དཔལ་ནག་པོ་ཆེན་པོའི་ཉེ་སྙིང་གི་བཤད་པ་ནག་པོ་སྲོག་གི་ཐུགས་ཏིག།

From Khyentse Lineage - A Tsadra Foundation Project
JKCL-KABUM-08-NYA-020
Wylie title dpal nag po chen po'i nye snying gi bshad pa nag po srog gi thugs tig JKCL-KABUM-08-NYA-020.pdf
Location chos kyi blo gros bka' 'bum
Volume 8, Text 20, Pages 621-647 (Folios 1a1 to 14a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal nag po chen po'i nye snying gi bshad pa nag po srog gi thugs tig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 621-647. Bir, H.P.: Khyentse Labrang, 2012.
Genre Meaning of the Mantra - sngags don
Deity nag po chen po
Colophon

།ཅེས་པའང་ནག་པོ་ཆེན་པོའི་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པ་དྷརྨ་མ་ཏིས་མེ་གླང་ཟླ་༥བའི་ཚེས་༦ལ་རྗེ་བཙུན་གོང་མའི་གསུང་གི་སྣང་བ་ལ་བརྟེན་ནས་སྦྱར་བ་དགེའོ། །མངྒ་ལཾ།།

/ces pa'ang nag po chen po'i rnal 'byor la mos pa lam du byed pa d+harma ma tis me glang zla 5ba'i tshes 6la rje btsun gong ma'i gsung gi snang ba la brten nas sbyar ba dge'o/__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་ནག་པོ་ཆེན་པོའི་ཉེ་སྙིང་གི་བཤད་པ་ནག་པོ་སྲོག་གི་ཐུགས་ཏིག་བཞུགས་སོ། ། གུ་ཧྱ། །མགོན་པོའི་སྙིང་པོ་ཡི་གེ་བདུན་མའི་བཤད་པ་ནག་པོ་སྲོག་གི་ཐུགས་ཏིག་བཞུགས་སོ། །དཔལ་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་དག་པའི་ཐུགས་ནི་ནམ་མཁའ་ལྟར་ཡངས་ཤིང་། །རྔམས་ཤིང་བརྗིད་པའི་གསུང་ནི་འབྲུག་སྟོང་དུས་ཅིག་ལྡིར། །འཇིགས་རུང་སྒེག་པའི་སྐུ་ནི་སྲིན་པོ་ཁྲོས་པའི་གཟུགས། །བླ་མ་རྡོ་རྗེ་ནག་པོ་ཆེན་པོ་ཚངས་གནས་རྒྱབ་དུ་མཆོད། །ནག་པོའི་སྲོག་གི་སྙིང་པོ་ལ། །འཆད་ཐབས་མན་ངག་གིས་བཤད་པ། །རྒྱུད་ཀྱི་སྙིང་པོ་རྣམས་འགྲེལ་བ། །ཉུང་ངུའི་ཚིག་གི་དབྱེ་བར་བྱ། །དེ་ལ་འདིར་གསང་སྔགས་ཟབ་མོའི་རྒྱུད་ཀྱི་སྲུང་མ་རྡོ་རྗེ་ནག་པོ་ཆེན་པོའི་སྲོག་སྔགས་སྙིང་པོ་འདི་འཆད་པ་ལ་གསུམ། རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་ལ་སྦྱར་བའོ། །དང་པོ་རྒྱུ་རྒྱུད་ནི། །ཨོ༵ཾ་ཡིག་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔ་ལྡན་གྱི་དོན་གྱི་རང་བཞིན་ཏེ། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །འབྱུང་བ་བཞི་ལ་སོགས་པ་རྣམས། །ཐམས་ཅད་གདོད་ནས་དག་པ་ཡིས། །ཡེ་ཤེས་ཆེན་པོས་བྱིན་བརླབས་ཀྱིས། །དངོས་པོ་དུ་མ་གསལ་བར་སྣང་། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། །ཞེས་པ་ལྟར། སྣང་སྲིད་ཐམས་ཅད་ཡེ་ཤེས་ཆེན་པོའི་བྱིན་བརླབས་ལས་རང་བྱུང་རང་ཤར་བའི་དོན་ལས་མི་འདའ་ཡང་། དེ་ལྟར་མ་རྟོགས་པས་དུག་ལྔའི་དབང་གིས་ཉོན་མོངས་པར་གྱུར་པས་འཁོར་བ་བསྐྱེད་ཅིང་། དེའི་རྩ་བ་མ་རིག་པ་ཆེན་པོ་དང་། དེའི་རྩལ་རྒྱས་པས་ཉོན་མོངས་པའི་ཚོགས་ཇི་སྙེད་ཀྱིས་བསྐྱེད་པའི་རྣམ་ཤེས་ཚོགས་བརྒྱད་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་བྱུང་བ་ལ་བདག་ཏུ་རྟོག་པས་གཟུང་འཛིན་གྱིས་ལས་བསགས་པའི་བག་ཆགས་སེམས་ཀྱི་སྣང་བས་འགྲོ་བ་དྲུག་གི་འཁོར་བའི་འཁོར་ལོ་རྟེན་འབྲེལ་ལུགས་འབྱུང་འདི་འབྱུང་ཞིང་། མ༵་ཧཱ༵་ཞེས་པས་ཆེན་པོ་སྟེ། དེའི་རྩ་བ་ཁུ་རྡུལ་རླུང་གསུམ་གྱི་སྒྲིབ་པ་ལྷན་སྐྱེས་མ་རིག་པ་ནི་འཁོར་གཞིའི་སྲིད་རྩ་ཆེན་པོ་དང་། ཀཱ༵་ལ༵་ནག་པོ་སྟེ་ཡེ་ཤེས་ཀྱི་དོན་རྟོགས་སུ་་མི་སྟེར་བའི་མུན་པ་ལས་ཀྱང་མུན་ནག་ཆེན་པོ་གནས་ལུགས་ཡེ་ཤེས་དང་གཤེད་དུ་གྱུར་པ། སྤངས་བར་དཀའ་བའི་རང་བཞིན་དེའི་རྩ་བར་གྱུར་པ་ནི། ཀུན་གཞི་སྟེ། དེ་ནི་མ་བསྒྲིབ་ལུང་མ་བསྟན་འཁོར་འདས་གཉིས་ཀྱི་ཕྱོགས་སུ་མ་ལྟུང་བ་དང་། དེའི་གསལ་ཆའི་རིག་པ་ནི་ཀུན་གཞིའི་རྣམ་ཤེས་ཏེ་ཐབས་ཀྱི་ཟིན་མ་ཟིན་གྱིས་འཁོར་འདས་གང་རུང་གི་ཕྱོགས་སུ་གཅོད་པར་བྱེད་པས་ཕཊ྄་ཅེས་པའོ། །ཇི་སྐད་དུ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོ། །གཉིས་པ་ལུས་ཐབས་རྒྱུད་ལ། དབང་དང་ལམ་གཉིས། ཨོ༵ཾ་ནི་ཨ་ཨུ་མཱ་གསུམ་འདུས་པས་སྐུ་གསུམ་ཐུགས་གསུམ་དྲིལ་གྱི་ས་བོན་སྟེ། དེའི་རྡོ་རྗེས་ལུས་དང་ངག་དང་དཀྱིལ་འཁོར་