཅིག་གཏད། བླ་མ་ཧེ་རུ་ཀར་གསལ་བའི། །ཐུགས་ནས་མེ་འོད་འཕྲོས་པ་ཡིས། །སློབ་མའི་ཕུང་ཁམས་བསྲེགས་ཤིང་སྦྱངས། །དེ་ལས་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་ཕག་མོ་སྐུ་མདོག་དམར། །གྲི་གུག་ཐོད་ཁྲག་དོར་སྟབས་འགྱིང་། །དར་དང་རིན་ཆེན་རུས་པས་བརྒྱན། །ཐུགས་ཀར་བདེ་བའི་ཐིག་ལེ་ནི། །དགའ་བ་འཁྱིལ་པ་དཀར་དམར་དབུས། །བྃ་དང་ཡན་ལག་བཞི་ལ་ནི། །ཧ་རི་ནི་སས་མཚན་པར་བསྒོམ། །སྤྱི་བོར་བླ་མ་ཧེ་རུ་ཀ །ཅང་ཏེ་ཐོད་པ་བསྣམས་པ་ནི། །བདེ་བའི་ཉམས་དང་ལྡན་པར་གསལ། །ཐུགས་ནས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་ཐིམ་པར་བསམ། །ཡེ་ཤེས་འབེབ་པའི་སྔགས་ཀྱིས་དབབ། །ཡེ་ཤེས་ཕེབས་པའི་རྟགས་བྱུང་ན། །ཉམས་ནི་བྱུང་རྒྱལ་དག་ཏུ་བསྐྱང་། །མ་ཕེབ་བླ་མར་མོས་གུས་བསྐྱེད། །རྗེས་ཆགས་འོད་ཀྱིས་བསྐུལ་བྱས་ཏེ། །སྙིང་གའི་དགའ་འཁྱིལ་གཡོན་དྲག་འཁོར། །དགོངས་པས་གཟེར་ཞིང་དབྱིངས་རིག་བསྲེ། ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ། ཞེས་བརྗོད་རྡོ་རྗེ་རྒྱ་གྲམ་འཇོག །དངོས་གཞིའི་དབང་བསྐུར་སྦྱིན་པ་ལ། བླ་མའི་དཔྲལ་བའི་ཨོཾ་དཀར་ལས། །ཨོཾ་དང་རང་འདྲ་དཔག་མེད་འཕྲོས། །དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་བསྐུར་ཐོབ་པར་བསམ། །ཨོཾ་གྱི་གླུ་དབྱངས་བརྗོད་པ་དང་། །བརྟན་བྱེད་བུམ་པའི་ཆུས་དབང་བསྐུར། ཨོཾ། སྣོད་བཅུད་ཡོངས་རྫོགས་བུམ་པ་ན། །རིག་འཛིན་རྒྱལ་བའི་དཀྱིལ་འཁོར་བཞུགས། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག །བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་བླུད་ཅིང་གནས་བཞིར་གཏོར། །དབང་དོན་ངོ་སྤྲོད་རྟོགས་པ་བརྗོད། །དེ་ནས་གསང་བའི་དབང་བསྐུར་ནི། བླ་མའི་མགྲིན་པའི་ཨཱཿ དམར་ལས། །འོད་དམར་སྔགས་ཕྲེང་དཔག་མེད་འཕྲོས། །མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་བསྐུར་ཐོབ་པར་དམིགས། །ཨཱཿ ཡི་གླུ་དབྱངས་བསྒྲགས་པ་དང་། །བྷནྡྷའི་བདུད་རྩི་སྦྱིན་བྱས་ཏེ། ཨཱཿ རང་བྱུང་བྷནྡྷའི་སྣོད་ནང་དུ། །བླ་མ་ཡབ་ཡུམ་སྙོམས་ཞུགས་པའི། །བྱང་སེམས་བདུད་རྩིའི་རྒྱུན་དབང་བསྐུར། །ངག་རླུང་དབུ་མར་ཐིམ་པར་ཤོག །བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿཞེས་མྱོང་བདེ་སྟོང་ངང་ལ་བཞག །དོན་ངོ་སྤྲོད་ཅིང་རྟོགས་པ་བརྗོད། །ཤེར་དབང་ཕོ་ཉའི་དབང་མཆོག་ནི། བླ་མའི་ཐུགས་ཀའི་ཧཱུྃཿསྔོན་ལས། །འོད་སྔོན་ཕྱག་མཚན་ཚོགས་སྤྲོས་པས། །སློབ་མའི་སྙིང་གར་ཐིམ་པ་དང་། །ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ། །དམ་ཚིག་ཕྱག་རྒྱའི་རྟེན་མཚོན་པར། །མེ་ལོང་སྔགས་ཀྱིས་མཚན་པ་གཏད། །ཧཱུྃ་གི་གླུ་དབྱངས་སྒྲོགས་པ་དང་། ཨེ་མ་ཧོཿམཆོག་ཏུ་བདེ་བ་ཆེ། །བདེ་བ་འདི་ནི་རྨད་དུ་བྱུང་། །སངས་རྒྱས་ཀུན་གྱིས་དགྱེས་རོལ་པའི། །བདེ་མཆོག་ཐར་པ་སྤྱོད་པར་གྱིས། །ས་མ་ཡ་ཧོཿས་མ་ཡ་སྟྭཾཿཨ་ནུ་རཱ་ག་ཡ་ཧོཿཨ་ནུ་རཱ་ག་ཡ་མི། ཛཿཧཱུྃ་བྃ་ཧོཿཛྙཱ་ན་བཛྲ་མ་ཧཱ་སུ་ཁ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་བདེ་བའི་ཡེ་ཤེས་སྐྱོང་། །དོན་ངོ་སྤྲོད་ཅིང་དག་པ་བརྗོད། །དེ་ནས་བཞི་པའི་དབང་བསྐུར་སྦྱིན། བླ་མའི་ལྟེ་བའི་ཧོཿཡིག་ལས། །འོད་ཟེར་སེར་པོ་གསེར་མདོག་དང་། །བཻ་ཌཱུཪྻ་མདོག་ནོར་བུ་སྤྲོས། །སློབ་མའི་ལྟེ་བར་ཐིམ་པ་དང་། །བཞི་པའི་དབང་ཐོབ་སྒྲིབ་དག་དམིགས། །ཧོཿཡི་གླུ་ལེན་མན་ཤེལ་ཐོགས། ཧོཿཤིན་ཏུ་རྣམ་པར་དག་པ་ཡི། །ཡེ་ཤེས་མཆོག་གིས་ཀུན་ཏུ་ཁྱབ། །མཚན་མཚོན་བརྗོད་པ་ལས་འདས་པའི། །རང་བྱུང་ཡེ་ཤེས་ངོ་མཚར་ཆེ། །དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཏི་ཧོཿདབྱིངས་རིག་དབྱེར་མེད་ངང་དུ་བཞག །དེ་ནས་རིག་པ་རྩལ་གྱི་དབང་། །སློབ་དཔོན་དགོངས་པ་མི་གཡོའི་ངང་། །ཐུགས་ཀར་ཨ་ཡིག་གསལ་བ་ལ། །སློབ་མས་རྟོག་པ་ཐམས་ཅད་སྤངས། །རིག་པ་དེ་ལ་གཏད་པ་དང་། །ཨ་ཞེས་དགོངས་པའི་དྲོད་བསྐྱེད་དེ། །ཕཊ་ཀྱིས་རིག་པའི་རྩལ་ཆེན་སྤར། ཨ་ཧོཿསངས་རྒྱས་ཀུན་གྱི་གསང་བ་ཆེ། །རང་བྱུང་རིག་པ་ལྷུན་གྱིས་གྲུབ། །འོད་གསལ་ཆེན་པོའི་དགོངས་པ་ལ། །མི་གཡོ་རྟག་ཏུ་མཉམ་པར་སྤྱོད། །ཨ་ལ་ལ་ཧོཿཞེས་བརྗོད་ལྟ་སྟངས་དབྱིངས་ལ་གཟིར། །དོན་ངོ་སྤྲོད་ཅིང་རྟོགས་པ་བརྗོད། །རྗེས་ལ་དམ་ཚིག་རྒྱ་ཡིས་གདབ། ཧོཿའདི་ནི་གསང་བ་ཆེན་པོ་སྟེ། །གསང་བ་གཞན་ལ་སྨྲ་མི་བྱ། །འདས་ན་དམ་ཚིག་ཉམས་འགྱུར་ཞིང་། །སྒྲུབ་པས་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་བསྒྲགས་དམ་ཚིག་ཁས་བླང་སོགས། །དབང་རྗེས་རིམ་པ་སྤྱི་ལྟར་བྱ། ས་མ་ཡ། ཞེས་པའང་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་དང་། ཌཱ་ཀི་ཚེ་རིང་ཆོས་སྒྲོན། སྤར་རྐོ་ཆོས་འཕེལ་སོགས་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བས་རྐྱེན་བྱས་ཏེ། ཤིང་ལུགས་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་བློ་གྲོས་མཆོག་ལྡན་གྱིས་བགྱིས་པ་འདི་ཡང་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

Footnotes

Other Information