བསྟོད་པ་ཆོས་རྒྱལ་མའི་ཚིག་འགྲེལ་ཉུང་བསྡུས།

From Khyentse Lineage - A Tsadra Foundation Project
JKCL-KABUM-08-NYA-019
Wylie title bstod pa chos rgyal ma'i tshig 'grel nyung bsdus JKCL-KABUM-08-NYA-019.pdf
Location chos kyi blo gros bka' 'bum
Volume 8, Text 19, Pages 607-619 (Folios 1a1 to 7a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་སྐྱ་པཎྜི་ཏ་ (sa skya paN+Di ta)
Citation 'jam dbyangs mkhyen brtse chos kyi blo gros. bstod pa chos rgyal ma'i tshig 'grel nyung bsdus. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 607-619. Bir, H.P.: Khyentse Labrang, 2012.
Genre Commentary on Words - tshig 'grel  ·  Notes - zin bris
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་པས་གཞོན་ནུའི་དུས་སུ་བྲིས་པ་དགེ།

/ces pa'ang chos kyi blo gros pas gzhon nu'i dus su bris pa dge/

1 Texts in this Section (sde tshan or chos tshan)

[edit]
༄༅། །བསྟོད་པ་ཆོས་རྒྱལ་མའི་ཚིག་འགྲེལ་ཉུང་བསྡུས་བཞུགས། ། ཨོཾ་སྭསྟི། །མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་དཔལ་ས་སྐྱ་པཎྜི་ཏ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་རྗེ། །ཆོས་ཀྱི་རྒྱལ་པོ་དེ་ནི་འགྲོ་བ་སེམས་ཅན་དུ་མ་ཡི་ལམ་སྟོན་པའི་མགོན་དུ་གྱུར་པ་ཆོས་ཀྱི་རྗེ་དེ་ནི་སེམས་ཅན་རྨུ་རྒུད་ཅན་རྣམས་འདུལ་བར་བྱ་བ་དང་། བསྟན་པའི་རྒྱལ་མཚན་བསྒྲེང་བའི་དོན་དུ་གྲམ་པ་ལ་སྟོད་དཔལ་ལྡན་ས་སྐྱ་ཆུ་ཕོ་དགེ་བྱེད་དེ་སྟག་ལོ་དཔྱིད་ཟླ་ར་བའི་ཉི་ཤུ་དྲུག་ལ་བལྟམས་པ་ནས་བཟུང་སྤྲུལ་པ་སྐུ་བའི་གནས་སུ་ལྕགས་ཕག་སྨལ་པོ་ཡི་ཚེས་བཅུ་གཉིས་ཐོ་རང་ཞི་བར་མ་གཤེགས་ཀྱི་བར་རབ་ཏུ་ངོ་མཚར་བའི་རྣམ་ཐར་གྱི་མཛད་པ་དཔག་ཏུ་མེད་པ་རྣམས་བློ་གྲོས་ཅན་གྱི་ཐེ་ཚོམ་བཅད་པའི་ཕྱིར་དུ་བདག་གི་མདོར་བསྡུས་ཏེ་འཆད་པ་བྱ་བ་ཡིན་ལ། སྐྱེ་བོ་ཀུན་གྱིས་གུས་པས་ཉན་པར་གྱིས་ཤིག་ཅེས་བསྐུལ་བའོ། །ཆོས་ཀྱི་རྗེ་འདི་དང་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷུམས་སུ་ཞུགས་པའི་རྨི་ལྟས་ཀླུ་ཡི་དབང་པོའི་རྒྱལ་པོ་ཡོན་ཏན་དཔག་ཏུ་མེད་པ་སྤྱི་བོའི་སྟེང་ནས། རིན་པོ་ཆེའི་རྒྱན་གྱིས་མཛེས་པར་བརྒྱན་པ་མིག་གི་ལྟ་བས་མི་བཟོད་པ་གཅིག་གི་ཁྱོད་ལ་གནས་ཁང་གཡར་བ་ཡིན་ཟེར་ནས་བྱོན་པར་རྨིས་ཀྱིས། ཤེས་རབ་སྟོང་པ་ཉིད་ཟག་པ་མེད་པའི་ཡུམ་གྱི་རྒྱ་མཚོའམ་ལྷུམས་སུ་ཞུགས་ཤིང་ལྷུམ་ན་བཞུགས་པའི་དུས་ནའང་ཡུམ་ལ་ལུས་ཡངས་བ་དང་། ཟོ་མདོག་བདེ་བ་དང་ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེ་བ་བྱུང་ཞིང་། དེ་ལྟ་བུའི་ཡོན་ཏན་དུ་མ་ལ་དབང་འབྱོར་བ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐུ་བལྟམ་པའི་ཚེ་ཡང་བྱང་ཆུབ་སེམས་དཔའ་བལྟམས་པའི་ལྟས་འོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་དང་། ཡུམ་ལ་སྡུག་བསྔལ་ལ་སོགས་གང་གིས་ཀྱང་མ་གནོད་ཅིང་བདེ་བའི་རྣམ་པ་རྒྱས་ཤིང་མཁའ་འགྲོ་དང་ལྷའི་དབང་པོ་ལ་སོགས་པ་དཔག་ཏུ་ཡས་པ་མཁའ་ལ་འདུས་པ་སོགས་ཟས་གཙང་སྲས་པོ་ལྟར་ངོ་མཚར་དཔག་ཏུ་མེད་པ་བྱུང་བའི་མི་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དེ་ནས་སྐྱེད་ཅུང་ཟད་སྲིང་བ་ན་སྐྱེ་བ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་སཾ་ཀྲའི་ཏའི་སྐད་དང་ས་ལ་ཕྱག་མཛུབ་ཀྱི་རྒྱ་གར་གྱི་ཨ་ལི་ཀ་ལི་ཚང་བར་བྲིས་ཤིང་། དེ་ནས་རྒྱ་ཀློག་བོད་ཀློག་སོགས་ཡིག་གེའི་རིགས་རྣམས་ཐུགས་སུ་ཆུད་པ་དང་། བཟོ་གསོ་སྒྲ་ཚད་སོགས་ཀྱིས་ཡོན་ཏན་གྱིས་རྒྱན་གྱིས་སྤྲས་ཤིང་ཆོས་རྗེ་ཞེས་གྲགས་པའི་སྙན་པས་ཁྱབ་པ་དང་། དགུང་ལོ་དགུ་ནས་བཟུངས་བཅོ་བརྒྱད་བར། ཀྱཻ་རྡོར་སོགས་སྔགས་རྒྱུད་རྣམས་གསན་ཅིང་བཅོ་བརྒྱད་པའི་རྣལ་ལམ་དུ་ཨ་ཕྱི་མཆོད་རྟེན་ཆེན་པོའི་དྲུང་དུ་ཆོས་ཀྱི་མ་མོ་སྟེ་མངོན་མཛོད་གསན་ཅིང་རྣལ་ལམ་སད་པ་ན་དེའི་དོན་མ་བསླབ་པར་ཁང་དུ་ཆུད་ཅིང་རྒྱ་གར་ཤར་ཕྱོགས་ཕྱོགས་གླང་གི་ཕུག་པ་ན། ཚད་མ་སྡེ་བདུན་སོགས་གླེགས་བམ་མང་པོའི་སྡེ་མིག་གཏད་པ་རྨིས་ལ་རྣལ་སད་པ་ན་ཉམས་རྟོག་ལྷག་པར་རྒྱས་པ་དང་། གཞན་ཡང་། བྱམས་ཆོས་ཚད་མ་བཟོ་གསོ་སོགས་སྦྱངས་ཤིང་གཞོན་ནུའི་དུས་ན་ཡོན་ཏན་མ་ལུས་པ་རྫོགས་ཤིང་། རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