རྫོང་སར་བཀྲ་ཤིས་ལྷ་རྩེའི་ས་ཟླའི་བུམ་སྒྲུབ་ཀྱི་ཐུགས་ཆེན་རྗེས་གནང་ལ་རིལ་བུའི་དབང་བསྐུར།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-034
Wylie title rdzong sar bkra shis lha rtse'i sa zla'i bum sgrub kyi thugs chen rjes gnang la ril bu'i dbang bskur JKCL-KABUM-07-JA-034.pdf
Location chos kyi blo gros bka' 'bum
Volume 7, Text 34, Pages 575-580 (Folios 1a1 to 3b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rdzong sar bkra shis lha rtse'i sa zla'i bum sgrub kyi thugs chen rjes gnang la ril bu'i dbang bskur. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 575-580. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur  ·  Medicinal Pills - Making and Activating Practices - sman sgrub
Deity thugs rje chen po
Colophon

ཅེས་པའང་ཆོས་རྗེ་ཕན་བདེས་གསུངས་ངོར་ཆོས་ཀྱི་བློ་གྲོས་པས་སོ། །མངྒ་ལཾ།།

ces pa'ang chos rje phan bdes gsungs ngor chos kyi blo gros pas so/__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
རྫོང་སར་བཀྲ་ཤིས་ལྷ་རྩེའི་ས་ཟླའི་བུམ་སྒྲུབ་ཀྱི་ཐུགས་ཆེན་རྗེས་གནང་ལ་རིལ་བུའི་དབང་བསྐུར་ན། །ཐུགས་ཀྱི་རྗེས་གནང་གྲུབ་མཚམས་སུ། རིལ་བུམ་དར་ལྕིབས་དང་བཅས་བཏེགས་ལ། མཐའ་རྟེན་དུ་མྱུང་གྲོལ་རིལ་བུའི་རྗེས་སུ་གནང་བ་སྦྱིན་པ་ལ་དམིགས་པ་འདི་བཞིན་མཛོད། པདྨ་དང་ཟླ་བའི་སྟེང་དུ་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རེ་རེའི་སྟེང་དུ་རིལ་བུ་རྣམས་རེ་རེ་བཞིན་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་སོགས་སྒྲུབ་ཐབས་ལྟར་རིགས་བདག་དང་བཅས་པ་སྐྱེད། ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ་རྣམ་སྣང་གི་རང་བཞིན། མགྲིན་པར་ཧྲཱིཿདམར་པོ་སྣང་མཐའི་ངོ་བོ། ཐུགས་ཀར་ཧཱུྃ་སྔོན་པོ་མི་བསྐྱོད་པའི་བདག་ཉིད། ལྟེ་བར་ཏྲཱྃ་སེར་པོ་རིན་འབྱུང་གི་རང་བཞིན། གསང་བར་ཨཱཿལྗང་གུ་དོན་གྲུབ་ཀྱི་ངོ་བོར་གསལ་བ་དང་། ཁྱེད་རང་རྣམས་ཀྱི་གནས་ལྔར་ཡང་ཐུགས་རྗེ་ཆེན་པོ་རིགས་ལྔའི་ངོ་བོ་ཨོཾ་ཧྲཱིཿཧཱུྃ་ཏྲཱྃ་ཨཱཿརྣམས་གསལ་བ་དང་། སློབ་དཔོན་དང་། རིལ་བུའི་ལྷ་ཚོགས་རྣམས་ལ་མོས་གུས་གདུང་ཤུག་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་དང་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བདག་གི་སྒོ་གསུམ་བྱ་བྱེད་དང་བཅས་པར་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་རིལ་བུའི་ལྷ་རྣམས་ཀྱིས་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ལ་ཤར་བ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ་དང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་གཅོད་དང་། སྣོད་བཅུད་ཉམས་པ་ཐམས་ཅད་ཞི་བར་བྱས། སེམས་ཅན་ཐམས་ཅད་རྣམ་སྣང་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཁྱོད་རང་རྣམས་ཀྱི་དཔྲལ་བའི་ཨོཾ་ལ་ཐིམ་པར་མོས། དེ་བཞིན་དུ་རིལ་བུའི་ལྷ་རྣམས་ཀྱིས་མགྲིན་པའི་ཧྲཱིཿདམར་པོ་ལས་འོད་ཟེར་དམར་པོ་པདྨ་རཱ་གའི་མདོག་ལྟར་དམར་བ་འཕྲོས། ཁྱེད་རང་གི་མགྲིན་པ་དང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་བཅུད་ཐམས་ཅད་འོད་དམར་པོའི་རྣམ་པས་དབང་དུ་བསྡུས་ཤིང་འདུན་པར་བྱས། སེམས་ཅན་ཐམས་ཅད་སྣང་མཐའ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཁྱེད་རང་རྣམས་ཀྱི་མགྲིན་པའི་ཧྲཱིཿལ་ཐིམ་པར་མོས། ཡང་རིལ་བུའི་ལྷ་རྣམས་ཀྱིས་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་བཻཌཱུཪྻའི་མདོག་ལྟར་སྔོ་ལ་དྭངས་བ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ག་དང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཉོན་མོངས་པའི་རྟོག་པ་ཐམས་ཅད་ཡེ་ཤེས་སུ་གནས་འགྱུར། སེམས་ཅན་ཐམས་ཅད་མི་བསྐྱོད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་མོས། ཡང་རིལ་བུའི་ལྷ་རྣམས་ཀྱི་ལྟེ་བའི་ཏྲཱྃ་སེར་པོ་ལས་འོད་ཟེར་སེར་པོ་ཉི་མ་བྱེ་བའི་གཟི་བརྗིད་ལྟར་འབར་བ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བ་དང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་ལུང་དང་མངོན་པར་རྟོགས་པའི་ཆོས་ཐམས་ཅད་རྒྱས་པར་བྱས། སེམས་ཅན་ཐམས་ཅད་རིན་འབྱུང་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཁྱེད་རང་རྣམས་ཀྱི་ལྟེ་བའི་ཏྲཱྃ་ལ་ཐིམ་པར་མོས། སླར་ཡང་རིལ་བུའི་ལྷ་ཚོགས་རྣམས་ཀྱིས་གསང་གནས་ཀྱི་ཨཱཿལྗང་གུ་ལས་འོད་ཟེར་མར་གད་ཞུན་མའི་མདོག་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་གསང་བ་དང་། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྒོ་གསུམ་བྱ་བྱེད་དང་བཅས་པའི་བག་ཆགས་ངན་པ་ཐམས་ཅད་ཞི་བར་བྱས། སེམས་ཅན་ཐམས་ཅད་དོན་གྲུབ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཁྱེད་རང་རྣམས་ཀྱི་གསང་གནས་ཀྱི་ཨཱཿལ་ཐིམ་པར་མོས། དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་འཕགས་པ་ཐུགས་རྗེ་ཆེན་པོ་རིགས་ལྔའི་ངོ་བོར་བྱིན་གྱིས་བརླབས་ཤིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དབང་འབྱོར་བའི་མོས་པ་མཛོད། དྲིལ་བསིལ་སྤོས་རོལ་དང་བཅས་ཡིག་དྲུག་དང་། ཞལ་བཅུ་གཅིག་པའི་གཟུངས་རིང་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་ཧྲཱིཿསརྦ་སིདྡྷི་ཨཱཿཞེས་རིལ་བུམ་གནས་ལྔར་བཞག་པའམ། མདོ་ལི་ལ་དྲངས་ནས་སྤྱི་བོར་འཇོག །རིལ་བུ་སྦྱིན། དེ་ལྟ་རིལ་བུ་བྱིན་པ་དེ་ཉིད་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོའི་གསལ་སྣང་དང་མ་བྲལ་བའི་རྡོ་རྗེའི་ལྕེ་ཐོག་ཏུ་བཞག་ཅིང་གྱུར་མིད་དུ་བྱས་པ་དང་། རིལ་བུ་བླ་མ་ཐུགས་རྗེ་ཆེན་པོ་རིགས་བདག་འོད་དཔག་མེད་དང་བཅས་པ་དངོས་སུ་གསལ་བ་མགྲིན་པའི་ལམ་ནས་བརྒྱུད། སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཟླ་བའི་གདན་ལ་དགྱེས་ཡེ་རེ་བྱང་ཆུབ་སྙིང་པོའི་བར་དུ་འབྲལ་བ་མེད་པ་བཞུགས་པའི་མོས་པ་མཛོད། །མྱོང་གྲོལ་རིལ་བུའི་ཕན་ཡོན་ཀྱང་། འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྟོགས་པ་ཆེན་མོ་ལས། རིལ་བུ་ཟོས་པ་ཙམ་གྱིས་ནི། ནད་རྣམས་ཐམས་ཅད་རྣམ་པར་འཇིག །གང་ཞིག་རིལ་བུ་དེ་དག་བསྟེན། །རིལ་བུ་ཐིག་ལེ་རྟག་བྱེད་ལ། །དེ་བཞིན་གཤེགས་ཀུན་དགོངས་པར་མཛད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་། །དེ་ཉིད་རིགས་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོང་དག་ནི། །ཉི་མ་རེ་རེར་གསོག་པར་བྱེད། །འཇིག་རྟེན་པ་ཡི་བདེ་སྤྱད་ཅིང་། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཚེ་བརྗེ་བ་ནི་འཕོས་ནས་སུ། །བདེ་བ་ཅན་དུ་མོད་ལ་འགྲོ། །གང་དང་གང་དུ་སྐྱེ་བ་དེར། །ཚེ་རབས་རྟག་ཏུ་ཚེ་རབས་དྲན། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །གནོད་སྦྱིན་བྱེ་བས་ཡོངས་སྐོར་ཅིང་། །གཡེལ་བ་མེད་པ་ཉིན་མཚན་དུ། །དུས་ཀུན་དུ་ནི་སྲུང་བ་དང་། །སྐྱོབ་དང་སྤེད་དང་སྲུང་བར་བྱེད། །ཅེས་དང་། རིལ་བུ་གང་ལ་ཡོད་པ་ནི། །ཕྱིར་མི་ལྡོག་པར་ལུང་བསྟན་ཅིང་། །མགོན་པོ་ས་བཅུ་དག་ལ་གནས། །རྟག་ཏུ་མཆོད་རྟེན་གྱུར་པ་སྟེ། །སྐུ་གདུང་སྙིང་པོའི་བདག་ཉིད་ཅན། །རྟག་ཏུ་སངས་རྒྱས་བདག་ཉིད་འགྱུར། །ཅེས་དང་། རིལ་བུ་མཐོང་བ་ཙམ་གྱིས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །སྡིག་པ་ཐམས་ཅད་རྣམ་པར་འཚེད། །སྒྲིབ་པ་ཐམས་ཅད་རྣམ་པར་དག །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཕྱིར་ཞིང་གནས་མཆོག་ཞི་བ་ཐོབ། །ཅེས་སོགས་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་རྒྱ་ཆེར་བསྔགས་པ་ལ། སྐལ་བཟང་རྣམས་ཀྱི་སེམས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་འཚལ། དེ་རྣམས་ཀྱིས་འཕགས་པ་ཐུགས་རྗེ་ཆེན་པོའི་རྗེས་གནང་མཐའ་རྟེན་བཅས་ལེགས་པར་གྲུབ་པ་ཡིན་པས། སོགས་སྤྱི་ལྟར་དམ་ཚིག་ཁས་བླངས་ལ་འཇུག་གོ། ཅེས་པའང་ཆོས་རྗེ་ཕན་བདེས་གསུངས་ངོར་ཆོས་ཀྱི་བློ་གྲོས་པས་སོ། །མངྒ་ལཾ།། །།

Footnotes

Other Information