གྱི་རང་བཞིན་ངོ་བོ་ཉིད་ཀྱི་རྫོགས་པ་སྟེ། དངོས་གྲུབ་འབྱུང་རྒྱུད་ལས། དཀྱིལ་འཁོར་ལ་འདི་ལུས་ཉིད་ཡིན། །གཞན་དུ་ལྷ་དང་དཀྱིལ་འཁོར་ནི། །བཙལ་ཡང་རྙེད་པར་མི་འགྱུར་ཞེས། །འདྲེན་པ་དཔའ་བོས་རབ་ཏུ་གསུངས། །ཞེས་རང་གི་རྡོ་རྗེའི་ལུས་སྐྱོན་མེད་པའི་རྟེན་དཀྱིལ་འཁོར་བཞི་ཡེ་ནས་དག་པ་ལ། མ་དག་གློ་བུར༵་གྱི་དྲི་མ་གཏོར་ཞིང་འཁྲུད་པའི་ཆེད་དུ་དཀྱིལ་འཁོར་ལ་བརྟེན་པའི་སྨིན་བྱེད་དབང་བཞིའི་རིམ་པ་དང་། རྗེས་གནང་གི་རིམ་པ་སྟེ། ཨོ༵ཾ་ནི་བརྡ་སོར་མོ་ལྔ་མནན་གྱིས་མཚོན་པའི་བུམ་དབང་། གསང་དབང་ནི་མ༵་ཧཱ༵་ཞེས་ཡབ་ཡུམ་གྱི་བདུད་རྩི་ཆེན་པོ། ཀཱ༵་ལ༵་ནི་ཤེར་དབང་གིས་རྟོག་པ་ཐམས་ཅད་དབྱིངས་སུ་སྡུད་པའི་ཐུགས་ཟབ་ཅིང་གཏིང་དཔག་དཀའ་བའི་དལ་ལ་ཤེས་རབ་སྟོང་ཆེན་ཕྱག་རྒྱའི་ལམ། ཡེ་ཤེས་དེས་ཤིན་ཏུ་གནག་པའི་མུན་ཀློང་དེར་དངོས་པོ་གང་ཡང་མི་སྣང་བ་ལྟར་བདེ་བ་ཆེན་པོ་དང་། དེའི་ཡེ་ཤེས་ཀྱི་སྣང་བ་དེར་འཛིན་བཅས་སྡུད་པ་དང་། ཧཱུྃ་ནི༵་ཡེ་ཤེས་རྡོ་རྗེ་ཀུན་ལ་ཁྱབ་པའི་བཞི་པའི་དབང་། གཟུང་འཛིན་གཉིས་མེད་ཀྱི་འོད་གསལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་དང་། ཕ྄༷ཊ་ཅེས་དེར་ཐག་གཅོད་ལ་བཟླ་བར་བྱེད་པའི་དབང་སྟེ། དེ་ལྟར་དབང་བཞི་པོ་དཀྱིལ་འཁོར་བཞི་ལ་བསྐུར་བས། རྩ་རླུང་ཡི་གེ་ཐིག་ལེའི་འགྲོས་བཞི་ཐིམ། སྒྲིབ་བཞི་བྱང་། སྐུ་བཞི་མངོན་དུ་གྱུར་པའི་ས་བོན་ཐེབས་ཏེ། ཇི་སྐད་དུ། གུར་ལེའུ་བདུན་པ་ལས། བུམ་པའི་དབང་ནི་དང་པོ་སྟེ། གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཇི་ལྟར་ལུས་ནི་དེ་བཞིན་གཤེགས། །ཞེས་སོ། །གཉིས་པ་ལ། བསྐྱེད་དང་རྫོགས་པའོ། །དང་པོ་ནི། ཨོ༵ཾ་ནི་སྐུ་རྡོ་རྗེའི་རྣལ་འབྱོར། གསུང་བཟླས་པ། ཐུགས་རྡོ་རྗེ་ནང་དང་གསང་བའི་རྫོགས་རིམ་སྟེ། སྐུ་རྡོ་རྗེའི་སྔོན་འགྲོ་ཚོགས་བསགས་པ། དངོས་གཞི་ཕྱི་ནང་གི་སྲུང་འཁོར་བསྒོམ་པའི་ནང་ཡན་ལག་བཞིའི་ལྷ་རྫོགས་པ། བསྲུང་བྱ་སྦ་བ། སྐུ་གསུང་ཐུགས་མི་འགྱུར་བ། སླར་ཡང་བསྲུང་བའི་མདེལ་ཁ་བསྒོམ་པ་རྣམས་སོ། །ཇི་སྐད་དུ། བརྟག་གཉིས་ལས། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །ཞེས་སོ། །དེའང་འདི་སྐབས་སུ་སྦྱངས་གཞི་སྦྱོངས་བྱེད་ཀྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཅུང་ཟད་བཀྲོལ་ན་འདོད་ཆགས་ནི་རྟོག་པ་ཕྲ་ཞིབ་མང་བས་ཐུན་མིན་སྤྲོ་བསྡུའི་མཁར་དུ་བཞུགས་པ་དང་། ཞེས་སྡང་ནི་ཤིན་ཏུ་སྲ་བརྟན་བར་ཆོད་པར་དཀའ་བས་སྟོང་ཉིད་རྡོ་རྗེའི་མཁར་གཞུག། གཏི་མུག་ནི་སྣང་མཆེད་ཀྱི་མཐའ་རུ་མཚན་ཉིད་ཇི་བཞིན་འབྱུང་བས་ཐོད་པ་ཉི་ཟླའི་མཁར་དུ་གཞུག། རླུང་ཡང་དར་འདུས་ཤིང་རྩ་ཡིག་རྣམས་ཀྱང་རེ་ཞིག་ཐིམ་པ་དང་མཚུངས་ཤིང་མི་གཡོ་བས་དབྱངས་གསལ་གྱིས་སྡོམ་པ་དང་། ཆོས་ཉིད་ཀྱིས་བཅད་པས་ནི་ང་རྒྱལ་སྦྱངས། དྲེགས་པ་ཐམས་ཅད་ཀྱིས་སྲོག་དབང་དུ་བྱ་ཞིང་འགྲན་ཟླ་མེད་པའི་ཆེ་བའི་ང་རྒྱལ་བརྟེན་པ་དང་། ང་རྒྱལ་དེའང་གསལ་ངར་དང་ལྡན་ཀྱང་སྣང་བ་དང་ཡལ་བ་ཕྱོགས་མཚུངས་པས་ཆོས་ཉིད་ཀྱི་ངང་དུ་ཐིམ་ཞིང་ཉོན་མོངས་གཞན་ལས་མྱུར་བའོ། །ཕྲག་དོག་ནི་འཁོར་འདས་ལམ་གསུམ་གྱི་ལེགས་བྱས་ལ་ཕྲག་པ་དོགས་ཤིང་། དུག་གསུམ་དང་འབྲེལ་བ་དེ་རྒྱུ་ཁུ་རྡུལ་རླུང་གསུམ་སྟེ། དེ་བཅད་པས། ཁམས་གསུམ་གཡུལ་དུ་བཅད་པ་དང་། ལོག་ལྟ་ནི་ལྟ་བ་ངན་པའི་ཚེར་མ་རྣོ་བ་གཟིངས་པ་དེ་བཅད་པ་ལ་མཚོན་ཆའི་གུར་ཁང་དང་། ཐེ་ཚོམ་ནི་ཀུན་ཏུ་རྟོག་པའི་དྲྭ་བ་སྣ་ཚོགས་པས་ཆོས་ཉིད་ཀྱི་དོན་ལ་ངེས་ཤེས་མ་འདྲོངས་ཤིང་ཐག་མ་ཆོད་པ་དེ་ལ་སྔགས་ཀྱི་གུར་ཁང་ནི་སྣ་ཚོགས་མ་ངེས་པ་འཕྲོ་ཡང་དོན་གཅིག་ཏུ་ཟླུམ་ཞིང་སྤྲོས་པའི་དྲྭ་ཟུར་མེད་པའོ། །དེ་དག་གི་ལྷན་སྐྱེས་ཕྲ་བལྟར་མི་མངོན་པ་ནི་བསྒོམ་པ་དང་བྲིས་པའི་འཁོར་ལོ་ཇག་པར་བཀྱེ་བས་འཇོམས་པ་སྟེ། ཆོས་ཀྱི་འཁོར་ལོས་དེ་དག་འཇོམས་པའོ། །འདི་དག་ནི་རྗེ་བཙུན་རིན་པོ་ཆེས། བསྐྱེད་པ་སྔོན་འགྲོ་རྟེན་དང་བསྐྱེད་ཆོག་དང་། ཁ་དོག་ཕྱག་མཚན་རྣམ་འགྱུར་ཡན་ལག་བཅས། །རེ་རེའང་འཁོར་འདས་དབྱེར་མེད་རང་བཞིན་དུ། །ལེགས་པར་བརྩེ་བའི་བསམ་པས་བཤད་པར་བྱ། །ཞེས་དང་། བརྟག་གཉིས་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ཞེས་དང་། གང་ཕྱིར་ཡིད་ཀྱི་རྣམ་བསྒོམ་པ། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །བསྒོམ་པ་ཉིད་ནི་སྒོམ་པ་མིན། །བརྟན་དང་གཡོ་བའི་དངོས་པོ་གང་། །རྩ་ལྕུགས་འཁྲི་ཤིང་ལ་སོགས་པ། །བདག་གི་བསྒོམ་པའི་རང་བཞིན་ལས། །དམ་པའི་ཞེས་སོགས་གསུངས་པ་ལྟར། ལུས་ལ་ཚང་ཞིང་། དེའང་རྩ་བ་སེམས་ལ་ཚང་བའི་ཕྱིར་སྣང་བའི་སྲུང་བའི་འཁོར་ལོ་སོགས་ཇི་སྙེད་སྒོམ་པ་ཐམས་ཅད་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་དེ་ཉིད་ངེས་བསྒོམ་བྱ། ལྟོ་སྦྱོར་བའི་གནད་དོ། །གཞན་ཕྱི་ཡི་སྲུང་འཁོར། དུར་ཁྲོད། ལྷ་སྔགས་ཀྱི་སྦྱངས་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་རྒྱུད་གཞུང་ལྟར་རོ། །གསུང་བཟླས་པ་ལ། ཁྲག་མཚོ་ཁོལ་མའི་རྒྱུད་ལས། །སྙིང་དབུས་སྲོག་གནས་མི་ཤིགས་པ། །རྩེ་མོར་གྱུར་པ་ཀུན་བསྐྱེད་གཞི། །མཚན་ནས་བརྗོད་པ་ཐུན་མོངས་བ། །དེ་ནི་བདེ་བ་མིང་ཙམ་ཡིན། །གསང་བ་ཐུན་མོངས་མ་ཡིན་པ། །མྱུར་དུ་བསྐུལ་པ་ལས་བྱེད་འགྱུར། །ཡང་སྙིང་གསང་ཆེན་རང་དབང་མེད། །ལེན་ཞིང་འཛིན་པས་དོན་གྲུབ་པའོ། །ཕྲིན་ལས་བསྐུལ་བྱེད་དྲག་སྔགས་ནི། །བརྗོད་པས་ཐོག་དང་གླང་ཆེན་བཞིན། །གར་གཏད་རྒྱུགས་ཅིང་འཇོམ་པར་བྱེད། །བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་དང་། ཁྱད་པར་དུ་དངོས་འབྱུང་རྒྱུད་ལས། །གཅིག་ལས་དུ་མའི་ངོ་བོ་ཅན། །འཇིག་རྟེན་པ་དང་ཡེ་ཤེས་ཆེ། །མི་འགྱུར་བ་དང་དཀྲུགས་པ་དང་། །ལས་རྣམས་བྱེད་པའི་སྲོག་གྱུར་པའོ། །གསང་སྔགས་འཁོར་ལོ་འདི་དག་ནི། །བྱེ་བྲག་རྣལ་འབྱོར་པས་བཤད་བྱ། །ཅེས་གསུངས་པའི། མི་འགྱུར་བའི་སྲོག། གནས་པའི་སྲོག། གདགས་པའམ་མིང་སྲོག་ནི་དགུག་པའི་སྲོག། འདྲེན་སྲོག་གམ་སྲོག་སྔགས་ནི་ལས་བྱེད་ཀྱི་སྲོག་རྣམས་བསྙེན་པ་ཉེ་བསྙེན་རྦོད་རྦད་བསད་སྔགས་སོགས་སོ་སོར་ཡོད་ཀྱང་། ཡང་སྙིང་རྩ་བའི་སྔགས་ཡི་གེ་བདུན་པ་འདིར་འདུས་ཤིང་། དེ་ཡང་ཡི་གེ་བདུན་མ། བཅུ་གཅིག་མ། རྩ་སྔགས་དང་གསུམ་ཕྱི་ནང་ཐམས་ཅད་ཀྱིས་བཟླས་པས་གདོན་བགེགས་ལོག་པར་འདྲེན་པ་སྔགས་དང་འཁོར་ལོས་བསྲེགས་ཤིང་སྦྱངས་བ་ཐུགས་ཀྱི་རྫོགས་རིམ་བསྐྱེད་པ་ལ་ལྟོས་ན་བསྐྱེད་པས་བསྡུས་པའི་རྫོགས་པ་དང་། ཟབ་མོའི་རྫོགས་པ་ལ་ལྟོས་ན་རྫོགས་པས་བསྡུས་པའི་བསྐྱེད་པར་འགྲོ་ཞིང་། དྲེགས་པ་རྒྱུད་གསུམ། སྙིང་གར་ཞེ་སྡང་གི་གཞི་ཐབས་ཕོ་རྒྱུད་ཀྱི་ངོ་བོ་བྲག་རྫོང་དང་། ལྟེ་བ་ནི་སྲིད་པ་བསྐྱེད་པ་དང་ཁུ་ཁྲག་འཛིན་པའི་གཞིར་ཤེས་རབ་མོ་རྒྱུད་ཆོས་འབྱུང་ཁྲག་མཚོ་བཅས། ཐབས་ཤེས་སྦྱོར་བས་གཉིས་མེད་རྒྱུད། སྣོད་བཅུད་སྦྱངས་གཞི་རྟེན་རྒྱ་གྲམ། བརྟེན་པ་ཡེ་ཤེས་མགོན་པོ་ཐབས་ཤེས་གཉིས་མེད་ཧཱུྃ་གི་རྣམ་པར་ཤར་བའི་དྲག་པོའི་མེས་ཕྱི་ནང་གི་ཕུང་ཁམས་རྟོག་པ་དབང་ཡུལ་འཛིན་པ་དང་བཅས་སྦྱོང་ཞིང་། མཐར་སྣང་བ་ཐམས་ཅད་ནཱ་ད་ཕྲ་བའི་དབྱིངས་སུ་སྡུད་པ་སྟེ། རྩ་རྒྱུད་ལེའུ་དང་པོར། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །ཞེས་སོགས་རྫོགས་རིམ་སྟོན་པའི་གཞུང་རྣམས་ཀྱི་ཟབ་གནད་གཅིག་ཏུ་བསྡུས་པའོ། །བསྐྱེད་པའི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོ་འདི་དག་གིས་སྐྱེ་གནས་བཞི་གཅིག་ཆར་སྦྱང་བ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་ཆོ་ག་ཡང་། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་མེད་གསུངས། །ཞེས་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་ཚུལ་མ་ཤེས་ན་དལ་བ་དོན་མེད་དུ་འགྱུར་བར་གསུངས་པ་སྟེ། དེའང་ལྷ་བསྐྱེད་པས་ཡན་ལག་བཞི་རྫོགས་ཀྱི་བར་མངལ་སྐྱེས་ཏེ། དང་པོའི་གཞི་ཨེ་ཡིག་ཆོས་འབྱུང་ལས་སྐྱེ་བའོ། །དེ་ནས་བསྲུང་བྱ་སྦ་བ། གོ་ཆ་བཀོད་པས་ནི་སྒོང་སྐྱེས། ནང་གི་བྲག་རྫོང་མས་དྲོད་གཤེར་སྐྱེས། གསང་བ་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་པས་ནི་བརྫུས་སྐྱེས། བསྲུང་བཟློག་ནི་དེ་ཐམས་ཅད་ཀྱི་ཡན་ལག། ཡང་། དང་པོ་ལྷར་བསྐྱེད་པ་སོགས་ནི་སད་པ། བསྲུང་སྦ་སོགས་ནི་རྨི་ལམ། ནང་གི་བྲག་རྫོངས་ནི་གཉིད་འཐུག། གསང་བ་ནི་སྙོམས་འཇུག་གི་སྒྲིབ་པ་སྦྱོང་བ་དང་། ཡང་དང་པོ་ལྷར་བསྐྱེད་པས་རྩ་སྐུ། བསྲུང་སྦ་སོགས་ཀྱི་ངག་ཡི་གེནང་གིས་ཐིག་ལེ། བཞི་པས་ནི་རླུང་གི་འགྲོས་ཐིམ་ནས་སྐུ་བཞི་ཐོབ་པ་སོགས་དང་། མདོར་ན་སྒོ་གསུམ་དག་པར་བྱ་ཞིང་ཁམས་གསུམ་སྦྱངས་པ་སྐུ་གསུམ་གྱི་གཞི་སྨིན་ཅིང་གྲོལ་བ་བྱེད་པའོ། །མ༷་ཧཱ༷་ནི་ཆེན་པོ་སྟེ་གསང་བ་སེམས་ཉིད་རྡོ་རྗེ་སྔོན་པོའི་ལྟེ་བར་ཆོས་ཀྱི་འཁོར་ལོ་ཆེན་པོ་ཤིན་ཏུ་གསལ་ཞིང་། དེ་ལས་ཐམས་ཅད་རྒྱས་པས་གསེར་འཁོར་ལྟེ་བ། ཀཱ༷་ལ༷་ཧཱུྃ་ན༷ག་པོ་ཆ་ལྔ་པའི་རང་བཞིན་དེས། དུག་ལྔའི་ས་བོན་དང་བདུད་བཞི་གཏོར་ཞིང་། ཡང་ཧཱུྃ་ནི༷་ཡེ་ཤེས་ལྔ་ཡི་བྱིན་བསྡུ་བས་རྩལ་འདོན་ཏེ། ཕ྄༷ཊ་ཅེས་དེ་ལས་གདོད་ནས་རྣམ་པར་དག་པའི་ཡེ་ཤེས་སྒྲིབ་བྲལ་དེར་འཁོར་འདས་ཀྱི་རྟོགས་ཚོགས་གཅོད་པ་ཡིན་ཏེ། བརྟག་གཉིས་ལས། །དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་བ་ཆེན་པོའི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་དང་། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། ཞེས་སོགས་ཀྱི་ཉམས་སུ་ལེན་པའོ། །འདི་ལའང་ཕྱི་ནང་གསང་བའི་བར་ཆད་ཞི་བ། ཤེས་རབ་དང་ཚེ་རྒྱས་པ། མཆོག་སྒྲུབ་པའི་ཟབ་གནད་ཤིན་ཏུ་མང་ངོ་། །གཉིས་པ་ནི། ཨོ༷ཾ་ནི་འཁོར་ལོ་ལྔ་ལ་བརྟན་ཀྱང་དེར་རླུང་སེམས་འདུ་ཞིང་ཡེ་ཤེས་སྐྱེ་རུང་བའོ། །མ༷་ཧཱ༷་ནི་ཆེན་པོ་སྟེ་རྩ་ཡི་ཆེན་མོ་གསུམ་དང་རླུང་ཐིག་དབྱེར་མེད་པ་དེར་ཐབས་མཆོག་རི་བོང་འཛིན་པའི་བླ་མ་ཡི་དམ་དབྱེར་མེད་པ་དང་། ལྟེ་འོག་ཙཎྜ་ལཱི་ནི་ཡུམ་ཆེན་ཨེ་ཀ་ཛ་ཊིའི་རྣམ་པར་བཞུགས་པ་དང་། རྩ་སོ་སོར་དྲེགས་པ་རྒྱུད་གསུམ་བསྐྱེད་ནས། དེ་རྣམས་ཀྱི་སྲོག་གི་ཡང་ཏིག་བླངས་བ་དང་། དབང་སྡུད་དང་བྱིན་དབབ་ཅིང་ཕན་ཚུན་གཟིགས་རེས་དང་། སྔགས་ཀྱི་འོད་ཟེར་བདེ་བ་ཆེན་པོས་བསྐུལ་བས་དཔྱིད་ཐིག་ཞལ་སྦྱོར་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་སྒྲུབ་པས་ཕྱི་ནང་གཞན་གསུམ་དབྱེར་མེད་བདེ་བ་ཆེན་པོར་ཤར་བ་དང་། མཐར་ལས་རླུང་དང་དཀར་དམར་ཐིག་ལེའི་འཕྲོ་འདུ་ཕོ་རྒྱུད་མོ་རྒྱུད་གཉིས་མེད་རྒྱུད་ཀྱི་གཟུགས་སུ་ཤར་བ་རྣམས་ལས་མཁན་ནས་རིམ་གྱིས་བསྡུས་ནས། བླ་མ་ཧེ་རུ་ཀ་རྒྱུད་གསུམ་ཐམས་ཅད་འདུས་པའི་ངོ་བོ་ལས། ཐབས་ཀྱི་ཡེ་ཤེས་ཧཱུྃ་མ༷ཐིང་ནག་གིས་ཤེས་རབ་སྟོང་ཆེན་གྱི་ཕྱག་རྒྱ་ཆེན་མོ་ཡུམ་ཆེན་གྱི་སྤྱི་གཙུག་འབིགས་ནས་ཀཀྐོ་ལའི་ཟེའུ་འབྲུར་ཞུགས་པས་ནི་དྲེགས་པའི་གསང་བའི་རྟེན་ཆེན་པོ་དཔེར་ན་ཤ་རུལ་ལ་སྦྲང་མ་འདུ་བ་བཞིན་རྒྱུད་གསུམ་ཐམས་ཅད་དེར་ངང་གིས་འདུ་ཞིང་བསྟིམ་པས། ཀཱ༷་ལ༷་སྟེ་ཡུམ་ཆེན་ཕྱག་རྒྱ་རལ་གཅིག་ནག་མོ། ཤྲཱི༷་ར༷ང་བྱུང་བླ་མ་ཧེ་རུ་ཀ་ནག་པོའི་ཐུགས་རྒྱུད་གསུམ་འདུས་པའི་ངོ་བོ་ཡུམ་ཆེན་སྐུ་ཡི་མུན་པ་ནག་པོ་ནས་བྷ་ག་ཤིན་ཏུ་ཟབ་པའི་སྟོང་ཆེན་དེར་ཞུགས་པའོ། །རྩ་རྒྱུད་དང་པོའི་བརྒྱད་པ། ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལས་གནས་གསུམ་པོའང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། དངོས་འབྱུང་རྒྱུད་ལས། གངས་ཀྱི་ཐིག་པ་བདུད་རྩིའི་ཆུ། །མེ་ཏོག་མདངས་གསལ་སྙིང་པོ་ཡི། །གེ་སར་ཟེའུ་འབྲུ་ལྡན་པ་ལ། །འདབས་རྒྱས་ཡེ་ཤེས་ཉི་ཤར་བས། །རང་གྲོལ་མདངས་འབར་རབ་ཏུ་རྒྱུས། །ཞེས་དང་། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་པ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོགས་ཀྱི་དོན་ནོ། །ཧཱུྃ་ནི༷་དེ་ལྟའི་ལམ་མངོན་དུ་བྱས་པས། ངེས་པར་གསལ་སྟོང་ཟུང་འཇུག་སྤྲོས་བྲལ་བློ་འདས་གདོད་མའི་གཤིས་ལུགས་གཉུག་མ་དོན་གྱི་མགོན་པོ་དངོས་སུ་སྣང་བ་ལ། དེའང་དཔེ་དང་། མཐར་དོན་གྱི་ཡེ་ཤེས་སྐྱེའོ། །ཕ྄༷ཊ་ཅེས་པས་ཡེ་ཤེས་རྫོགས་པའི་རིམ་པས་སྣང་གསུམ་འཕོ་བའི་མཚན་རྟོག་བག་ཆགས་དང་བཅས་པ་སླར་མི་སྐྱེ་བའི་རང་བཞིན་ཅན་དུ་བྱས་པ་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་ལས་འདི་རབ་ཏུ་བྱུང་ངོ་། །ཞེས་གསུངས་པ་སྤྱི་དོན་ལྟར་བཤད་ན། རྒྱུ་རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགས་ལས་ནག་པོ་ཆེན་པོ་ཕྱུང་བ་དངོས་བསྟན་དང་། གསང་བའི་སྦས་དོན་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་ཁམས་དྲུག་ལྡན་གྱི་རྐྱང་མ་སྐུ། རོ་མ་གསུང་། དབུ་མ་ཐུགས་ཀྱི་རྡོ་རྗེ། དེའི་ནང་ན་གནས་པའི་དཀར་ཆ་སྐུ། དམར་ཆ་གསུང་། ཁུ་ཁྲག་འདྲེས་པ་ཐུགས། རླུང་འབྱུང་འཇུག་གནས་གསུམ་སྐུ་གསུང་ཐུགས། དེ་དག་དྲེགས་པ་རྒྱུད་གསུམ་གྱི་ངོ་བོ་ཡིན་པར་ཤེས་པས་གནད་དུ་བསྣུན་ན་ནང་གི་རྒྱུད་གསུམ་དབང་དུ་འདུ་ཞིང་། མཐར་ཐུག་ལྟར་བཤད་ན། བཅོམ་ལྡན་རྡོ་རྗེ་འཛིན་ནི། རང་སེམས་གསལ་གདངས་འགགས་མེད་འཆར་བ་སྐུ། དེ་ཡི་རང་བཞིན་གང་དུའང་མ་གྲུབ་པའི་སྟོང་ཉིད་གསུང་། དབྱེར་མེད་ཟུང་འཇུག་བརྗོད་བྲལ་བློ་འདས་ཐུགས་རྡོ་རྗེ་སྟེ། དེ་ལ་གནད་དུ་བསྣུན་པས་ཆོས་ཉིད་བདེ་ཆེན་གྱི་མགོན་པོ་འགྲུབ་པའོ། །དེའང་མཚོན་པར་བྱ་བ་ངེས་དོན་དོན་དམ་གྱི་མགོན་པོ་སྐྱེ་འགྲོ་ཐམས་ཅད་ལ་ཁྱབ་པར་བཞུགས་ཤིང་། དེའང་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་མཚན་རྟོག་གི་སྤྲོས་པ་ཉེ་བར་ཞི་བའི་བདག་ཉིད་གཟུང་འཛིན་གྱི་རྡུལ་ཐམས་ཅད་ཟད་པ་ཤིན་ཏུ་རྣམ་པར་དག་པ་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་སྐྱེ་འགགས་གནས་པ་འགྲོ་འོང་ཐམས་ཅད་ཀྱིས་གདོད་ནས་སྟོང་པ་ཆེན་པོ་སྟེ། མགོན་པོ་མངོན་འབྱུང་གི་རྒྱུད་ལས། དེ་ཁོ་ན་གསང་བའི་བྲག་རྫོང་ཞེས་པ་ནི་མཚུངས་པ་རྒྱུན་དུ་འགྲོ་བའི་སེམས་རྗེས་སུ་གནས་པའི་རང་བཞིན་ཡིད་ལ་མི་བྱེད་པ་གང་ལ་འཕེལ་བ་དེ་དངོས་པོ་མེད་པའོ་ཞེས་ཡིད་དཔྱོད་ལས་འདས་པར་བསྟན་པའོ། །མགོན་པོ་མངོན་འབྱུང་ལས། གཞན་ཡང་མཉམ་པར་སྦྱོར་བས་རྗེ་བཙུན་རྟོགས་ཏེ་མཆོག་ཏུ་ཟབ་པ་ལ་མཉམ་པར་སྦྱོར་ན་རང་བཞིན་བདེ་བ་མཆོག་ཏུ་འགྱུར་བ་སྐྱེ་བོས། བདེ་བ་ཐོབ་པར་བྱེད་པ་ནི་སེམས་མ་ཡིན་ཞིང་། སེམས་ལས་བྱུང་བའང་མ་ཡིན་ན་དངོས་པོ་མེད་པ་ཡང་རྟོགས་པ་དང་མི་ལྡན་པ་བླུན་པོ་ཅོལ་ཆུང་མཆོག་ཏུ་ཟབ་པ་གང་གིས་མ་ཤེས་པའི་མི་དེས། གཉིས་སུ་མེད་པའི་ཡེ་ཤེས་ཚིག་ཙམ་དུ་ཡང་དྲན་པར་མི་བྱའོ། །ཞེས་བློ་འདས་ཀྱི་ཡེ་ཤེས་དང་། མཚོན་བྱེད་རྟགས་ཀྱི་མགོན་པོ་ལམ་དུས་སུ་སྨིན་བྱེད་ཀྱིས་གཞིར་གནས་ཀྱི་ལྷན་སྐྱེས་མགོན་པོ་ངོ་སྤྲད་པ་དེ་ཉིད་ལམ་དུས་སུ་བཞིན་ལག་ཁྲོ་བོའི་རྣམ་པ་ཅན་གྱི་སྐུར་ཤར་བ་བསྐྱེད་པ་དང་། རྫོགས་པའི་རིམ་པ་ཁྱད་པར་ཅན་གྱིས་རྩ་རླུང་ཐིག་ལེ་ཤིན་ཏུ་དག་པར་བྱེད་པའི་ཐབས་ཀྱི་དབྱིངས་སྟོང་ཆེན་གྱི་རང་གདངས་བདེ་བ་ཆེན་པོ་མཆོག་ཏུ་རྫོགས་པར་བྱེད་པ་སྟེ། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོའི་སྐུ་བསྒྲུབས་པས་རིང་པོར་མི་ཐོགས་པ་གཞི་འབྲས་དབྱེར་མེད་ཀྱི་བཅུ་གསུམ་རྡོ་རྗེ་འཛིན་པའི་མགོན་པོ་ནག་པོ་ཆེན་པོ་མངོན་དུ་གྱུར་པ་སྟེ། མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། གཞན་ཡང་ལྟ་བའི་རིམ་པ་ནི། །ཕྱི་ནང་ཆོས་ཀུན་ངོས་བཟུང་བྲལ། །ཡོད་དང་མེད་པའི་ཕྱོགས་བྲལ་ཅིང་། །གཉིས་ཀ་གཉིས་མེད་མཐའ་དང་བྲལ། །དབུས་ཆེན་བྱ་བར་མི་རྟོག་ཕྱེད། །ཀུན་བྱང་བླ་དྭགས་དངོས་མེད་ལ། །མཚན་མ་མེད་པ་གདོད་ནས་སྟོང་། །སྤང་མེད་ཀུན་ཆུབ་ཡེ་དག་པ། །སྤྲོས་པ་མེད་པ་འདུས་མ་བྱས། །ཕྱོགས་ཆ་ཀུན་དང་ཡེ་ནས་བྲལ། །དེ་ལྟར་ཡེ་ནས་ལྟ་བ་ཡིན། །ཡེ་ནས་དེ་ལྟར་གནས་བཞིན་དུ། །དེ་ལྟར་མ་རྟོགས་ལོགས་བརྟགས་པས། །གཉིས་པ་ཟུང་མཐར་རྟག་ལོགས་ཤེས། །བསྟན་པ་རྣམ་གསུམ་རྒྱས་མཛད་ནས། །འགྲོ་བ་འདུལ་ཞིང་དོན་བྱེད་ལ། །བསྟན་པ་འཇིག་པར་བྱེད་པ་ཡི། །བགེགས་དང་འབྱུང་པོ་དགྲ་ཡི་རིགས། །འདུལ་ཕྱིར་སྤྲུལ་པ་ཁྲོ་ཚུལ་ཅན། །སངས་རྒྱས་བསྟན་པའི་མགོན་མཛད་ཅིང་། །བདུད་ཀྱི་རིགས་ལ་སྡང་བས་ནག། དེས་ཕྱིར་བསྟན་པ་བསྲུང་བས་ལེགས། །བསྲུང་ཚུལ་ལེགས་པར་ལྡན་པས་ལྡན། །ཉོན་མོངས་རིས་ལ་གནོད་པས་ནག། དེ་ཕྱིར་མགོན་ནག་ལེགས་ལྡན་ནག། ཅེས་གསུངས་ཤིང་། དེའང་མན་ངག་ཟབ་མོ་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ལ་གནད་དུ་བསྣུན་པས་ངེས་དོན་གྱི་མགོན་པོ་མངོན་དུ་བྱེད་པའི་ཐབས་ཁྱད་པར་འཕགས་པ་འདི་རྣམས་བླ་མེད་ཀྱི་རྒྱུད་སྡེ་གཞན་གྱི་རྫོགས་རིམ་གྱིས་རྒྱས་འགེབ་མ་ཡིན་ཅིང་། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་སྙན་ནས་སྙན་དུ་བརྒྱུད་བ་ཁོ་ན་དང་། མགོན་པོའི་རྒྱུད་ལས་ཀྱང་དངོས་དང་ཤུགས་ཀྱིས་བསྟན་པས་གྲུབ་ཐོབ་བརྒྱུད་པའི་མན་ངག་གིས་ཕྱེ་བ་ཡིན་ཏེ། མགོན་པོ་མངོན་འབྱུང་ལས། རྩ་རྣམས་ཐམས་ཅད་ཀྱི་ནང་ནས་ནི་རྒྱལ་པོ་ཨ་ཝ་དྷཱུ་ཏིའི་རྩའོ། །གང་གི་གསང་བའི་བྲག་རྫོང་སེམས་མཉམ་པར་བཞག་པ་ལས་དེ་ལ་བདེ་བ་སྟེར་བར་འགྱུར་རོ། །ཞེས་དང་། གསུམ་འདྲེས་པ་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་གནས་པ་སྟེ་རང་འདོད་སྤངས་པ་ལ་ཡང་དག་པར་སྤྱོད་པ་ནི་ཨ་ཝ་དྷཱ་ཏི་དང་། ལ་ལ་ནཱ་དང་། ར་ས་ནཱ་རྣམས་འདུས་པར་བྱའོ། །རྩ་དྲུག་ཅུ་རྩ་བཞི་བསྟན་པར་གྱུར་པའི་ནུས་བ་རྩིས་པ་ནི། ལ་ལ་ནཱ་ཤེས་རབ་ཀྱི་རང་བཞིན་ཅན་དུ་ཤེས་པའོ། །ར་ས་ནཱ་ཁམས་བདེ་བའི་རང་བཞིན་ཅན་ཚོད་ཤེས་པའོ། །ཨ་ཝ་དྷཱུ་ཏི་ནི་བདེ་བ་ཆེན་པོའི་རང་བཞིན་ཅན་ཤེས་པའོ། །ཞེས་དང་། སྟེང་འོག་ཡང་དག་པར་མནན་ཏེ། ལྟེ་བའི་དབུས་སུ་ཟླ་བ་བསྒོམས་ན། ཟླ་བ་དྲུག་གིས་ངེས་པར་འགྲུབ་པར་འགྱུར་རོ། །སྣའི་བུག་པ་བཀག་སྟེ་ཐིག་ལེ་བསྒོམ་ན་ཉིན་ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་པར་འགྱུར་རོ། །ལྕེ་སྟེང་དུ་བཀུག་ན་རྒས་པ་དང་ཤི་བ་ལས་གྲོལ་བར་འགྱུར་རོ། །དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་རིམ་པ་ཇི་ལྟ་བར་དྲན་པར་བྱས་ན་ཟླ་བ་ཕྱེད་ཀྱིས་མཁའ་སྤྱོད་འགྲུབ་པར་འགྱུར་རོ། །རླུང་གིས་ཡིད་བསད་པ་ལ་ཟླ་བའི་སྦྱོར་བ་བྱ་བ་ནི། སྔགས་ཀྱི་སྦྱོར་བ་རྣམ་པར་བྱེད་པས་སྐད་ཅིག་ཙམ་གྱིས་ཀྱང་འཕྲོག་སྟེ་ལག་པ་རབ་ཏུ་བཅག་པར་བྱའོ། །ཞེས་དང་། གཞན་ཡང་ནམ་ཡིད་ཆེས་པའི་དུས་སུ། མཁས་པས་རྒྱུ་བའི་རྩ་གཉིས་མནན་པར་བྱ་ཞིང་། ཤིན་ཏུ་དགའ་བ་ལ་སོགས་པ་ལ་ཉེ་བར་གནས་ནས། ཤེས་བྱ་ཐམས་ཅད་ལྟེ་བའི་དཀྱིལ་འཁོར་དུ་མནན་ན་འགྲོ་བ་རྣམས་ཀྱི་བདེ་བར་ཐེ་ཚོམ་མེད་པར་ཐོབ་པ་ནི་ནང་གི་བྲག་རྫོང་ཡུལ་རྣམས་ཡེ་ཤེས་ཀྱི་མེས་བསྲེགས་ནས་སྒྱུ་མ་སྣང་བའོ། །མ་འོངས་པའི་དུས་ན་འང་འགྲོ་བ་རྣམས་ཀྱི་ཤིན་ཏུ་ཡོངས་སུ་དག་པ་དྲི་མ་མེད་པ་བསམ་དུ་མེད་པའི་ཞིང་བཟང་པོར་སྐྱེ་བར་འགྱུར་རོ། །རྣལ་འབྱོར་འདིས་འོ་མ་འཐུངས་ན་ལྦུ་བ་ལྟར་དྲི་མ་མེད་པར་འགྱུར་རོ། རླུང་ཕྱིར་འདོན་ཅིང་དག་པར་བྱས་ན་དགེ་བ་བསམ་པ་འགྲུབ་པར་འགྱུར་རོ། །ཞེས་སོགས་ཀྱིས་ནང་ཁྲིད་དང་། གསང་ཁྲིད་ཀྱི་རྫོགས་རིམ་རྣམས་ཤིན་ཏུ་གསལ་བར་བསྟན་ཅིང་རྒྱུད་འདི་རྣམས་དང་ཞིབ་ཏུ་སྦྱར་བར་བཏུབ་ཀྱང་རེ་ཞིག་དབུ་མའི་དབྱིངས་སུ་བཞག་གོ །ཁྱད་པར་དུ་རྫོགས་རིམ་གྱི་མཐར་ཐུག་གསང་རྟེན་ལུས་སྦ་ཡང་། མེ་ལྕེ་འབར་བའི་རྒྱུད་ལས། དཔལ་དང་ལྡན་པའི་མཁའ་འགྲོ་མ། །གདོད་ནས་མ་སྐྱེས་གཟུང་འཛིན་ཡུལ་དང་བྲལ། །ང་དང་བདག་འཛིན་མཚན་མའི་རྟོག་པ་བཅོམ། །དོན་དམ་ཀུན་རྫོབ་དབྱེ་བ་མེད་པ་ཡི། །གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི། །སྟོང་ཉིད་ཆོས་སྐུ་ནམ་མཁའི་ཡེ་ཤེས་ལྔ། །སྤྲུལ་པའི་མཚན་མ་ལྷ་མོའི་ཕྱག་རྒྱར་སྣང་། །མཁའ་ལ་འཇའ་འདྲ་རང་བཞིན་ག་ལ་ཡོད། །ཅེས་ལྟེ་བའི་དབྱིངས་ཕྱུག་ཡུམ་ཆེན་ཉིད་འདིའི་རྫོགས་རིམ་གྱི་སྤྲོ་གཞིར་གྱུར་པ་དང་། ཡང་དེ་ཉིད་ལས། རང་རིག་རྩལ་གྱི་རླུང་གཡོས་ཏེ། །རླུང་གི་ཐིག་ལེ་ཡེ་ཤེས་མེས། །རྡོ་རྗེ་གསང་བས་ས་བོན་བསྐུལ། །རྟོག་མེད་གསང་བའི་ཐིག་ལེ་རྩལ། །མི་བསྐྱོད་མཉམ་པའི་སེམས་གཏད་ན། །མར་མེའི་རྩེ་མོ་ལྟ་བུར་བརྟན། །གནས་པའི་རྩ་ཡི་ནམ་མཁའ་ལ། །སྲོག་འདྲེན་ཐིག་ལེ་གོམས་པའི་ཚེ། །བརྟན་དང་གཡོ་བའི་དངོས་པོ་ཀུན། །བདེན་གཉིས་བྱང་ཆུབ་དོན་གསལ་ནས། །དྭངས་བའི་ཆུ་ལ་གཟུགས་བརྙན་བཞིན། །རྒྱལ་བའི་དགོངས་པ་རང་ལ་འཆར། །ཞེས་སྙིང་གའི་སྟོད་གྱི་བླ་མ་མི་བསྐྱོད་པ་ཆོས་འཁོར་དབུས་སུ་བྱོན་པ་ལ་སེམས་མི་གཡོ་མཉམ་པར་བཞག་པ་སོགས་བསྟན་ཅིང་། མཐར་ཡུམ་ཆེན་གྱི་པདྨའི་ཟེའུ་འབྲུར་བབ་པ་ནི་རྒྱུད་དེ་ཉིད་ལས། བར་དུ་དྷཱུ་ཏའི་རྡོ་རྗེ་པདྨ་ཡི། །གསང་བ་ག་བུར་རྩལ་ལ་ལུས་ལ་བསྲེལ། །གསང་བའི་རྟེན་ནི་ལྷན་ཅིག་བསྒྲུབ་པའི་ལྷ། །གསང་བའི་ཡེ་ཤེས་ཐིག་ལེ་ནག་པོར་བལྟ། །ཞེས་སོགས་ཀྱིས་བསྟན་པ་འཆད་དུ་ཡོད་ཅིང་། གཞན་ཡང་མགོན་པོའི་རྒྱུད་དུར་ཁྲོད་མཚོན་ཆ་འཁོར་ལོ་ལས། འཁོར་ལོ་རྣམ་པ་གསུམ་ཡིན་ཏེ། །གནས་པ་རྩ་ཡི་ཙཀྲ་དང་། །རྟེན་འབྲེལ་སྲིད་པའི་འཁོར་ལོ་དང་། །ལས་གྲུབ་སྔགས་ཀྱི་འཁོར་ལོའོ། །དང་པོ་བདེ་ཆེན་ལོངས་སྤྱོད་དང་། །ཆོས་དང་སྤྲུལ་པ་སྐྱེ་གནས་ལྔ། །གནས་ལུགས་ཆོས་སྐུའི་འཁོར་ལོའོ། །སེམས་ཀྱིས་དེ་རྟོགས་དེ་ཉིད་གྲོལ། །ཞེས་དང་། དངོས་གྲུབ་འབྱུང་རྒྱུད་ལས། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་པར། །རྟག་ཏུ་བརྟེན་ཅིང་སྤྱད་པར་བྱ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་པ། །རྟོག་པ་དག་པའི་ཐབས་མཆོག་ལྡན། །རྣམ་རྟོག་རང་བཞིན་ཡོངས་ཤེས་ནི། །དེ་ཉིད་རྟག་ཏུ་མེད་པ་སྟེ། །བདེ་བ་ཆེན་པོ་ཡང་དག་འབྱུང་། །ཞེས་སོགས་ཀྱིས་སྣང་སྲིད་ཀྱི་ཆོས་ཐམས་ཅད་འཁོར་ལོ་གསུམ་དུ་དྲིལ་ནས་སྦྱངས་གཞི་སྦྱོང་བྱེད་ཀྱི་ལམ་གྱི་རིམ་པས་སྦྱངས་འབྲས་མངོན་དུ་གྱུར་པ་ཡང་དག་པར་བསྟན་པའོ། །གསུམ་པ་འབྲས་རྒྱུད་ནི། དེའང་རྩ་རླུང་ཐིག་ལེའི་གཙོ་བོ་རྣམས་དབང་དུ་བྱས་པས་འཁོར་ལོ་སོ་སོར་རླུང་སེམས་དྭངས་མ་སྟོབས་སུ་གྱུར་པས་རྩ་ཡི་མདུད་པ་འགྲོལ། །ཕྱི་ཡི་གནས་དང་ནང་གི་ས་ལམ་བསྒྲོད། མཐར་སྙིང་དབུས་སྦས་པའི་རྩ་ལྔ་སྤྱི་གཙུག་ཏུ་ཐིམ་པ་ལས་མཆོག་གི་རྡོ་རྗེ་འཛིན་པའི་ས་མངོན་དུ་གྱུར་ཏེ། ཨོ༷ཾ་ནི་སྐུ་ལྔ་ཡེ་ཤེས་ལྔ་དང་། མ༷་ཧཱ༷་གཟུགས་སྐུའི་མཐར་ཐུག་མཚན་དཔེས་བརྒྱན་པའི་ལོངས་སྐུ་ཆེན་པོ། ཀཱ༷་ལ༷་ནི་ཆོས་སྐུ་མི་འགྱུར་བ་ནག་པོ་ཆེན་པོ། ཧཱུ༷ྃ་ནི་སྤྲུལ་པའི་སྐུས་མཐའ་གཉིས་ལ་མ་ཆགས་ཤིང་རྟོག་པ་དང་བྲལ་བ། ཕ྄༷ཊ་ཀྱིས་ནི་ཕྲིན་ལས་ཆེན་པོས་སྲིད་པའི་འཁོར་ལོ་དང་ཞི་བའི་འཁོར་ལོ་བཅད་ནས་བྱང་ཆུབ་ཆེན་པོ་མངོན་པར་མཐར་ཕྱིན་པ་སྟེ། སྐུ་གསུམ་དབྱེར་མེད་པའི་རྡོ་རྗེའི་སྐུར་མངོན་པར་བྱང་ཆུབ་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་འབྲས་བུའི་རྩེ་མོར་སོན་པའོ། །གུར་ལས། ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །ཞེས་སོགས་མང་དུ་གསུངས་པའོ། །ཡང་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་སྤྱི་ཡི་དོན་ལྟར་ན། ལུས་ངག་ཡིད་གསུམ་འདི་མ་རིག་བག་ཆགས་ཀྱི་རྒྱུས་བསྐྱེད་པས་ན། དེ་སྤང་བསྒྱུར་ལམ་ཁྱེར་གྱིས་གཉེན་པོ་བསྟེན་པའི་མཆོག་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་དེ་ངེས་པར་བརྟེན་པས་ལས་ཉོན་ནག་པོའི་དྲི་མ་ཐམས་ཅད་ཟད་པར་བྱེད་ཅིང་དཀར་པོའི་ཡོན་ཏན་ཐམས་ཅད་རྫོགས་པ་དང་། ཁྱད་པར་ཆོས་ཀྱི་དབྱིངས་རང་བཞིན་བརྗོད་བྲལ་དེ་ལ་རྟག་ཏུ་འཇོག་ཅིང་གོམས་པ་བརྟན་པས་གནས་གྱུར་གྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་རྫོགས་ནས་མི་སློབ་པའི་ས་མངོན་དུ་བྱའོ། །དོན་འདི་ནི། ཐེག་པ་ཆེན་པོའི་མདོ་དང་། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། ཐོགས་མེད་སོགས་ཀྱི་གཞུང་ལྟར་ཤེས་པར་བྱ་ཞིང་། དངོས་གྲུབ་འབྱུང་རྒྱུད་ལས་ཀྱང་། །སྙིང་པོའི་འབྲས་བུ་མཐར་ཐུག་དེ། །གང་དུ་ཐོགས་མེད་རྡོ་རྗེ་ཡི། །སྙིང་པོ་ཟག་པ་མེད་པའི་དོན། །ཡང་དག་ཡེ་ཤེས་སྣང་བའོ། །ཞེས་དང་། སྟོབས་ནི་ཆོས་རྣམས་ཐམས་ཅད་ལ། །སྒྱུ་མ་ལྟ་བུ་ཤེས་པ་དང་། །ཡང་དག་བདེན་པའི་སྟོབས་ཀྱིས་ནི། །རང་བཞིན་མེད་པར་རྟོགས་པས་འབྱུང་། །ཞེས་ཟབ་མོ་བརྒྱད་ལྡན་གྱིས་ཆོས་དབྱིངས་སྐྱེ་མེད་དོན་གྱི་མགོན་པོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་ལས་འབྱུང་བ་ཡིན་པའི་ཚུལ་ཁོང་དུ་ཆུད་པར་བྱའོ། །སྦས་དོན་ནི་གོང་དུ་ཅི་རིགས་བཤད་པའོ། །འཆད་བྱེད་ཡན་ལག་གི་དོན་ནི། ཨོ༷ཾ་སྐུ་ཡི་མགོན་པོ། མ༷་ཧཱ༷་ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་ཞེས་པས་གསུང་གི་མགོན་པོ། ཀཱ༷་ལ༷་ཐུགས་ཀྱི་མགོན་པོ། ཧཱུྃ་ཡོ༷ན་ཏན་གྱི་མགོན་པོ། ཕ྄༷ཊ྄་ཕྲིན་ལས་ཀྱི་མགོན་པོ། དེ་ཐམས་ཅད་ཐུགས་རིག་ལ་འདུ་བས་གྲི་གུག་ཅན་གུར་གྱི་མགོན་པོ་ཤིན་ཏུ་ཟབ་བརྒྱུད་དང་མན་ངག་གི་ངེས་པས་ཚད་མ་བཞི་ལྡན་དུ་བཤད་པའོ། །གཞན་ཡང་ལས་བཞིའི་མགོན་པོ་ནས་ལས་དེ་དང་དེ་སྒྲུབ་པས་ཨོ༷ཾ་གྱིས་ཞི་བ། མ༷་ཧཱ༷ས་རྒྱས་པ། ཀཱ༷་ལ༷ས་དབང་། ཧཱུ༷ྃ་ཕ྄༷ཊ་ཀྱིས་དྲག་པོའི་ལས་སྒྲུབ་པ་བསྟེན་ཏོ། །ཡི་གེའི་དོན་ནི། ཨོ༷ཾ་ནི་བཀྲ་ཤིས་དང་དཔལ་སོགས་ལ་འཇུག་སྟེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་སོ། །མ༷་ཧཱ༷་ནི་ཆེན་པོ། ཀཱ༷་ལ༷་ནི་ནག་པོ། ཧཱུྃ་ནི༷་སྡུག་བསྔལ་འཆོས་པ་སོགས་ཀྱི་དོན་ཏེ། རྩེ་མོར། ཧཱུྃ་ནི་ཅི་ཞིག་ཡིན་པར་བརྗོད། །དུཿཁ་འཆོས་ཤིང་འཇིགས་བྱེད་དང་། །སྲིད་པའི་ཞགས་པ་འཇོམས་པར་བྱེད། །གདུག་པ་སྡངས་ཞིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་སོ། །ཕཊྲ་ནི་གཅོད་པ་སོགས་ཀྱི་དོན་ཏེ། །སྡིག་དང་དུཿཁ་འཇོམས་པར་བྱེད། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊྲ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་སོ། །མཐར་ཐུག་གི་དོན་ནི་འབྲས་བུའི་སྐབས་སུ་བཤད་ཟིན་ཏོ། །དེའང་སྤྱིར་རྒྱུད་ཀྱི་དོན་འཆད་པ་ལ། ཚིག་ཟིན་ཙམ་བཤད་པ་ཐད་སོའི་བཤད་པ་དང་། ཚིག་གཅིག་ཀྱང་བཤད་བྱ་སྤྱི་སྦས་མཐར་ཐུག་གསུམ་དུ། འཆད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གྱིས་འཆད་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བཤད་པ་གཉིས་ལས། སྔ་མ་ནི་རྒྱ་གར་གྱི་པཎྜི་ཏ་ཕལ་ཆེར་བཞེད་ལ། ཕྱི་མ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མས་རྗེས་སུ་བཟུང་བའི་གྲུབ་པའི་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གིས། དཔལ་བརྩེ་བ་ཆེན་པོ་ལ་སྩལ་བའི་མན་ངག་ཐུན་མོང་མ་ཡིན་པ་སྟེ། རྗེ་བཙུན་གོང་མའི་རྒྱུད་འགྲེལ་གྱི་གསུང་རབ་སྤྱི་དང་། འཇམ་པའི་དབྱངས་ས་སྐྱ་པཎྜི་ཏའི་ཨཥྚའི་བཞི་བཤད་སོགས་ལས་རྒྱ་ཆེར་འབྱུང་བའི་ཟབ་དོན་གྱི་བཤད་པ་འདིའི་ཁུངས་ཡིན་ནོ། །དཔལ་རྡོ་རྗེ་ནག་པོའི་ཟབ་མོའི་སྔགས་ཀྱི་དོན་བཤད་པ་རེ་ཞིག་རྫོགས་སོ། །དེ་ལྟར་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་མལ་ལུགས་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པའི་ཟབ་ཁྲིད་འདི་རྣམས་མགོན་པོ་འདི་ཉིད་དངོས་སུ་བསྟན་པའི་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ནས་རྡོ་རྗེ་འཛིན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ནག་པོ་ཆེན་པོ་འདི་ཉིད་རབ་ཏུ་ཕྱུང་ངོ་། །ཞེས་པ་སྤྱི་དོན་ལྟར་ན། རྡོ་རྗེ་འཛིན་པའི་རྒྱུད་གསུངས་པའི་སྟོན་པ། དེའི་སྐུ་གསུང་ཐུགས་ལས་བསྟན་པ་སྤྱི་དང་། བྱེ་བྲག་རྒྱུད་འདི་གསུངས་པའི་ཕྱིར་ནག་པོ་ཆེན་པོ་འཇིགས་རུང་ཞལ་ཕྱག་གི་རྣམ་པ་ཅན་སྤྲོས་ཏེ། ཕྱི་སྒྲུབ་རྣམས་བསྟན། །སྦས་དོན་རྡོ་རྗེ་འཛིན་པ་ནི་ཁམས་དྲུག་ལྡན་གྱི་སྒྲུབ་པ་པོ། རྩ་གསུམ་ཁམས་དཀར་དམར་དང་དེ་གཉིས་འདྲེས་པ། རླུང་ལྡང་འཇུག་གནས་གསུམ་དང་བཅས་པ་སྐུ་གསུང་ཐུགས་རྡོ་རྗེ། དེར་གནད་དུ་བསྣུན་པས་ཕྱི་ནང་གི་དྲེགས་པ་རྒྱུད་གསུམ་དབང་དུ་བྱེད་པ་ནང་སྒྲུབ། མཐར་ཐུག་གི་དོན་དུ། རྡོ་རྗེ་འཛིན་པ་ཁམས་དྲུག་ལྡན་གྱི་སྒྲུབ་བོ། །སེམས་གསལ་སྟོང་ཟུང་འཇུག་རྡོ་རྗེ་གསུམ། དེར་གནད་དུ་བསྣུན་པ་ལ་གསང་སྒྲུབ་བསྟན་པ་ཡིན་ཅེས་རྒྱུད་དོན་གཟིགས་པ་ཆེན་པོ་རྣམས་ཀྱིས་གསུངས་སོ། །གཞན་སྡེའི་མཁས་པ་འགའ་ཞིག་གི་གཎྜི་ཕྱག་གཉིས་ཀྱི་དབུས་ན་འཛིན་པ་ཁུངས་མེད་ཅེས་སྨྲ་བ་ནི། དངོས་གྲུབ་འབྱུང་བའི་རྒྱུད་ཨ་བྷ་ཡ་ཀ་ར་དང་། ཁེའུ་སྒང་འཁོར་ལོ་ཀྲགས་ཀྱིས་འགྱུར་ལས། གཎྜི་འཛིན་པའི་ཁྲོ་བོ་ཆེ། །མ་རུང་ཀླད་པ་འགེམ་པར་བྱེད། །ཅེས་གསལ་བར་བསྟན་པ་དང་། དེ་ལྟར་མགོན་པོ་ནག་པོ་ཆེན་པོ་འདི་ཡི་ལས་ཐམས་ཅད་ཀྱང་དམ་ཚིག་རྣམ་པར་དག་པ་དང་། བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་ལས། རང་འདོད་ཀྱི་འཁྲི་བ་མེད་པས་སྒྲུབ་པར་བྱས་ན་འགྲུབ་པར་འགྱུར་ཏེ། དངོས་འབྱུང་རྒྱུད་ལས། དུས་རྣམ་ཀུན་ཏུ་ཞེ་སྡང་གི །རྣམ་པ་ཀུན་ཏུ་གཞས་མི་བྱ། །ཡུལ་མིན་པ་ནི་བསད་བྱ་ན། །རྣལ་འབྱོར་དམ་ཚིག་ལས་ཉམས་ཕྱིར། །གྲུབ་པ་ནམ་ཡང་ཡོད་མི་སྲིད། ཁྱད་པར་ཡེ་ཤེས་བླ་མེད་པ། །དམ་ཚིག་མགོན་པོའི་སྒྲུབ་པ་ཡི། །དམ་ཚིག་འདི་ནི་རྨད་པོ་ཆེ། །བདེ་བར་གཤེགས་པས་མཐར་ཕྱིན་མཛད། ཅེས་བཀའ་སྩལ་བ་ལྟར་དམ་ཚིག་རྣམས་མིག་གི་འབྲས་བུ་ལྟར་བཙའ་བས་སྒྲུབ་ན། ད་ལྟ་སྙིགས་མ་རྩོད་པ་རྒྱས་པའི་དུས་འདིར་ནག་པོ་ཆེན་པོ་སྒྲུབ་པའི་དུས་ཡིན་པའང་། དངོས་གྲུབ་འབྱུང་བའི་རྒྱུད་ལས། རྩོད་པའི་དུས་ཀྱི་རིམ་པ་ལ། །བཅོམ་ལྡན་ཚེ་ལོ་བརྒྱ་པའི་དུས། །དེ་ཡི་བསྟན་པའི་སྙིགས་མ་ཡི། །ལྔ་བརྒྱ་ཐ་མའི་དུས་ཀྱི་མཐར། །ཤིན་ཏུ་གདུག་ཅིང་རྩུབ་པ་ཡི། །མི་བསྲུན་པ་ཡི་དུས་ཀྱི་ཚེ། །དེ་ཚེ་མགོན་པོས་བསྟན་པ་འབྱུང་། །ཞེས་དང་། ཤེས་རབ་སྙིང་རྗེ་ཟུང་འཇུག་པ། །ཏིང་འཛིན་གང་དུ་སྒོམ་གྱུར་པ། །བླ་མེད་དཀོན་མཆོག་བསྟན་པ་སྟེ། །རྒོལ་བ་ངན་བ་བཟློག་པར་མཛད། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པ། །གསང་བ་གཅིག་པུ་སྒྲུབ་པར་བྱ། །ཞེས་འབྱུང་བས་བསྟན་པ་རིན་པོ་ཆེ་ཐུགས་དབུས་འཆངས་བ་དང་། བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱི་རྡོ་རྗེ་ནག་པོ་ཆེན་པོའི་བསྐྱེད་རྫོགས་ལ་བརྩོན་པར་བྱ་བར་རིགས་སོ། །སླར་སྨྲས་པ། རྡོ་རྗེ་འཛིན་པའི་དྲིན་གྱི་ལེགས་མྱོངས་ཤིང་། །ངོ་མཚར་བཤད་ཐབས་སྲོག་གི་ཏི་ཀའི་འགྲེལ། །རྡོ་རྗེའི་ཚིག་གི་མདུད་གྲོལ་ཉུང་ངུ་འདི། །རང་གི་རྟོགས་དོན་གོམ་པར་བྱ་ཕྱིར་བྲིས། །ཉེས་འགལ་མཆིས་ན་བླ་མ་ནག་པོར་བཤགས། །དགེ་བ་ཀུནྡ་ལྟར་དཀར་གང་ཐོབ་པ། །བསྟན་དང་འགྲོ་ལ་ཡོངས་སུ་བསྔོས་པ་ཡི། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག། །ཅེས་པའང་ནག་པོ་ཆེན་པོའི་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པ་དྷརྨ་མ་ཏིས་མེ་གླང་ཟླ་༥བའི་ཚེས་༦ལ་རྗེ་བཙུན་གོང་མའི་གསུང་གི་སྣང་བ་ལ་བརྟེན་ནས་སྦྱར་བ་དགེའོ། །མངྒ་ལཾ།། །།

Footnotes

Other Information