་ཚོགས་ཀྱི་དབུས་སུ་བསྟོད་པ་ལ་ཡུལ་དུ་གྱུར་པའི་བློ་གྲོས་དང་ལྡན་པ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱི་རྗེ་དེ་ཉིད་ནི་མི་ཡི་སྐྱེ་བ་ནས་མིར་རྫུས་པའི་སྐྱེ་བ་ཉེར་ལྔ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་རླབས་པར་གྱུར་པས། སྔར་གོང་དུ་བསྟན་པའི་བཟོ་དང་། གཞན་རྗེས་འཛིན་གྱིས་གསོ་བ་ཚར་གཅོད་པའི་སྒྲ་ཚད་དང་ནང་དོན་རིག་པ་སོགས་བརྙེས་ཤིང་། མཁས་པ་གཞན་དང་མཚུངས་པ་དང་བྲལ་བ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གཞན་ཡང་སྲིད་པ་སྟེ་སྐྱེ་བ་སྔ་མ་ཀུན་ཏུ་གཞུང་ལུགས་ལ་བློ་མིག་ལེགས་པར་སྦྱངས་སྟོབས་ཀྱིས་ན། དངོས་སུ་འཇམ་པའི་དབྱངས་དང་། མི་གཡོ། སྒྲོལ་མ་སོགས་གཟིགས་ནས། དེ་དག་གི་ཆོས་ཀྱི་སྒོ་དུ་མ་བསྟན་ལ། དེར་མ་ཟད་རྨི་ལམ་དུ་ན་ཡང་། དམ་པའི་ཆོས་ཀྱི་སྒོ་རྣམས་མ་ལུས་ཀུན། དགེ་བའི་བཤེས་གཉེན་རྣམས་ཀྱིས་དངོས་སུ་གདམས་པར་མཛད་ཅིང་། སྤང་བྱའི་དྲི་མའི་ཉེས་པ་ཀུན་རྣམ་པར་དག་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྗེ་བཙུན་རིན་པོ་ཆེ་ལ་རྒྱུད་སྡེའི་གནད་ཟབ་མོའི་ལམ་དེ་ཉིད་ཀྱིས་བྱིན་གྱི་རླབས་པ་གནང་བའི་ཆ། རྗེ་བཙུན་བླ་མ་གྲགས་པ་རྒྱལ་མཚན་འཇམ་པའི་དབྱངས་དངོས་སུ་གཟིགས་ཤིང་། སྐད་ཅིག་གཅིག་ཉིད་ལ་ཤེས་བྱའི་ཆོས་རྣམས་ཐམས་ཅད་ཆོས་རྗེ་ཉིད་ཀྱིས་ཐུགས་སུ་ཆུད་ཅིང་། ཐུགས་སྒྲིབ་གཉིས་ལས་གྲོལ་བ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོ་ལ་དུས་རྟག་ཏུ་མཉམ་པར་བཞག་པའི་སྟོབས་ཀྱིས་གསང་སྔགས་ཀྱི་ཐབས་ཀྱིས་ལམ་ཟབ་མོ་དེ་ཉིད་ཀྱིས་མ་དག་པའི་འབྱུང་བཞི་རབ་ཏུ་སྦྱངས་ནས། དག་པ་ཡེ་ཤེས་སུ་འཆར་བ་དང་། གསུང་ངག་གི་གསང་སྔགས་བཟླས་པས་མགོན་པོ་ལྷ་མོ་ནག་མོ་ཞིང་སྐྱོང་གདོང་བཞི་སོགས་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་དངོས་སུ་ཞལ་གཟིགས་ཤིང་། རྗེ་བཙུན་བླ་མའི་བཀའ་དྲིན་གྱིས་ཟབ་ལམ་རྟོག་པ་གོང་ནས་གོང་དུ་མཆོག་ཏུ་གྱུར་པ་རྣམས་ཀྱི་འགལ་ཟླའི་ཆར་གཏོགས་ཀྱི་སྐྱོན་ཐམས་ཅད་དང་བྲལ་བ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐྱོན་མེད་པའི་དམ་བཅའ་བརྗོད་ཅིང་ཕྱིར་བཟློག་མི