རྡོ་རྗེ་སྙིང་པོ་ལས། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ཆོ་ག་དབང་བསྐུར་དང་བཅས་པ་མུན་འཇོམས་ཟླ་བའི་འོད་ཟེར།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-030
Wylie title rdo rje snying po las/ bcom ldan 'das mgon po mi 'khrugs pa'i cho ga dbang bskur dang bcas pa mun 'joms zla ba'i 'od zer JKCL-KABUM-06-CHA-030.pdf
Location chos kyi blo gros bka' 'bum
Volume 6, Text 30, Pages 387-414 (Folios 1a1 to 14b3)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön ཀློང་གསལ་སྙིང་པོ་ (klong gsal snying po)
Citation 'jam mgon kong sprul. rdo rje snying po las bcom ldan 'das mgon po mi 'khrugs pa'i cho ga dbang bskur dang bcas pa mun 'joms zla ba'i 'od zer. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 387-414. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur  ·  Ritual and Liturgical Texts - cho ga phyag len
Cycle ཀློང་གསལ་རྡོ་རྗེ་སྙིང་པོ་ (klong gsal rdo rje snying po)
Deity rdo rje mi 'khrugs pa
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-TSHI-028
Colophon

།འདི་ལ་གསང་མ་ཇོ་ལུགས་དང་སྦྱར་བའི་ཆོག་ཁྲིགས་ཀཾ་ཚང་ལུགས་ཀྱིས་བཀབ་པ་སོགས་འདུག་ཀྱང་གྲུབ་ཐོབ་སོ་སོའི་བཞེད་གཞུང་རང་རང་གི་བཀའ་སྲོལ་ལྟར་སྤྱོད་པ་ལས་གཞན་གྱིས་རྒྱས་བཀབ་ཚེ་གཉིས་བྱས་པས་གཉིས་མིན་ཏུ་འགྱུར་བ་མཐོང་བས། རང་གཞན་ལ་ཕན་འདོད་ལྷག་པའི་བསམ་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེའི་རྫོང་ཤོད་བདེ་གཤེགས་འདུས་བའི་ཕོ་བྲང་ཆེན་པོར་སྡེབས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལམ།།

/'di la gsang ma jo lugs dang sbyar ba'i chog khrigs kaM tshang lugs kyis bkab pa sogs 'dug kyang grub thob so so'i bzhed gzhung rang rang gi bka' srol ltar spyod pa las gzhan gyis rgyas bkab tshe gnyis byas pas gnyis min tu 'gyur ba mthong bas/__rang gzhan la phan 'dod lhag pa'i bsam pas pad+ma gar dbang blo gros mtha' yas pa'i sde'i rdzong shod bde gshegs 'dus ba'i pho brang chen por sdebs pa dge legs 'phel/__/sarba mang+ga lam//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྡོ་རྗེ་སྙིང་པོ་ལས། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ཆོ་ག་དབང་བསྐུར་དང་བཅས་པ་མུན་འཇོམས་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ནཱ་ཐཱ་ཀྵོ་བྷྱོ་ཡ། མགོན་པོ་གང་གི་རྫོགས་སྨིན་སྦྱངས་བའི་མཚོར། །རྒྱལ་རྣམས་སྔགས་པའི་མེ་ཏོག་མགྲིན་གཅིག་ཏུ། །འཐོར་བས་ཕྱོགས་བཅུའི་འཇིག་རྟེན་ཤིས་མཛད་པ། །མི་འཁྲུགས་རྒྱལ་པོའི་ཞབས་ལ་གུས་ཕྱག་འཚལ། །འཇུག་བདེའི་སྒྲུབ་ཐབས་པདྨའི་གསུང་། །འདིར་རྟེན་མངོན་དགའི་ཞིང་མཆོག་ཏུ། །བགྲོད་འདོད་བསྐལ་བཟང་ཡོད་ན་དེང་། །ཚུལ་སྤྱོན་སྨིན་གྲོལ་བཅུད་ལ་རོལ། །འདིར་ལས་སྒྲིབ་རྣམ་པར་སྦྱོང་པའི་ཆོ་ག་རྒྱལ་དབང་པདྨ་ཀ་རའི་བཀའ་སྲོལ་ལྟར་ཉམས་སུ་ལེན་པའི་ཚུལ་ལ་གསུམ། རྣལ་འབྱོར་ལ་འཇུག་པའི་སྦྱོར་བ། ཞུགས་པའི་ཆོ་ག་དངོས། དེའི་ཡན་ལག་གཞན་བཤད་པའོ། །དང་པོ་ནི། བདག་བསྐྱེད་བསྙེན་ཀྱང་བྱེད་ན་ཆུ་གཉིས་ཉེར་སྤྱོད་ཙམ་ལས་ཅིའང་མི་དགོས། དེའང་མི་འཛོམ་ན་ཡིད་སྤྲུལ་གྱིས་མཐུས། མདུན་བུམ་སྒྲུབ་མཆོད་སྐབས། སྟེགས་བུ་གཙང་མར་ཞི་དཀྱིལ་སྣོ་རྫོགས་སྤྱི་འགྲོའི་ནང་པདྨ་འདབ་བརྒྱད་ལྟེ་བར་སྐུའམ་ཕྱག་མཚན་རྡོ་རྗེས་མཚན་བ། དཀྱིལ་འཁོར་མ་འཛོམ་ན་མཎྜལ་སྣེ་མེ་ཏོག་སྔོན་པོའམ་ཚོམ་བུ་གཅིག་བཀོད་པའི་ཁར་ཁྲིའུའི་སྟེང་བུམ་པ་མགུལ་ཆིངས་སྔོན་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་བཅས་པ་བཞག །དབང་དང་འབྲེལ་སྐབས་སྐུ་རྟེན་ཕྲེང་བ་རྡོ་རྗེ་སྔོན་པོ་རྣམས་ཀྱང་བཀོད། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམས། གཏོར་འབུལ་བྱེད་ན། རིན་པོ་ཆེའི་སྣོད་དུ་གཏོར་ཟླུམ་དཀར་པོ་དཀར་མངར་ཤིང་ཏོག་འབྲུ་སྣ་སོགས་དང་བཅས་པ་དང་། ཕྱི་གཏོར་ཡང་བཀོད། འབྱོར་ན་རྒྱན་དང་བླ་བྲེ་སོགས་མཆོད་པ་ཇི་ལྟར་ཚོགས་པ་དང་། ལས་བུམ་སྔོན་གཏོར་སོགས་ཀྱང་འདུ་བྱའོ། །གཉིས་པ་ཆོ་ག་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྔོན་འགྲོ་ནི། དཀར་གཏོར། རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿ ཧཱུྃ་གིས་བྱིན་གྱིས་བརླབས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་ཀླུ་དང་། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་ཏུ་གསོལ། །ཅེས་ཕྱི་རོལ་དུ་འབུལ། བགེགས་རྣམས་བཛྲ་ཨ་མྲྀ་ཏ་སོགས་དང་། སུམ་བྷ་ནིའི་སྔགས་ཀྱིས་བསྐྲད་ལ་སྲུང་བའི་འཁོར་ལོས་མཚམས་བཅད། སྐྱབས་སེམས་ནི། ན་མོ༔ མཆོག་གསུམ་བླ་མ་མི་འཁྲུགས་དཀྱིལ་འཁོར་ལྷཿསྲས་དང་སློབ་མར་བཅས་ལ་སྐྱབས་སུ་མཆི༔ ངན་སོང་གསུམ་སོགས་མཁའ་མཉམ་སེམས་ཅན་གྱིཿསྡིག་སྒྲིབ་ཀུན་བྱང་སངས་རྒྱས་ཐོབ་བྱའི་ཕྱིར༔ བདག་གིས་མི་འཁྲུགས་རྒྱལ་པོའི་སྒོམ་བཟླས་བྱ༔ འགྲོ་ཀུན་བྱང་ཆུབ་ལམ་ལ་རེག་གྱུར་ཅིག༔ ལན་གསུམ། མཆོད་པ་བྱིན་བརླབས་ནི། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུྃ༔ ནས། ཤབྡ་ཨཱཿ ཧཱུྃ༔ བཛྲ་སྥ་ར་ཎ་ཁཾ༔ གྱིས་མཆོད་པའི་སྤྲིན་རབ་འབྱམས་སུ་ཡེ་ཤེས་ཀྱི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་དངོས་གཞི་ལ་གཉིས། སྒྲིབ་སྦྱོར་བསྙེན་པའི་རྣལ་འབྱོར། ཚོགས་བསགས་སྒྲུབ་པའི་རྣལ་འབྱོར་རོ། །དང་པོ་བསྐྱེད་བཟླས་གཉིས་ལ་བསྐྱེད་རིམ་རྗེས་འབྲེལ་དང་བཅས་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱདྨ་ཀོ྅ཧཾ༔ སྟོང་པའི་ངང་ལས་རིན་ཆེན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབ་ཆོས་འཁོར་དང་༔ གདུགས་དང་རི་དྭགས་དར་དཔྱང་ལ་སོགས་པ༔ མཚན་ཉིད་ཀུན་རྫོགས་དབུས་སུ་པད་ཟླའི་གདན༔ རང་ཉིད་བཅོམ་ལྡན་མགོན་པོ་མི་འཁྲུགས་པ༔ ཞལ་གཅིག་ཕྱག་གཉིས་གཡས་པས་ས་གནོན་དང་༔ གཡོན་པས་མཉམ་བཞག་སྟེང་དུ་རྡོ་རྗེ་འཛིན༔ ཆོས་གོས་རྣམ་གསུམ་དབུ་ཡི་གཙུག་ཏོར་འཕགས༔ འོད་དང་འོད་ཟེར་བྱེ་བ་དགུ་ཁྲི་དཀྲིགས༔ ནམ་མཁའི་མདངས་འཚེར་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གནས་གསུམ་འབྲུ་གསུམ་འོད་འཕྲོས་རང་བཞིན་ནས༔ ཡེ་ཤེས་སེམས་དཔའ་ཐོགས་མེད་སྤྱན་འདྲེན་ནོ༔ ཧཱུྃ༔ རྒྱལ་བའི་ཞིང་མཆོག་མངོན་པར་དགའ་བ་ན༔ དུག་གསུམ་ནད་སྦྱོང་བཅོམ་ལྡན་མི་འཁྲུགས་པར༔ ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་བསྐོར༔ དེང་འདིར་བདག་ཅག་དད་པས་སྤྱན་འདྲེན་གྱིས༔ ངན་འགྲོའི་སྡུག་བསྔལ་གསལ་སླད་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔ དྲི་མེད་པདྨ་ཟླ་བའི་གདན་སྟེང་དུ༔ ངན་འགྲོའི་སྡུག་བསྔལ་སྦྱངས་ཕྱིར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་མཆི་ན༔ ལམ་ངན་སྲིད་པའི་འཇིགས་པ་བསྲུང་དུ་གསོལ༔ ཡ་མི་ན་མ༔ ཨོཾ༔ ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ཆེ༔ ཕ་རོལ་ཕྱིན་པ་དྲུག་ལས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་ཀུན་ལེགས་པར་འགེངས་བྱས་ཏེ༔ སངས་རྒྱས་སྲས་དང་སློབ་མར་བཅས་པ་མཆོད༔ ཨོཾ་པ་ན་པེ་ནུ་པུ་ར་ཏ་ཏྲི་པུ༔ སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷི་ཧཱུྃ༔ ན་མོ། ཕྱོགས་དུས་ཞིང་གི་མཆོད་ཡོན་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་རོལ༔ ཀུན་བཟང་མཆོད་པའི་སྤྲིན་དུ་མོས་བྱས་པ༔ བཅོམ་ལྡན་མགོན་པོ་མི་འཁྲུགས་པ་ལ་འབུལ༔ འགྲོ་ཀུན་སྡིག་སྒྲིབ་སྦྱང་ཕྱིར་བཞེས་སུ་གསོལཿཨོཾ་བཛྲ་ཨརྒྷཾ་ཨཱཿ ཧཱུྃཿནས། ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། ན་མོཿསངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་འདུས་པའི༔ སྐུ་མདོག་མཐིང་ལ་ཞལ་གཅིག་ཕྱག་གཉིས་ལྡན༔ ས་གནོན་མཉམ་བཞག་སྙིང་པོའི་ཏིང་འཛིན་ཅན༔ རིགས་མཆོག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༔ ཁང་ཁྲོའི་གྲིབ་ཀྱིས་ངན་འགྲོར་ལྟུང་ངོ་ཞེས༔ ཁྲོ་བ་སྤངས་ནས་ཞི་བདེའི་ལམ་བཟང་སྟོན༔ མཉམ་ཉིད་གནས་ཞེས་རྒྱལ་ལ་ཞལ་འཆེས་མཛད༔ བརྩེ་ལྡན་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྤྱན་སྔ་རུ༔ ངན་སོང་སྡུག་བསྔལ་སྦྱོང་བར་དམ་བཅས་ནས༔ རྩེ་ཆེན་གང་ལ་གང་འདུལ་སྐུར་སྟོན་པའི༔ འགྲོ་ཀུན་སྒྲིབ་པ་གསལ་མཁས་ཁྱོད་ཕྱག་འཚལ༔ ཅེས་མཆོད་བསྟོད་བྱས་ནས། གཉིས་པ་བཟླས་པ་ནི། ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་སྔོན་པོའི་མཐར༔ གཟུངས་སྔགས་བཻཌཱུརྱ་ཡི་ཕྲེང་བ་ལྟར༔ གཡས་སུ་བསྐོར་བས་འོད་འཕྲོས་ཁམས་གསུམ་ཁྱབ༔ ལས་སྒྲིབ་ཐམས་ཅད་རྣམ་པར་སྦྱངས་བར་གྱུར༔ ཞེས་གསལ་བཏབ་ལ། རྩ་སྔགས་ནི། ཨོཾ་བཛྲ་ས་མནྟ་སཱ་ཏྲི་ཧཱུྃ༔ གཏེར་གཞུང་ལས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱ་ས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླའོ། །བསྙེན་ཚད་ནི། རབ་སྒྲིབ་པ་སྦྱང་བའི་རྟགས་ཡིད་ཆེས་པ་དང་། དེ་བཞིན་གཤེགས་བས་དབུགས་དབྱུང་བ་སོགས་མ་བྱུང་བར་དུ་བཟླ་དགོས་ལ། འབྲིང་བྱེ་བ། ཐ་མ་བཞི་འབུམ་ནས་ཆིག་འབུམ་གྱིས་འགྲུབ། སྤྱིར་བརྒྱ་སྟོང་ཁྲི་སོགས་ཇི་ཙམ་འགྲུབ་ཀྱང་དེ་མཚུངས་ཀྱི་ཕན་ཡོན་ཐོབ་པས་འགྲེལ་པ་ཐོབ་པར་བྱའོ། །ཐུན་མཐར། ཨོཾ། བཅོམ་ལྡན་མི་འཁྲུགས་མགོན་པོ་ཡི༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱེད་ཀྱི་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་བ་གདབ་བོ། །དེ་ནས་བདག་བསྐྱེད་རྐྱང་པ་ཡིན་ན་གཤམ་གསལ་བསྡུ་ལྡང་དང་བསྔོ་སྨོན་བྱའོ། །གཉིས་པ་ལ་གཉིས། ཚོགས་རྟེན་སྒྲུབ་པ། ཚོགས་བསག་དངོས་སོ། །དང་པོ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་བདག་བསྐྱེད་ལྟར་ལ། རང་ཉིད་ཅེས་པ་དོར་ནས། དེ་སྟེང་བཅོམ་ལྡན་མགོན་པོ་ཅེས་བསྒྱུར་ནས་ལྷ་བསྐྱེད་སྤྱན་འདྲེན། ཏིཥྛ་ལྷན༔ ཅེས་བའི་བར་བཏང་། གཉིས་པ་ལ་ནི་བཞི། ཕྱག་མཆོད་པ་ཡན་ལག་ལྷན་ལ། བཟླས་བས་ཐུགས་རྒྱུད་བསྐུལ་བའོ། །དང་པོ་ནི། ན་མོ། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་འདུས་པའི༔ སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་ལྡན༔ ས་གནོན་མཉམ་བཞག་སྙིང་པོ་ཏིང་འཛིན་ཅན༔ རིགས་མཆོག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ཁང་ཁྲོའི་གྲིབ་ཀྱིས་ངན་འགྲོར་ལྟུང་ངོ་ཞེས༔ ཁྲོ་བ་སྤངས་ནས་ཞི་བདེའི་ལམ་བཟང་སྟོན༔ མཉམ་ཉིད་གནས་ཞེས་རྒྱལ་ལ་ཞལ་འཆེས་མཛད༔ བརྩེ་ལྡན་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྤྱན་སྔ་རུ༔ ངན་སོང་སྡུག་བསྔལ་སྦྱོང་བར་དམ་བཅས་ནསཿབརྩེ་ཆེན་གང་ལ་གང་འདུལ་སྐུར་སྟོན་པའི༔ འགྲོ་ཀུན་སྒྲིབ་པ་བསལ་མཁས་ཁྱེད་ཕྱག་འཚལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་མཆི་ན༔ ལམ་ངན་སྲིད་པའི་འཇིགས་པ་བསྲུང་དུ་གསོལ༔ ཡ་མི་ན་མ༔ གཉིས་པ་མཆོད་པ་ལ་ཐོག་མར་མཆོད་སྤྲིན་སྤྲོ་བ་ནི། ཨོཾཿཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ཆེཿཕ་རོལ་ཕྱིན་པ་དྲུག་ལས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་ཀུན་ལེགས་པར་འགེགས་བྱས་ཏེ༔ སངས་རྒྱས་སྲས་དང་སློབ་མར་བཅས་པ་མཆོདཿཨོཾ་མ་ན་སེ་ནུ་སུ་ར་ཏ་ཏི་པུ༔ སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷི་ཧཱུྃ༔ ཆུ་གཉིས་ཉེར་སྤྱོད་ནི། ན་མོཿཕྱོགས་དུས་ཞིང་གི་མཆོད་ཡོན་ཇི་སྙེད་རྣམས༔ ཀུན་བཟང་མཆོད་པའི་སྤྲིན་དུ་མོས་བྱས་པ༔ བཅོམ་ལྡན་མགོན་པོ་མི་འཁྲུགས་པ་ལ་འབུལ༔ འགྲོ་ཀུན་སྡིག་སྒྲིབ་སྦྱང་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿ ཧཱུྃཿདེས་འགྲེལ་ཏེ། མཆོད་ཡོན་མལ་དུ། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱ་ཏྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེགྷནྡྷེ། ནཻ་ཝི་ཏྱ། ཤབྡ་རྣམས་བཅུག་ལ་མཆོད། དེ་ནས་རིན་ཆེན་སྣ་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་འབུལ་བ་ཡིས། །འགྲོ་བ་མི་བཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སབྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿ ཧཱུྃ༔ འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿ ཧཱུྃ༔ བཀྲ་ཤིས་རྫས་བརྒྱད་འབུལ་ལ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །བཅོམ་ལྡན་རྒྱལ་བ་སྲས་དང་བཅས་པ་ལ། །བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྚ་མངྒ་ལཾ་བཛྲ་པཱུ་ཛི་ཏེ་ཨཱཿ ཧཱུྃ༔ ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝ་ས་སེ་པྲ་ཏིཙྪ་སྭཱ་ཧཱ༔ གསུམ་པ་ཡན་ལག་ལྷག་མ་རྣམས་ནི། གང་ཞིག་ཐོགས་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོགས་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱི་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པས་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པ་ཙམ་མམ། ཅུང་ཟད་སྤྲོ་ན་མཆོད་པའི་འཕྲོས་སུ་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་སྦྱར་ཡང་ལེགས་སོ། །བཞི་བ་བཟླས་པ་ནི། རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་གྱིས་མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་བསྐུལ། སྥ་ར་ཎ་ཕཊ། མདུན་བསྐྱེད་ཀྱི་དྭངས་མའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དང་དངོས་གྲུབ་ཐམས་ཅད་བསྡུས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ། གཟི་བརྗིད་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག །དངོས་གྲུབ་ཐམས་ཅད་ཐོབ་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ་གཟུངས་ཅི་ནུས་བཟླ། བུམ་པ་རང་བྱུང་གཞལ་ཡས་ཁང་པ་རུ། །བཅོམ་ལྡན་མི་འཁྲུགས་རྒྱལ་བ་གསལ་བ་ཡི། །སྐུ་ལས་ལས་སྒྲིབ་སྦྱོང་བྱེད་བདུད་རྩིའི་རྒྱུན། །བབས་པས་བུམ་པ་བདུད་རྩིས་གང་བར་གྱུར། །ཅེས་གཟུངས་ཐག་བླངས་ལ་བུམ་བཟླས་བྱ། ཨོཾ་ཨཱཿ ཧཱུྃ༔ གིས་མཆོད་ཡོན་ཕུལ་བས། ལྷ་འོད་དུ་ཞུ་བས་བུམ་ཆུ་བདུད་རྩིར་གྱུར། དབང་དང་གནས་ལུང་འབྲེལ་ན་སྐབས་འདིར་ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་མཐུན་བྱ། གསུམ་པ་རྗེས་ཀྱི་རིམ་པ་ལ། གཏོར་འབུལ་སྤྲོ་ན། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་སྤྲོས་པས། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རང་བཞིན་ཟད་མི་ཤེས་པར་གྱུར། །ཨོཾ་ཨཱཿ ཧཱུྃ། ལན་གསུམ་བརྗོད། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་ཟེར་གྱིས། །སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ་ལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཕྱི་གཏོར། རྃ་ཡྃ་ཁྃ་གིས་བསང་སྦྱངས། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱི༔ གསུམ་གྱིས་བརླབས། ཐུགས་ཀའི་འོད་ཟེར་གྱིས་རྣམ་བཞིའི་མགྲོན་རིགས་སྐད་ཅིག་གིས་འདུས་པར་གྱུར། བཛྲ་ས་མཱ་ཛཿསམྦྷར་ལན་བདུན་གྱིས་བསྔོས། ཧཱུྃ༔ རིན་ཆེན་རྒྱ་ཆེན་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ དཀར་གསུམ་མངར་གསུམ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱི་བྱིན་བརླབས་ནས༔ མི་མཉེས་པ་ནི་གང་ཡང་མེད༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ མགྲོན་རྣམས་མ་ལུས་འཁོར་བཅས་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་སོགས་སེམས་ཅན་ཐམས་ཅད་ཀུན༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་དང་། མཆོད་སྦྱིན་གཏོར་མ་སོགས་སྤྱི་ལྟར་བརྗོད་ལ་ཕྲིན་ལས་བཅོལ། སུ་སྠ་ན་གཙྪས་གཤེགས་སུ་གསོལ། དེ་ནས་མཆོད་པ་ཁ་གསོས་ལ། བྱིན་རླབས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་པ་སྔགས་མཆོད་ཙམ་གྱིས་འབུལ་ལ། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་ལ་རྒྱ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་པས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། ཞེས་སོགས་དང་། ཡིག་བརྒྱས་ནོངས་པ་བཤགས། མདུན་བསྐྱེད་རས་བྲིས་ཡིན་ན། འདིར་ནི་གཟུགས་དང་སོགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། བདག་བསྐྱེད་ནི། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཐུགས་ཀའི་ཟླ་བ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེའང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དཱའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པར་གྱུར། ཅེས་མཉམ་པར་བཞག །སླར་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། ཅེས་བསྡུ་ལྡངས་བྱ། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་ཤོ་ལོ་ཀ་གཉིས། གཞན་ཡང་ཐེག་པ་ཆེན་པོའི་བསྔོ་སྨོན་ཅི་རིགས་དང་། ཁྱད་པར་མངོན་དགའི་ཞིང་སྨོན་གདབ། ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་རྒྱ་ཆེར་བྱའོ། །གསུམ་པ་དེའི་ཡན་ལག་རྣམ་གྲངས་མང་ཡང་འདིར་ཉེ་བར་མཁོ་བ་ལ་གསུམ། སློབ་མ་རྗེས་འཛིན། གནས་ལུང་། བྱབ་ཁྲུས་རྣམས། དང་པོ་ནི། བཅའ་གཞི་གོང་སྨོས་དང་། བདག་མདུན་སྒྲུབ་མཆོད་ལས་བུམ་བསྐྱེད་བཟླས་པར་སོང་ནས། ཏིང་ངེ་འཛིན་གྱི་དབང་ལེན་བྱ། སློབ་མ་གཞུག་པར་གནང་བ་ཞུ། དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སྤྱི་ལྟར་བྱ་དགོས་མིན་སྐབས་དང་བསྟུན། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་སྤྱིར་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་བརྙེས་པར་མཚུངས་པས་ངོ་བོ་ལ་ཁྱད་པར་བྱར་མེད་ཀྱང་། ཐོག་མའི་ཐུགས་བསྐྱེད་ཚུལ་དང་སྨོན་ལམ་ཁྱད་པར་ལས་ཕྲིན་ལས་ཀྱི་རྣམ་པ་སྟོན་ཚུལ་རྒྱ་ཆེ་ཆུང་ཅི་རིགས་འབྱུང་བ་ལས། བཅོམ་ལྡན་འདས་མི་འཁྲུགས་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་། སྨོན་ལམ་ཆེན་པོ་བརྒྱད། ནན་ཏན་དུ་བྱ་བ་བདུན། སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་སོགས་ཡོངས་སུ་གྲུབ་པས་སངས་རྒྱས་གཞན་ལས་ཁྱད་པར་དུ་བྱས་ཤིང་ད་ལྟར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་འཚོ་ཞིང་གཞེས་ལ་ཆོས་སྟོན་པར་མཛད་པ་སྟེ། དེའི་ཡ་མཚན་གྱི་རྣམ་པར་ཐར་པ་ལ་བདག་ཅག་གི་སྟོན་པ་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རང་རང་གི་ཞིང་ཁམས་རྣམས་སུ་བསྔགས་པ་གསུངས་བར་མཛད་ལ། བྱེ་བྲག་ཏུ་མགོན་པོ་གང་གི་མཚན་དང་གཟུངས་སྔགས་ཙམ་འཆང་བ་ལ་ཐོགས་མེད་ནས་བསགས་པའི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། བདུད་དང་བདུད་རིས་ཀྱི་ལྷ་རྣམས་ཀྱིས་ནམ་ཡང་བར་གཅོད་རྩོམ་མི་ནུས་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་རྒྱ་ཆེན་པོ་ཐོབ་པའི་ཕྲིན་ལས་མངའ་བས་ཁྱད་པར་དུ་འཕགས་པ་སྟེ། གཟུངས་མདོ་ལས། འདི་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པའང་བྱང་བར་འགྱུར་རོ། །ཞེས་དང་། ལན་གཅིག་བཟླས་ན། བཀྲ་མི་ཤིས་པ་དང་། ལྟས་ངན་པ་དང་། རྨི་ལམ་ངན་པ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་དང་། གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་བྱ་དང་མི་མ་ཡིན་རྣམས་ཀྱང་རུང་སྟེ་འཆི་བའི་ཚེ་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཞེས་སོགས་དང་། མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་བསྐུར་པ་བཏབ་པའང་རུང་སྟེ། འཆི་ཀར་རྩིགས་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ནའང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན་འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། །ཞེས་སོགས་དང་། ལུས་ལ་འཆང་ངམ་གླེགས་བམ་ལ་བྲིས་ཏེ་མགུལ་དུ་ཐོགས་ཏེ་འཆང་ན་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་གསུང་བའི་མཆོག་ཏུ་འགྱུར་བ་སོགས་རྒྱ་ཆེར་བསྔགས་པ་འདི་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་འགའ་ཞིག་འབྱུང་བ་ལས་འདིར་ནི་སངས་རྒྱས་གཉིས་པ་པདྨ་ཀཱ་རའི་ཞལ་ལུང་སྤྲུལ་པའི་གཏེར་ཆེན་བྱང་ཆུབ་རྒྱལ་མཚན་གྱི་ཟབ་གཏེར་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པ་སྟེ། དེའི་ལུགས་ཀྱི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་བཟློས། ཨེ་མ༔ བླ་མ་རྒྱལ་བའི་ཐུགས་ཀློང་དུ༔ སངས་རྒྱས་ཀུན་གྱི་དཀྱིལ་འཁོར་རྫོགས༔ བདག་ལ་མགོན་པོ་མི་འཁྲུགས་པའི༔ དབང་མཆོག་དམ་པ་སྩལ་དུ་གསོལ༔ གསུམ་པ་བླ་མས། དད་ལྡན་བུ་འོང་སྐལ་པ་བཟང་༔ མི་འཁྲུགས་མགོན་པོའི་དབང་འདོད་ན༔ ཡིད་ཀྱི་ཁྱེར་སོ་ཇི་ལྟར་ལགས༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ ༔ མགོན་པོ་ཆེན་པོར་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་བཞུགས་པར་འཚལ༔ དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དཀྱིལ་འཁོར་གྱི་དབུས་འདི་ན་བཅོམ་ལྡན་འདས་མི་འཁྲུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཏེ་བཞུགས་པའི་དྲུང་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་སྔར་བྱས་བཤགས་ཤིང་ཕྱིན་ཆད་བསྡོམ་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བསྔོ་བ་རྣམས་ལེགས་པར་བྱ་སྙམ་པས་འདིའི་རྗེས་བཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུངས། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིས། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་སྔོན་པོ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་སྐུ་མདོག་མཐིང་ག་སྤྲུལ་སྐུའི་ཆ་ལུགས་ཅན་མཚན་དང་དཔེ་བྱད་རྫོགས་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་རྡོ་རྗེ་བསྣམས་པ། ཆོས་གོས་རྣམ་གསུམ་གསོལ་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་མེད་འཕྲོས་པ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་མོས་ཤིག །སྤོས་རོལ་དབྱངས་བཅས་སྤྱན་འདྲེན་བརྗོད། སྙིང་པོའི་མཐར། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཏིཥྛ་བཛྲ་དང་རྡོ་རྗེ་མགོར་བཞག་ལ་བརྟན། དངོས་གཞི་ཐོག་མར་བུམ་པ་སྐུའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་མོས་ཤིག །བྱས་ལ། ཧཱུྃཿབུམ་པ་གཞལ་ཡས་དམ་པ་ནི༔ བཅོམ་ལྡན་མགོན་པོ་མི་འཁྲུགས་པའི༔ ཐུགས་རྗེའི་ཆུ་རྒྱུན་རབ་གཡོ་བས༔ སྐུ་ཡི་དབང་ཐོབ་ལུས་སྒྲིབ་དག༔ སྙིང་པོའི་མཐར། བཛྲ་ཨཀྵོ་བྷྱཿཀ་ཡ་ཨ་བྷི་ཥིཉྩ་ཨོཾཿཞེས་བུམ་པ་སྤྱི་བོར་བཞག་ཅིང་འཐོར་འཐུང་བྱ། དེས་སྐུ་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་སྔགས་ཕྲེང་གསུང་གི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷའི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་བཟླས་ཕྲེང་དང་དབྱེར་མེད་པ་ཁྱེད་རང་གི་མགྲིན་པར་ཐིམ་པར་མོས། ཕྲེང་བ་སྔོན་པོ་མགྲིན་པར་བཞག་ལ། བཅོམ་ལྡན་མགོན་པོའི་སྔགས་དབང་རྫོགས༔ བཻཌཱུརྱ་ཡི་ཕྲེང་བ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསུང་དབང་ཐོབ་ནས་ངག་སྒྲིབ་དག༔ སྔགས་སྔ་མ་ལྟ་བུའི་མཐར། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་སྔགས་ཀྱི་དབང་ཐོབ། ངག་སྒྲིབ་དག་གྲགས་སྟོང་བཟླས་བརྗོད་བྱ་བ་ལ་དབང་བ་ཡིན་ནོ། །གསུམ་པ་ཕྱག་མཚན་ཐུགས་ཀྱི་དབང་བསྐུར་བ་ལ། བཅོམ་ལྡན་འདས་ཀྱིས་ཐུགས་ཀ་ནས་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འཕྲོས། ཁྱེད་རང་གི་སྙིར་གར་ཐིམ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་གོ །བཅོམ་ལྡན་རིགས་ཀུན་འདུས་པ་ཡི༔ བཻཌཱུརྱ་ཡི་ཕྱག་མཚན་འདིས༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ ཐུགས་དབང་ཐོབ་ནས་ཡིད་སྒྲིབ་དག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཕྱག་མཚན་གྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །གསལ་སྟོང་ཡེ་ཤེས་བསྒོམ་པ་ལ་དབང་བ་ཡིན་ནོ། །བཞི་པ་ཡོངས་རྫོགས་སྐུ་བརྙན་གྱི་དབང་བསྐུར་བ་ལ་དཀྱིལ་འཁོར་གྱི་ལྷ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །སྐུ་རྟེན་སྤྱི་བོར་དང་ལག་ཏུ་བཞག་ལ། བུ་ཁྱོད་ཉོན་ཅིག་གསོལ་བ་ཐོབ༔ བཅོམ་ལྡན་མགོན་པོ་མི་འཁྲུགས་པ༔ དངོས་སུ་ཁྱོད་ཀྱི་སྤྱི་བོར་བྱོན༔ སྒྲིབ་པ་བཞི་དག་དབང་བཞི་ཐོབ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧོ༔ དེས་ཡོངས་སུ་རྫོགས་པ་ལྷ་སྐུ་ཕྱག་རྒྱའི་དབང་ཐོབ། སྒྲིབ་པ་བཞི་དག །དབང་བཞི་ཅིག་ཅར་དུ་རྫོགས། སྒོམ་བཟླས་ཏིང་ངེ་འཛིན་གྱི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །སྤྲོ་ན་བཀྲ་ཤིས་རྫས་རྟགས་སྦྱིན། ཤིས་པ་བརྗོད། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ མགོན་དུ་མི་འཁྲུགས་རྒྱལ་བ་ཟུང་༔ ལྷ་བསྒོམ་སྔགས་བཟླས་ཏིང་འཛིན་ལས༔ ནམ་ཡང་གཡེལ་བར་མ་བྱེད་ཅིག༔ ཇི་ལྟར་བསྒོས་པ་སོགས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གཏང་རག་མཎྜལ་ཕྱི་མཆོད་སྤྱི་ལྟར་བྱའོ། །གཉིས་པ་གཤིན་པོ་རྗེས་འཛིན་གནས་ལུང་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་བྲིས་པའི་ཁར་མིང་བྱང་སོགས་རྟེན་བཞག །སྦྱང་ཆས་བྲབ་རྫས་ཟས་གཏད་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་བྱས་ལ། ཕྲིན་ལས་བསྐྱེད་བཟླས། ལས་བུམ་བསྒྲུབ་པ། དབང་ལེན་པ། གནང་བ་ཞུ་བ་ཡན་གྲུབ་པ་དང་དམིགས་རྟེན་མདུན་དུ་བཞག་ལ། གསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། རྣམ་ཤེས་འགུགས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་བ་རྣམས་ཀྱིས་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་བཅོམ་ལྡན་འདས་མི་འཁྲུགས་པའི་ལྷ་ཚོགས་རྣམས་ཀྱིས་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱིས་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས་ཚེ་ལས་འདས་པ་ཆྒཻའི་རྣམ་པར་ཤེས་བ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀར་ཥ་ཡ་ཛཿཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃཿཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བྃ་ཧོཿརྣམ་ཤེས་ཨ་དཀར་པོའི་རྣམ་པར་རྟེན་ལ་ཐིམ་པར་གྱུར། བགེགས་སྦྱོང་བ་ནི་གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་ཆང་བུས་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་ལ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་དྲག་སྔགས་གུལ་ཡུངས་རོལ་མོ་སོགས་དྲག་པོའི་ཚམ་རྔམས་དང་བཅས་གཏོར་མ་རྒྱངས་རིང་དུ་དོར་བ་སྟེ་དྲག་པོས་སྦྱངས་བའོ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཨོཾ་སུམ་བྷ་སོགས། སྡིག་སྦྱོང་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམས། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པའི་རྣམ་པར་བྱུང་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང་། ཏིལ་གཡས་གཡོན་གྱིས་མེར་བསྲེགས་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བྷ་སྨིན་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱོངས་བར་བསམ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུང་དཀར་གྱིས་བྲབ་ཅིང་། ཀཾ་ཀ་ནི། ཡིག་བརྒྱ། ཀུན་རིག་སྔགས་རྣམས་དང་། ཨོཾ་ད་ཧཱ་ད་ཧཱ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏི་དྱ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཟླས་པས་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་བསམ། ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ངོས་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམ་པ་སོགས་དང་། འདི་ནི་ཐབ་ཀྱི་ཆོག་སོགས། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གང་གཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་། ཀཾ་ཀ་ནི་བརྗོད། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་དག་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམས་རང་༴། ཁྲིམས་འཆལ་དྲི༴། སྲུངས་བ་དྲི༴། ཁྲུས་ལེགས་མཛད༴། འདི་ནི་བཟོད་པའི༴། ཁོང་ཁྲོའི་དྲི་མ༴བྱམས་པ་དྲི་ཡིས༴། ཁྲུས་ལེགས་མཛད་ཀྱིས༴། འདི་ནི་བརྩོན་འགྲུས༴། ལེ་ལོའི་དྲི་མ༴། བརྩོན་པའི་དྲི༴། ཁྲུས་ལེགས་མཛད་ཀྱི༴། འདི་ནི་བསམ་ཏན་རང་༴། རྣམ་གཡེང་དྲི་མ་དག༴། ཏིང་འཛིན་དྲི་ཡིས༴། ཁྲུས་ལེགས་མཛད་ཀྱི༴། འདི་ནི་ཤེས་རབ་རང་བཞིན༴། ཤེས་འཆལ་དྲི་མ་དག༴། ཡེ་ཤེས་དྲི་ཡིས་ལེགས༴། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །རྣམས་སུ་བསྒྱུར་བ་སོ་སོའི་མཚམས་སུ་གཟུངས་སྔགས་བཟླས་ཤིང་རོལ་མོ་དང་བཅས་པས་ཁྲུས་བྱ། དུག་སྦྱོང་བ་ནི། བུམ་ཆུས་རྟེན་ལ་བྱབས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱང་ངོ་། །དེ་བཞིན་ཏུ་ཆོས་དང་དགེ་འདུན་ལ་ཡང་སྦྱར། འབྱུང་བ་སོ་སོས་བྱས་ཤིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡིན་ཏེ། སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །དེ་བཞིན་དུ། ཆུ༴མེ༴རླུང་༴རྣམས། མཱ་མ་ཀི༴གོས་དཀར་མོ༴དམ་ཚིག་སྒྲོལ་མ༴ཞེས་སྦྱར་བས་དུག་སྦྱང་། སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་དཀྱིལ་འཁོར་པ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམ་ལ་མདུན་བསྐྱེད་སྐབས་སུ་བཤད་པའི་ཕྱག་བྱ། དེ་ནས་དབང་བསྐུར་བ་ནི། སྤྲོ་ན་སློབ་མ་རྗེས་འཛིན་སྐབས་ལྟར་བྱ་ཞིང་འདིར་འཇུག །བསྡུ་ན། ཚེ་འདས་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུགས་པའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པར་གྱུར། སྙིང་བོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་བ་བརྗོད་ལ་རོལ་ལོ་བསྒྲག །ཏིཥྛ་བཛྲས་བརྟན། བུམ་པ་གནས་གསུམ་དུ་རིམ་པར་བཞག་ལ། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །སྔགས་མཐར། བཛྲ་ཨཀྵོ་བྷྱཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེས་འགྲེས་ཏེ། གསུང་༴ཝཱ་ཀ༴ཐུགས༴ཙིཏྟ་ཞེས་བསྒྱུར་བས་དབང་བསྐུར། དེ་ནས་ཟས་གཏད་ནི། བཟའ་བཏུང་སྣ་ཚོགས་བཤམས། རྃ་ཡྃ་ཁྃ། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱིས་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མི་འཁྲུགས་མགོན་པོའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་ཨཀྵོ་བྷྱཿསཉྩ་ཀཱ་མ་གུ་ཎ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བསྔོ། གདམས་ངག་བརྗོད་ཅིང་ལམ་བསྟན་པ་ནི། ཉོན་ཅིག་ཚེ་འདས་སྐལ་པ་ཅན། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་བས་ཟུང་། །སེམས་ཉིད་ཡེ་ཤེས་ངོ་བོ་ལ། །འགྱུ་དྲན་འཛིན་ཆགས་རང་སར་གྲོལ། །རང་རིག་གསལ་སྟོང་དབྱེར་མེད་པ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཐིམ། །སྐྱེ་འཆི་འཁོར་བའི་མིང་ཡང་མེད། །ཇི་སྲིད་འཁོར་བ་མ་སྟོང་བར། །སྤྲུལ་པས་འགྲོ་དོན་བྱེད་པར་ཤོག །དྷརྨ་ཀཱ་ཡ་ཨ་ཨཱཿ རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་མངོན་དགའི་ཞིང་དུ་སོང་ནས་སངས་རྒྱས་མི་འཁྲུགས་པའི་ཐུགས་ཀར་ཐིམ་བར་གྱུར་པར་བསམ་མོ། །དེ་ནས་མཚན་བྱང་བསྲེགས་པ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་བར་བསམས་ལ། མེ་སྦར་ལ། ཧཱུྃཿཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེགས། །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེགས། །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཞེས་དང་། ཀཾ་ཀ་ནི་སོགས་སྒྲིབ་སྦྱོང་གི་སྔགས་རྣམས་ཀྱི་མཐར་ཨགྣེ་ཡེ་ཛྭ་ལ་རཾ་བཏགས་པས་བསྲེག །ཐལ་བ་བུམ་ཆུ་དང་ས་གཙང་གི་འཇིམ་པས་སཱཙྪ་འདེབས་ལ་རབ་གནས་བྱ། བསྔོ་སྨོན་ནི། ཧོཿབླ་མ་ཡི་དམ་ཐུགས་རྗེ་ཡིས། །ངན་སོང་གནས་ནས་ཁྱོད་དྲངས་ཏེ། །མཐོ་རིས་གནས་སུ་མྱ་ངན་འདའ། །རྒྱུ་རྐྱེན་རྟེན་འབྲེལ་ཕུན་ཚོགས་པས། །ཚེ་འདས་དོན་ཕྱིར་དགེ་སྦྱོང་གང་། །འགྲོ་ཀུན་དོན་དུ་དམིགས་བྱ་ཉིད། །མི་འཁྲུགས་རྒྱལ་པོའི་སྐུ་ཐོབ་ཤོག །ཧཱོ༔ དཀོན་མཆོག་བདེན་པའི་མཐུ་བྱིན་གྱིས། །ཚེ་འདས་ངན་སོང་སྒོ་ཁེག་ནས། །མཐོ་རིས་བྱང་ཆུབ་ལམ་ཞུགས་ཏེ། །མི་འཁྲུགས་གོ་འཕང་མྱུར་ཐོབ་ནས། །རྣམ་མཁྱེན་སྐུ་གསུམ་ལྷུན་གྲུབ་ཤོག །ཅེས་དང་གཞན་ཡང་ཞིང་སྨོན་གཙོར་གྱུར་ཐེག་པ་ཆེན་མོའི་སྨོན་ལམ་ཇི་ལྟར་ནུས་པ་གདབ། དེ་ནས་ལས་གཞུང་གཏོར་འབུལ་སོགས་རྗེས་ཆོག་རྣམས་བྱའོ། །གསུམ་པ་བྱབ་ཁྲུས་ནི། སྤྱིར་ནད་གདོན་རྐྱེན་ངན་ཐམས་ཅད་སྔོན་ལས་ཀྱི་སྡིག་སྒྲིབ་ལས་བྱུང་བ་ཡིན་པས་འདིའི་ཁྲུས་བྱ་བ་ནི་འཕྲལ་ཡུན་གཉིས་ཀར་དགོས་པ་ཕན་ཡོན་ཤིན་ཏུ་ཆེ་བས་དུས་ནམ་ཡང་བྱ་ཆོག་ལ། བྱེ་བྲག་སློབ་དཔོན་ཛེ་ཏཱ་རིའི་རྒྱ་གཞུང་སོགས་ལས་ཀྱང་དམིགས་སུ་བཤད་པས་དགོས་པ་དམིགས་བསལ་བྱུང་ན། བདག་མདུན་བུམ་སྒྲུབ་བཅས་ལེགས་པར་གྲུབ་ནས། བསྒྲུབ་བྱ་མདུན་དུ་འཁོད་པ་ལ། སྦྱོང་བ་ཞི་དྲག །ཏིལ་སྦྱོང་བཅས་སྔོན་དུ་འགྲོ་བས། བཀྲུ་བྱབ་བསྲུང་གསུམ་གྱི་ཆོ་ག་སྤྱི་འགྲོ་ལྷ་སྔགས་ཁ་བསྒྱུར་བྱ། མཐར་གཟུངས་སྔགས་ཤོག་དྲིས་ཡོད་ན་མཆོག་ཏུ་གྱུར་བ་དང་། མེད་ན་གཟུངས་སྔགས་བཏབ་པའི་སྲུང་སྐུད་མགུལ་དུ་གདགས་ལ། སྔགས་མཐར་རཀྵ་རཀྵ་བཏགས་པ་བརྗོད་ཅིང་ཤིས་བརྗོད་བྱས་པས་འགྲུབ་བོ། །མི་བསྐྱོད་རྒྱལ་བའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །འབྲེལ་བཅས་འགྲོ་ཀུན་མངོན་དགའི་ཞིང་དུ་དྲངས། །མགོན་པོ་ཉིད་མཚུངས་བྱང་ཆུབ་སྤྱོད་པ་རྫོགས། །སངས་རྒྱས་ཞིང་སྦྱོང་མངོན་འཚང་རྒྱ་གྱུར་ཅིག །འདི་ལ་གསང་མ་ཇོ་ལུགས་དང་སྦྱར་བའི་ཆོག་ཁྲིགས་ཀཾ་ཚང་ལུགས་ཀྱིས་བཀབ་པ་སོགས་འདུག་ཀྱང་གྲུབ་ཐོབ་སོ་སོའི་བཞེད་གཞུང་རང་རང་གི་བཀའ་སྲོལ་ལྟར་སྤྱོད་པ་ལས་གཞན་གྱིས་རྒྱས་བཀབ་ཚེ་གཉིས་བྱས་པས་གཉིས་མིན་ཏུ་འགྱུར་བ་མཐོང་བས། རང་གཞན་ལ་ཕན་འདོད་ལྷག་པའི་བསམ་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེའི་རྫོང་ཤོད་བདེ་གཤེགས་འདུས་བའི་ཕོ་བྲང་ཆེན་པོར་སྡེབས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལམ།། །།

Footnotes

Other Information