་ནུས་ཐལ་བ་འཕེན་པས་བོད་ཀྱི་བློ་གསལ་མཁས་པར་གྲགས་པ་རྣམས་དང་རྒྱ་གར་གྱི་པཎྜི་ཏ་འགའ་ཞིག་དང་འཕྲོག་བྱེད་དགའ་བོ་སོགས་རྟོག་གེ་ངན་པའི་ཕས་ཀྱི་རྒོལ་བའི་སྤོབ་པ་ཐམས་ཅད་བཟློག་པ་དང་མཁས་པའི་གྲགས་པར་བརློམ་པས་རྒྱུད་ང་རྒྱལ་གྱིས་ཁེངས་པའི་རྟོག་གེ་བ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཆོས་རྗེ་ཉིད་ཀྱི་བསྟན་བཅོས་ལས་ཀྱང་མཁས་པ་རྣམས་ཡིད་དགའ་བར་གྱུར་པའི་ལེགས་བཤད་ཚིག་ཉུང་ལ་དོན་ཟབ་པའི་བསྟན་བཅོས་སོགས་མདོར་ན་མཁས་པའི་གྲགས་པ་ཆེན་པོ་འཛམ་གླིང་གི་ས་སྟེང་ཐམས་ཅད་ཁྱབ་ཅིང་འཇིགས་པ་མེད་པའི་སྤོབས་པ་མཉེས་ཤིང་ཕྱིན་ཅི་མ་ལོགས་པའི་གཞུང་མཁྱེན་ཅིང་། རྣམ་དག་ནི་ངག་གི་སྨྲས་པས་སྐྱོན་ཐམས་ཅད་དང་བྲལ་བ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཉེ་བར་ལེན་པའི་ཡོངས་སུ་འཛིན་པ་སྟེ་སེར་སྣའི་རྟོགས་པ་ཀུན་རབ་ཏུ་སྤང་ཞིང་རང་གི་ཇི་ལྟར་གསན་པའི་དམ་པའི་ཆོས་ཀྱི་སྦྱིན་པ་དུས་རྟག་ཏུ་གཞན་ལ་ལྷུག་པར་ཏེ་ཆུ་བོའི་རྒྱུན་བཞིན་གཏང་བ་དང་། སེམས་ཅན་གཞན་གྱི་དོན་མཛད་པ་ལ་དབུ་དང་ཡན་ལག་གདེང་པ་ལ་ཡང་བསྙེལ་བ་སྟེ་ཕྱིར་གཤོལ་བ་མི་མངའ་བའི་རང་བཞིན་ཅན་གྱི་ཐུགས་བརྩེ་བ་དང་ལྡན་པ་ཁྱེད་ལ་སྤྱི་བོས་ཕྱག་འཚལ་ལོ། །འདུལ་བྱ་རྟགས་འཛིན་ཅན་གྱི་དོན་དུ་དུས་གཅིག་ན་ཅུང་ཟད་བསྙུང་བའི་ཚུལ་བསྟན་པའི་ཚེ་ན་འཇམ་པའི་དབྱངས་དང་། བྱམས་པ་མགོན་པོ་བློ་གྲོས་ལྡན་དང་། ཞི་བ་ལྷ། འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་བསྙུང་གསོལ་མཛད་པའི་སྣང་བ་བྱུང་བ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བོ་དོང་རིང་པོ་ལ་ལེགས་པ་བསམ་པ་དག་པའི་གདུལ་བྱ་འགའ་ཞིག་ནི་རྗེ་བཙུན་འཇམ་དཔལ་དབྱངས་དང་དབྱེར་མེད་པ་མིག་གི་མཐོང་ཞིང་ངེས་པར་ཡང་བརྙེད་པར་གྱུར་ཅིང་། རྒྱ་གར་འཕགས་པའི་ཡུལ་ན་ཡང་གཏམ་བཟང་དུ་ས་པཎ་འཇམ་དཔལ་དབྱངས་དངོས་སུ་གྲགས་ལ་དེ་ལྟར་གྲགས་ཅིང་ཡོན་ཏན་ལྷུན་གྱིས་གྲུབ་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྤྲུལ་པའི་བྱང་སེམས་གོ་དན་རྒྱལ་པོས་དོར་རྟ་གདན་འདྲེན་འོངས་སྐབས། སྔོན་གྲགས་པའི་ལུང་བསྟན་ཡོད་པ་ཐུགས་ལ་བཞག་པའི་སྟོབས་ཀྱིས་ཧོར་གྱི་ཡུལ་དུ་འགྲོ་དོན་འོང་བར་དགོངས་ནས་ཞལ་གྱིས་བཞེས་ནས་ཤིང་ཕོ་འབྲུག་གི་ལོར་དགུངས་གྲངས་དྲུག་ཅུ་རེ་གསུམ་པར་ས་སྐྱ་ནས་བཏེག་ཅིང་མངོན་ཤེས་ཡང་ལྔ་སྟེ། ཤིང་ཕོ་སྦྲུལ་གྱི་ལོར་ཡི་སྟོན་ཟླ་འབྲིང་པོ་ཤར་བ་དང་། བྱང་ངོས་སུ་ཕྱག་ཕེབས་ནས། ལྕགས་ཕོ་ཁྱི་ཡི་ལོའི་སྟོན་ཟླ་ཐ་ཆུང་ཤར་བའི་ཚེ་ན་དྲུང་ན་འདུག་པ་འགའ་ལ་ལྕགས་མོ་ཕག་ལ་ཞིང་གཞན་ལ་གདུལ་བྱ་གཞན་དོན་དུ་གཤེགས་འགྲོ་ཞེས་པ་ཐོག་ཏུ་ཁེལ་བ་སོགས་དུས་གསུམ་ཐམས་ཅད་མཁྱེན་པ་སོགས་ནས་དེ་ནས་དགུང་གྲངས་བདུན་ཅུ་བར་དུ་ཧོར་ཡུལ་གྱི་རྒྱལ་པོ་གོ་དན་དང་སྐྱེ་འགྲོ་རྣམས་ཆོས་ལ་བཀོད་པ་སོགས་མཛད་པ་བསམ་མི་ཁྱབ་སྟོན་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྒྱུ་མ་མཁན་གྱི་མིག་འཕྲུལ་ལྟ་བུའི་ཏིང་ངེ་འཛིན་བརྒྱ་ཕྲག་གནས་ནས་སྐུ་ལ་བསྙེལ་བ་མི་མངའ་ཡང་གདུལ་བྱ་གཞན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱང་བའི་ཕྱིར་དུ་སྐུ་སྙུང་བའི་ཚུལ་བསྟན་པའི་མཛད་པ་བསམ་ལས་འདས་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དགེ་བ་ལ་མི་སྤྲོ་བའམ་ལེ་ལོ་ཅན་རྣམས་བརྩོན་འགྲུས་བསྐྱེད་པ་དང་། བསྐལ་པ་དམན་པའི་སེམས་ཅན་རྣམས་དགེ་བ་གོང་ནས་གོང་དུ་སྤེལ་བའི་ཕྱིར་དུ་རང་ཉིད་ཀྱི་སྐུ་ཚེའི་འདུ་བྱེད་ཡང་ཡང་བྱིན་གྱིས་བརླབས་པ་ལ་མཉེས་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་ཕྱིར་གཞན་གྱི་དོན་ལ་གཤེགས་པ་ཐུགས་ལ་འཁྲུངས་པའི་ཚེ། སེམས་མེད་པའི་བན་པོ་ས་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཅིང་། བྱ་རྣམས་ཀུན་ཅ་ཅོའི་སྒྲ་དུ་མ་སྒྲོག་ཅིང་། དེ་དག་གི་རྒྱུ་མཚན་ཞུས་པས་རྒྱལ་སྲས་རྣམས་གཞན་དོན་འགྲོ་བའི་ལྟས་ཡིན། འོ་ཅག་ཀྱང་དེ་ཡི་རྗེས་སུ་འཇུག་པ་ལ་གསུངས་ཞིང་དེ་ལྟ་བུའི་བྱམས་པ་ཆེན་པོ་དང་ལྡན་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དཀྱིལ་འཁོར་སྒྲུབ་ཅིང་དེ་དག་གི་ཆོ་གའི་ཚེ་ན། བླ་མ་རྣམས་དང་དཔལ་ཀྱཻ་རྡོ་རྗེ་དང་། བདེ་མཆོག་གི་གཙོ་བྱས་པའི་དཀྱིལ་འཁོར་རྩ་གསུམ་གྱི་སྣང་བ་བྱུང་བ་དཔའ་བོ་དང་དཔའ་མོས་གླུ་གར་མཛད་པ་སོགས་ལྷ་རྣམས་མངོན་སུམ་དུ་གཟིགས་པར་གྱུར་ཅིང་། དེ་ལྟ་བུའི་དབང་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་གིས་ཕྱག་གིས་ཆོས་རྗེའི་དབུ་ལ་བྱུག་ཅིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཞུས་པ་དང་། འཇམ་པའི་དབྱངས་དང་བྱམས་པ་གཉིས་བསྒྲོ་གླིང་མཛད་པ་སོགས་གཟིགས་པ་དང་བྱང་སེམས་ཏིང་ངེ་འཛིན་བརྒྱ་ཕྲག་ཀྱི་སྒོ་ཕྱེ་བ་དང་། འཕགས་མ་རྗེ་བཙུན་ནམ་མཁའི་མཐོངས་སུ་བྱོན་པ་གཟིགས་སྐབས་ཨ་ཡུ་དྷཱ་ར་གསུངས་པ་དང་། འཇམ་པའི་དབྱངས་མགོན་པོས་ལན་གསུམ་དུ་གཟིགས་ཤིང་ལྷག་པའི་ལྷར་ཞལ་གྱིས་བཞེས་པ་སོགས་དེ་ལྟ་བུའི་མི་ཡི་ཁྱུ་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཡང་ལོངས་སྐུའི་ཆ་ལུགས་ཅན་གྱི་སྒྲ་དབྱངས་མི་ཟད་སྒྲོགས་པའི་རྒྱལ་པོ་མངོན་སུམ་དུ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བྱོན་ནས་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་སྦས་དོན་བཅས་གསན་པའི་སྣང་བ་བྱུང་བ་དང་། ཡང་སྟོན་པ་ཤཱཀྱ་སེང་གེ་སློབ་མ་ཉན་ཐོས་ཀྱི་འཁོར་དང་བཅས་པ་སོགས་བྱོན་ནས་དེ་ཡི་མདུན་དུ་ཆོས་རྗེ་ཉིད་ཀྱིས་ཡན་ལག་བདུན་པ་བཟང་སྤྱོད་ལྷ་ཡི་སྐད་དུ་བཏབ་པ་སོགས། སྤྲུལ་པའི་དཀྱིལ་འཁོར་དུ་མ་ཡང་ནས་ཡང་དུ་གཟིགས་ཤིང་མི་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱི་རྗེས་སངས་རྒྱས་བྱང་སེམས་རྣམས་ཀྱང་མཁྱེན་བཞིན་དུ་ཐུགས་རྗེས་མི་གཟིགས་པ་འདི་ཅི་ཡིན་ཞེས་སྨྲེ་སྔགས་གསོལ་བ་ན་རིམ་གྱིས་རྗེ་བཙུན་རིན་པོ་ཆེ་དང་། མཐུ་སྟོབས་ཀྱི་དབང་ཕྱུག་བིཪྺ་པ་དང་། ནག་པོ་པ་གསུམ་གྱིས་ཞལ་ནས། ཁྱོད་དེ་ལ་ཡི་མ་ཆད་ཟག་བཅས་ལུས་ལ་སྐྱེ་རྒ་ན་འཆི་ཡོད་གསུངས། བིཪྺ་པས་འཛུམ་པ་མཛད། ནག་པོ་པས་དེ་ཡིན་གསུངས། བིཪྺ་པས་ཐོད་པའི་བདུད་རྩི་ལ་སྲིན་ལག་གི་རེག་ནས་ལྗགས་རྐྱོང་གསུངས་ནས་ལྗགས་ལ་ཐིག་ལེ་བྱས། རྗེ་བཙུན་གྱིས་ཞལ་ནས་ཁྱོད་འདི་ནས་ཤར་ཕྱོགས་ཀྱི་ཞིང་རབ་ཏུ་བགྲོད་པའི་ཕ་རོལ་ཏུ། མཁའ་ལ་གནས་པའི་རིག་འཛིན་ཏུ་གྱུར་ནས། དེ་བཞིན་གཤེགས་པ་བརྟེན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྒྲོད། སེམས་ཅན་སྨིན་པར་བྱས་ས་ལམ་བགྲོད། སྐྱེ་བ་གསུམ་པ་ལ། རྒྱ་གར་ཤར་ལྷོ་མུ་མུར་བྱ་བར། ཉི་མ་རྒྱལ་པོའི་བུར་གྱུར་པའི་ཚེ་ན། བསྟན་པ་ལ་རབ་ཏུ་བྱུང་བས་སེམས་ཅན་འབུམ་ཕྲག་མང་པོ་ལ་འཆད་རྩོད་རྩོམ་པ་མཛད་ཅིང་། དེ་ནས་སྐུ་ཚེ་འཕོས་ནས། དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བའི་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་ལུང་བསྟན། བིཪྺ་པ་དང་ནག་པོ་པས་ཀྱང་། དེ་ལ་མཐུན་འགྱུར་མཛད་པ་སོགས་དེ་ལྟར་ལུང་བསྟན་བརྙེས་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟབ་ལམ་ལ་ནན་ཏན་མཛད་པའི་སྟོབས་ཀྱིས། གསང་བའི་གནས་སྦུབས་སུ་ནུབ་ནས་ལྟར་མི་མངོན་པ་དང་། དབུ་ཡིས་གཙུག་ཏོར་གསལ་པོར་འཕགས་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་ཁ་བ་ལྟར་དཀར་ཞིང་། དུང་ལྟར་གཡས་སུ་འཁྱིལ་བ། དེ་ལྟར་སྐུ་མཚན་བཟང་དང་ལྡན་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དེ་ནས་རོལ་མོའི་སྒྲ་རྣམས་ཀྱང་ནམ་མཁའ་ལ་ཡང་ཡང་གྲགས་ཤིང་། འཇའ་དང་འོད་ཟེར་སོགས་ཀྱི་རྣམ་པ་དང་། གདུགས་དང་བ་དན་ཕྱར་ཞིང་མཁའ་འགྲོ་མ་དང་དཔའ་བོ་དང་དཔའ་མོ་སོགས་ལྷ་རྣམས་ཀྱང་རབ་ཏུ་འདུས་ཤིང་། སེམས་མེད་ས་ཡང་རབ་ཏུ་གཡོས་པར་གྱུར་སྐབས། དབོན་འཕགས་པ་ལ་ཞལ་ཆེམ་ཀྱི་ཚུལ་དུ་ཕྱག་དབུ་ལ་བཞག་ནས་ལམ་ཟབ་བླ་མའི་རྣལ་འབྱོར་ལ་ཉམས་ལེན་གྱིས་གསུངས་ནས་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་སྐུ་གཤེགས་སོ། །དེ་ལྟ་བུའི་ཟག་བཅས་རྣམས་ཉེ་བར་ཞི་ནས་ཟག་མེད་ཆོས་དབྱིངས་སུ་འདའ་བར་མཛད་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་རྗེ་ཉིད་ལ་བྱམས་པའི་ཐུགས་མངའ་བའི་སྟོབས་ཀྱིས་སྐྱེ་བོ་དཔག་ཏུ་མེད་པ་འདུས་ནས། སྐུ་གདུང་ཀྱི་སྒྲོམ་ལ་མཆོད་པ་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པས་བརྙེས་ཤིང་། སྐུ་གདུང་གི་ཆ་ཤས་ལས་རྗེ་བཙུན་འཇམ་དབྱངས་དགྱེས་རྡོར་སོགས་ཀྱི་རིང་བསྲེལ་སོགས། སློབ་མ་དད་པ་དང་ལྡན་པ་རྣམས་ཀྱིས་གསོལ་བ་བཏབ་པའི་རྟེན་དུ་བཞག་ནས་རིང་བསྲེལ་གྱིས་ཀྱང་སེམས་ཅན་གྱི་དོན་མཛད་པ་སྟེ་ཆོས་རྗེ་དེ་ནི་སེམས་ཅན་ལ་ཕན་པ་དང་། མཐར་ཐུག་བདེ་བར་དགོངས་པ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་གཞོན་ནུའི་དུས་སུ་བྲིས་པ་དགེ། །།

Footnotes

Other Information