ཀློང་ཆེན་སྙིང་ཐིག་གི་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་བསྙེན་སྒྲུབ་གསལ་བྱེད་ཉུང་ངུ་དངོས་གྲུབ་རོལ་པའི་དགའ་སྟོན།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-025
Wylie title klong chen snying thig gi bka' srung ma mgon lcam dral gyi bsnyen sgrub gsal byed nyung ngu dngos grub rol pa'i dga' ston JKCL-KABUM-06-CHA-025.pdf
Location chos kyi blo gros bka' 'bum
Volume 6, Text 25, Pages 349-369 (Folios 1a1 to 11a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jam dbyangs mkhyen brtse chos kyi blo gros. klong chen snying thig gi bka' srung ma mgon lcam dral gyi bsnyen sgrub gsal byed nyung ngu dngos grub rol pa'i dga' ston. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 349-369. Bir, H.P.: Khyentse Labrang, 2012.
Genre Recitation Manual - bsnyen yig
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity ma mgon lcam dral

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀློང་ཆེན་སྙིང་ཐིག་གི་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་བསྙེན་སྒྲུབ་གསལ་བྱེད་ཉུང་ངུ་དངོས་གྲུབ་རོལ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་བཛྲ་ཧེ་རུ་ཀ་ཡ། །མི་བཟད་བདུད་ཀྱི་སྟོབས་འཕྲོག་དཔལ་ཆེན་པོ། །དབྱིངས་ཕྱུག་ཁྲོས་མའི་རྒྱལ་མོ་གནམ་ཞལ་མ། །གང་གི་རྣམ་རོལ་མ་མགོན་ལྕམ་དྲལ་ལ། །གུས་པས་འདུད་ཅིང་གྲུབ་གཉིས་ཤིས་པ་སྩོལ། །ནག་མོ་ཁྲོས་མའི་རྒྱུད་ཀྱི་ཡང་སྙིང་གི། ལྕམ་དྲལ་སྒྲུབ་པའི་སྙིང་བཅུད་འདི་ཁོ་ན། །བསྟན་སྲུང་མཉེས་བྱེད་བསྙན་སྒྲུབ་གནད་ཡིག་གི། ཡིག་ཆུང་གསལ་བྱེད་སྤེལ་ལ་གནང་བ་སྩོལ། །དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས། སྒྲུབ་པའི་གནས་ཁྱད་པར་ཅན་དང་། དུར་ཁྲོད་སོགས་སུ་ར་བ་བཞི་གང་རུང་གི་མར་ངོའི་ཚེས་ཉེར་གསུམ་སོགས་གཟའ་སྐར་འཕྲོད་སྦྱོར་བཟང་པོར་འཇུག་པར་བྱ་སྟེ། དེ་ལ་སྔོན་འགྲོ་རྟེན་བཅའ་བ་དང་། དངོས་གཞི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ། རྗེས་ལས་སྦྱོར་སོགས་བསྟན་པའོ། །དང་པོ་ནི། དམ་ཚིག་དང་ལྡན་པའི་ལྷ་བཟོས་དར་དཀར་ནག་གང་རུང་ལ་བྱང་སེམས་དཀར་དམར་དང་། བདུད་རྩི་ལྔས་སྦག་པའི་ཚོན་གྱིས་ལྕམ་དྲལ་ཡོངས་རྫོགས་ཀྱི་སྐུ་བྲིས་པ། སྐུ་ཡི་གནས་རྣམས་སུ་གནས་ཡིག་དང་། ཐུགས་ཀར་གོང་གི་རྫས་དེ་རྣམས་དང་བསྲེས་པའི་མཚལ་གྱི་ཏྲཀཱ་བྲིས་ལ་རབ་གནས་བྱས་པའི་བྲིས་སྐུ། དེ་ཡང་གཞན་གྱི་མི་མཐོང་བ་དང་། གསུང་རྟེན་དུ་དར་དམར་རམ་རྒྱ་ཤོག་དམར་པོ་ལ། གོང་གི་སྐུ་འབྲི་བའི་རྫས་རྣམས་བསྲེས་པའི་སྙིང་གཟུགས་བྲིས་པའི་ལྟེ་བར། སྲོག་འཁོར་གནད་ཡིག་ལས་འབྱུང་བ་ལྟར་བྲི་ཞིང་། འཁོར་ལོའི་རབ་གནས་བྱས་སྟེ། ནལ་བུའི་ཤ་ཁྲག་དང་སྙིང་སྣ་བཅས་དར་དམར་པོས་དྲིལ་ནལ་གྲིའི་སྙིང་ནང་དུ་བཅུག་དེ་དངོས་མ་རྙེད་ན་བྱ་ནག་གི་སྙིང་གི་ནང་དུ་འཇོག་ཀྱང་རུང་། སྒྲུབ་པ་དང་འབྲེལ་ན་དེ་ཉིད་ཐོད་པ་དུམ་བུ་ལྔ་པའི་ནང་དུ་གཞུག །ཐུགས་ཀྱི་རྟེན་ནི། གཞུང་ལས། སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿཐམས་ཅད་མ་མོ་མཁའ་འགྲོའི་དལཿདྲན་པ་རང་བྱུང་ཡེ་ཤེས་ནིཿཡུལ་དང་དབང་པོ་གཉིས་མེད་སྦྱོརཿམ་མོ་འབུམ་གྱི་སྟོང་སྲོག་ཡིནཿཞེས་དང་། ཁྲོས་མའི་གསང་རྒྱུད་ལས། མ་མོ་རང་བྱུང་སེམས་སུ་སྒྲུབ༔ སེམས་ཉིད་ཡེ་སྒྲུབ་ཆེན་པོ་ཡིན༔ སྣང་མེད་སྣང་བའི་དགོངས་པ་ཅན༔ བྱ་བ་བྱེད་ཅིང་མཚན་ཉིད་ཅི་དགར་འགྱུར༔ ནོར་བུ་རིན་ཆེན་ལྟ་བུའི་སེམས་ཉིད་དེ༔ མ་མོ་འགྲོ་བ་སེམས་ཅན་རྣམས་ལ་འཕྲོས༔ སེམས་ཉིད་མ་ཡེངས་མ་མོ་སྒྲུབ་པ་ཡིན༔ ཅེས་གསུངས་པ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་གསང་བའི་བླ་རྡོ་མཚན་ཉིད་པ་ཡིན་ལ། མཚོན་བྱེད་དམ་ཚིག་གི་རྟེན་དུ་རུ་དར་ནག་པོ་མདུང་སོ་གཉིས་པ་ལ་སྒྲོན་པ་དང་། གོང་གི་ནལ་གྲིའི་སྙིང་དང་ཐོད་པ་རྣམས་ཐུགས་ཀྱི་རྟེན་དུ་གསུངས་སོ། །དེ་ནས་སྒྲུབ་པ་དང་འབྲེལ་བའི་ཕྲིན་ལས་ཡོངས་རྫོགས། མདོས་ཀྱི་རྟེན་ལ་ནལ་བུའི་ཤ་ཁྲག་སྙིང་གཙོ་བོར་གྱུར་པའི་རྨིག་ཟླུམ་ཅན་དང་ཡུག་ས་རབ་ཆད་མཛེ་ནད་ཅན་མིན་པའི་ཤ་ཁྲག་སྙིང་སྣ་གང་འཛོམ་དང་། རིན་ཆེན་ཕྱེ་མ་རྣམས་ས་སྤྱིན་གཙང་མར་བསྲེས་པའི་སྟེགས་བུ་ཁྲུ་གང་ལས་མི་ཆུང་བ་དང་། དང་པོ་བཅའ་བའི་དུས་ནས་ནང་གི་རྒྱབ་ཕྱོགས་ཉེ་བར། གནད་ཡིག་ལས། སྐུ་གསུང་ཐུགས་ཀྱི་བླ་རྡོ་གསུམ༔ འཁོར་ལོ་རྒྱས་འབེབས་ཡིན་པའི་ཕྱིར༔ སྲིད་པའི་ཕུར་བུ་རྒྱབ་བརྟེན་གཞུག༔ ཞེས་གསུངས་པས་སྟེགས་བུ་རྒྱབ་ཕྱོགས་སུ་སྲོག་ཤིང་གི་ཚུལ་དུ་སེང་སྡེང་ངམ་ཚེར་ནག་སོགས་ལ་ཕུར་བུ་རྒྱ་མདུད་སྟེང་འོག་གཉིས་ཡོད་པ་རྩེ་མོ་གྲུ་གསུམ་ཅན་འཛུགས་པའི་ཁར་མདོས་གདུགས་ཀྱི་ཡུ་བ་བཅིང་ལོ་བར་བྱ། གྲུ་བཞི་སེར་པོ་བྱས་པ། དེ་ལས་སོར་བཞི་ཙམ་ཆུང་བའི་ཟླུམ་པོ་དཀར་པོ། དེ་ལས་ཅུང་ཆུང་བའི་གྲུ་གསུམ་རྩེ་མོ་ལྷོར་བསྟན་ལ་ཁ་ཁྱེར་སོར་གཉིས་གྱེན་དུ་འཕགས་པ། དེའི་ནང་སྟོང་ཆ་ཐོད་པ་ཤོང་ཚད་ཙམ་བྲུས་པ་ཕྱི་ནང་ཐམས་ཅད་དུ་དུར་ཁྲོད་ཀྱི་སོལ་བས་ནག་པོ་བྱ། སྟེགས་བུ་རྒྱ་ཆུང་བས་ཐོད་པ་དུམ་བུ་ལྔ་མ་ཤོང་ན། ས་སྤྱིན་ལ་ཐོད་པ་དུམ་ལྔ་བཅོས་པའི་ནང་ནལ་གྲིའི་སྙིང་གི་དུམ་བུ་སོགས་ས་ལ་བསྲེས་ཏེ་སྙིང་གཟུགས་བཅོས་པའི་ནང་རྫས་དང་འཁོར་ལོ་འཇོག་ཀྱང་རུང་། སྟེང་སེར་པོའི་མཐའ་བསྐོར་དུ་གླིང་བཞིའི་བཀོད་པ་སྣ་ཚོགས་དང་། རྟ་གཡག་མཛོ་དྲེལ་ར་ལུག་སོགས་དང་། བྱ་རིགས། རི་དྭགས། གཅན་གཟན། ཆུ་གནས་རྣམས་ཤིང་བྱང་ལ་བྲིས་པ་དང་། ནམ་རྒྱང་། མདའ་འཕང་། ཕོ་སྟོང་། མོ་སྟོང་། འཇའ་རིས་སོགས་ཀྱིས་བསྐོར། དཀར་པོ་ཟླུམ་པོའི་སྟེང་དུ་བཀྲ་ཤིས་རྫས་རྟགས་སྣ་བདུན་འདོད་ཡོན་ལྔ། མཆོད་ལྷ་སོགས་སྤྱན་གཟིགས་ཀྱི་རི་མོ་བཀོད་མཛེས་སྣ་ཚོགས་བཀྲ་བ་ཁ་ཁྱེར་སྟེང་ནས་བཀོད། ནང་གི་ཟླ་གམ་གསུམ་ལ་མ་མོ་དང་སྦྱོར་སྒྲོལ་གིང་གཉིས་ལས། སྒྲོལ་གིང་དམ་ཅན་ལ་ར་མགོས་མཚན་པ་བཅས་ཀྱི་དམར་གཏོར་མཐེབ་དཀྱུ་ཅན་རེ། གཏོར་མ་དེ་དག་ལ་མི་ཁྱི་རྟ་ཡི་བམ་ཆེན་གྱི་གཟུགས་དང་ཤ་སྣ་ཁྲག་སྣ་སྙིང་སྣས་བརྒྱན། དཀར་གསུམ་མངར་གསུམ་སྨན་སྣ་རིན་པོ་ཆེ་སྣ་ཚོགས་ཤིང་ཏོག་འབྲུ་སྣ་ཚོགས་སོགས་བཀྲམ། གྲུ་གསུམ་གྱི་རྩེ་མོ་གསུམ་ལ་རུ་དར་དམར་ནག་དང་རྨ་བྱའི་རྒྱལ་མཚན་རེ་འགོད། གྲུ་གསུམ་གྱི་ནང་དུ་ཐོད་པ་སྲོག་འཁོར་བཅས་པ་བཞག །དེ་ལའང་འབྲུ་ནག་སྣ་ཚོགས་དང་། མི་རྟ་ཁྱིའི་རུས་ཆེན་གསུམ་གྱི་ཕྱེ་མ་གོང་གི་ཤ་ཁྲག་སྣ་ཚོགས་རྣམས་ཀྱང་བླུགས། དེ་ཡི་སྟེང་དུ་སྦ་ལྕགས་དཀར་པོ་ཚིགས་གསུམ་པ་གཟུགས་ནས་དེ་ལ་བརྟེན་པའི་ཚུལ་གྱིས་དམ་ཚིག་གི་བྲིས་སྐུ་དགྲམ། དེ་ཐམས་ཅད་སྲོག་ཕུར་ལ་རྒྱབ་བརྟེན། སྟེང་དུ་གདུགས་དང་ཁྱུང་ཚང་ལྕགས་མཁར་དཔལ་བེའུ་རྣམས་གཡུལ་མདོས་ལྟར་དཀྲ། དེ་ཙམ་མི་ལྕོག་ན་དཔལ་བེའུ་རྐྱང་པས་ཀྱང་རུང་། གང་ལྟར་དེའི་རྩེར་རྨ་བྱའི་སྒྲོ་ཕུད་དར་སྣས་བརྒྱན་པ། དར་ལེ་རྒན་དང་། དར་མཐིང་ནག་གི་གདུགས་བཅས་གོ་རིམ་མ་འཆོར་བར་བཙུགས། ཞིང་ལྤགས་ཀྱི་ཡོལ་བས་བྲིས། ལོག་ཤིག་ཏུ་ཡི་དམ་གང་ལ་བརྟན་པའི་མཆོད་གཏོར། ཆོས་སྐྱོང་ལྕམ་དྲལ་དང་། འཁྲུགས་སྐོང་གཏོར་མ། སྨན་རཀྟ། ཐུན་གཏོར་དང་ཞི་དྲུག་གི་མཆོད་པ། ཆང་ཕུད་དང་ཁྲག་སྐྱེམས་བཤམས། རྒྱུད་ལས། ཚེ་ཡི་དཀྱིལ་འཁོར་བཞེངས་བྱས་ལ༔ སྐབས་སུ་ཚེ་ཡི་སྙིང་པོ་བགྲང་༔ ཞེས་དང་། གནད་ཡིག་ལས་ཀྱང་། ཚེ་སྲོག་བདག་མོ་ཡིན་པས་ན༔ ཞེས་གསུངས་པས། ཡི་དམ་གྱི་གཏོར་མའི་ཉེ་ལོག་སུ། ཚེ་ཡི་འབྲང་རྒྱས་དང་། ཚེ་རིལ་ཆང་རྣམས་ཀྱང་བཤམས། བསྙེན་པ་རྐྱང་པ་ལས་སྒྲུབ་པ་མ་འབྲེལ་ན་དམ་ཚིག་གི་བྲིས་སྐུ་དང་། རྟེན་གཏོར་མཆོད་གཏོར་སོགས་བཤམས་ནས་བྲིས་སྐུ་རྟེན་མགོར་ལྷར་བསྐྱེད་པས་ཆོག །སྒྲུབ་པ་པོའི་མདུན་དུ། ནང་མཆོད། རྡོར་དྲིལ། ཐོད་རྔ་སོགས་བསྒྲིགས། རྒྱལ་ཆེན་ཐོ་འཛུགས་ཀྱི་དཀར་གཏོར་བཞི་དང་། གཞི་བགེགས་གཏོར་མ་གསེར་སྐྱེམས་སོགས་ཀྱང་འདུ་བྱ། སྒྲུབ་པ་ལ་འཇུག་པའི་གོང་དུ། ཆུ་གཏོར་བསྔོ་བ། སཱཙྪ་འདེབས་པ། མདོ་བཀླག་པ་སོགས་ཕྱི་བཤགས་ཅི་འགྲུབ་བྱའོ། །གཉིས་པ་བསྙེན་སྒྲུབ་དངོས་ལ། དང་པོ་ནི། དགོང་ཐུན་ནས་དབུ་རྩམ་ཏེ་ཐོག་མར་སྔོན་གཏོར་དཀར་དམར་གཉིས་སྙིང་ཐིག་རང་གཞུང་ལྟར་རྒྱས་པར་བཏང་སྒོ་ཡི་ཕྱི་རོལ་དུ་རྒྱལ་ཆེན་ཐོ་འཛུགས་བྱས་ཏེ་ནང་དུ་ལོག །མཚམས་བཅད། སྲུང་འཁོར་བརྟན་པོར་བསྒོམ། འདི་ཡན་རྒྱུན་གྱི་སྡོད་གནས་དེ་ལས་ཟུར་ཞིག་ཏུ་བྱ། དེ་ནས་སྟན་ནང་ཚང་ཅན་ལ་འཁོད་དེ་སྔོན་འགྲོ་བརྒྱུད་པའི་གསོལ་འདེབས་རྣམས་རྒྱས་བསྡུས་ཇི་ལྟར་རིགས་པར་བཏང་ནས། གསང་རྒྱུད་ལས། རྒྱབ་ནས་འཇམ་དཔལ་ཕུར་ལ་བརྟེན༔ ཡང་ན་ཆེ་མཆོག་དེ་བཞིན་ནོ༔ ཞེས་གསུང་པས། གཤིན་རྗེ་ཕུང་པ་དཔལ་འདུས་ཡང་དག་གང་རུང་བསྙེན་པ་སྔོན་དུ་སོང་ཟིན་པ་ཞིག་ལ་བརྟེན་པ་གལ་ཆེ་བས། དེ་ཡི་ལས་བྱང་རྒྱས་བསྡུས་གང་རུང་གི་བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་གྲུབ་ནས། མཆོད་གཏོར་རྣམས་གུ་གུལ་གྱིས་བདུག །ཆུ་ཆང་ནང་གསུམ་གྱི་བྲན། མཆོད་གཏོར་བྱིན་རླབས་མ་མགོན་རང་གཞུང་ལྟར་དང་། མདུན་རྟེན་མ་མགོན་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་ལ། སྤྱན་འདྲེན་མཆོད་བསྐང་། བསྟོད་པ་བཅས་རྫོགས་པར་བཏང་། བསྙེན་པའི་བཟླས་པ་ལ་འཇུག་པའི་ཐོག་མར་ཕྲེང་བ་བྱིན་རླབས་བསྙེན་ཡིག་སྤྱི་འགྲེ་ལྟར་བྱས་ལ། ཐོག་མར་བཤགས་བཟླས་ཀྱི་དམིགས་པ་བསྡུས་པ་ནི། ཆོས་སྐྱོང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡབ་ཡུམ་བསྒོམ་ལ་བདུད་རྩི་འབེབས་སྦྱོང་གིས་ཆོས་སྐྱོང་ལྕམ་དྲལ་གྱི་སྐུ་ཡི་ནང་ཐམས་ཅད་གང་བས་དམ་ཚིག་ཉམས་ཆགས་ཉེས་ལྟུང་གིས་ཆོས་སྐྱོང་མ་མཉེས་ཤིང་འཁྲུགས་པ་དང་གྲིབ་ཀྱིས་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་མོས་པ་དང་། ཡང་ཆོས་སྐྱོང་ལྕམ་དྲལ་ཤིན་ཏུ་དགྱེས་པས་སྐུ་ལས་འོད་ཟེར་བདུད་རྩིའི་རང་བཞིན་དཀར་པོ་དང་། བླ་མ་རྡོ་རྗེ་སེམས་དཔའི་སྐུ་ལས་ཀྱང་འོད་ཟེར་བདུད་རྩིའི་རྒྱུན་བྱུང་བ་བདག་ཅག་ཡོན་མཆོད་སྣོད་བཅུད་དང་བཅས་པ་ལ་ཕོག་པས། དམ་ཚིག་ཉམས་ཆགས་མ་མོ་མཁའ་འགྲོ་འཁྲུགས་པའི་རྒྱུ་སོགས་བྱང་ཞིང་དག་པར་བསམ་ལ་ཧེ་རུ་ཀའི་ཡིག་བརྒྱ་བརྒྱ་རྩའམ་ཉེར་གཅིག་སོགས་ཅི་རིགས་བཟླ། བཤགས་བཟླས་འདི་ཐུན་རྗེས་མ་རྣམས་ལ་མ་གྲུབ་ཀྱང་རུང་། བཟླས་དམིགས་དངོས་ནི། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲཀཱ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་མཐིང་ནག་གཡོན་བསྐོར་དུ་འཁོར་བར་བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕོག་པས་ཐུགས་རྒྱུད་རབ་ཏུ་བསྐུལ་ནས་ཆོས་སྐྱོང་གི་ཐུགས་སྲོག་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་སྟེ་མ་མོའི་པདྨ་ནས་ཐོན། བདག་ཉིད་ཡི་དམ་གྱི་སྦྱོར་མཚམས་ནས་ཞུགས། ཡབ་ཀྱི་རྡོ་རྗེ་ནས་བརྒྱུད་དེ་ཐུགས་སྲོག་ཧཱུྃ་ཡིན་ན་དེའི་ཞབས་དཀྱུ་ལ་ཐིམ་པས་སྲོག་དབང་དུ་འདུས་ཞིང་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོག་མེད་དུ་སྒྲུབ་པར་གྱུར། དེ་དང་མཉམ་དུ་སྦྱོར་སྒྲོལ་གྱི་གིང་ཆེན་གཉིས་སོགས་འཁོར་རྣམས་ཀྱིས་སྲོག་ཡིག་ཀྱང་བླངས་སྟེ་རང་ཉིད་ཡི་དམ་གྱི་ཐུགས་སྲོག་ལ་བསྡུ་བསྟིམ་བྱ་བར་མོས་ལ། གོང་གནོན་ཡི་དམ་གྱི་བཟླས་པ་བརྒྱ་རྩ་ཙམ་སྔོན་དུ་འགྲོ་བས། ཏྲཀཱ་རཀྴ་རུ་ཏྲ་མུཿརུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿརག་མོ་ཏེ་ཀེཾ་ཙ་ཙཿརུ་ལུ་རུ་ལུ་མ་ཧིཾ་བྷྱོཿམ་ཧཱ་ཀཱ་ལ་ཤ་ས་ན་ཧཱུྃཿབཛྲ་སཱ་དྷུ་ཏྲིཿཞེས་ཐུན་རེ་ལ་ཅི་ནུས་བཟླས་མཐར། དབྱངས་གསལ། རྟེན་སྙིང་། ཡིག་བརྒྱ་རྣམས་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་བསྐང་། ཧཱུྃ། དངོས་སུ་འབྱོར་བའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། དྲག་ཤུལ་རྡོ་རྗེའི་ལང་ཚོ་འབར་བའི་སྐུ། །མི་ཤིག་བརྗོད་བྲལ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད། དེ་ནས་ཕུད་མཆོད་དང་། འཁྲུགས་སྐོང་། མདོས་སྐོང་སྲིད་པ་གཞིར་བཞེངས། མངའ་གསོལ་སོགས་རྒྱས་བསྡུས་སྐབས་དང་བསྟུན། དེ་ཡང་རྒྱས་པར་ནི། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་མཛད་པའི་ཚོགས་མཆོད་ལ། བསྐང་བ་སྦྱར་གྲུབ་ན་ཤིན་ཏུ་ལེགས། ཚོགས་ཀྱི་མགོར་བརྗོད་མེད་དོན་བཤགས་གསུང་། ཚོགས་འདོན་མིན་གང་ཡིན་ཀྱང་། གཏོར་འགུགས་དང་། གཏོར་སྔགས་ལན་གསུམ་རེས་ཐུན་གཏོར་བསྔོས་ལ། སུམ་ཅུ་རྩ་གསུམ་མས་གཏོར་མ་ཕྱི་རོལ་དུ་འབུལ། ཆད་བརྟན་རྒྱུན་དུ་མ་ལྕོགས་ཀྱང་རུང་ཞིང་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན་ཤིས་བརྗོད་རྣམས་མ་མགོན་ཚོགས་མཆོད་ནས་འབྱུང་བ་ལྟར་བྱ། དེའང་སྲོད་ཐུན་ལ་ཚོགས་མཆོད། བསྐང་བ། ཐུན་གཏོར་འབུལ་བ་རྣམས་རྒྱས་པ་དང་། ཐུན་གཞན་གསུམ་ལ་བཟླས་པའི་མཐར། སྟོང་ཚིག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན་ཤིས་བརྗོད་བྱས་པས་སྟབས་བདེའོ། །དེ་ལྟ་བུའི་ཐུན་བཞིར་བཅད་དེ་བསྙེན་པ་འབུམ་ཕྲག་གསུམ་མམ་བདུན་དུ་བཟླ། གཉིས་པ་སྒྲུབ་པ་ནི། གཞན་སྔར་ལྟར་ལ། བསྐྱེད་ཆོག་སྐབས། སྣ་ཚོགས་རོ་ཡི་གདན་ལ་རང་གི་རིག་པ་ཡེ་ཤེས་ཆེན་པོའི་ངོ་བོ་ཏྲཀཱ་ཡིག་ཏུ་གྱུར་པ་མདུན་གྱི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་བབས་པ་ལས། འབར་བ་ཆེན་པོའི་འོད་ཟེར་འཕྲོས་པས་རྒྱུད་གསུམ་གྱི་དྲེགས་པ་ཐམས་ཅད་བསྡུས་ཏེ་ཏྲཀཱ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དཔལ་སྔགས་ཀྱི་བདག་མོ་སོགས་མན་གཞུང་ལྟར་རོ། །དེ་ཡང་གསང་རྒྱུད་མདོས་ཀྱི་ལེའུ་ལས། ཕྲིན་ལས་རྣམ་བཞིའི་མཎྜལ་ལ༔ བྷནྡྷ་འབར་བའི་གཞལ་ཡས་སུ༔ རང་གི་ཡེ་ཤེས་ཆེན་པོ་ལས༔ ཡི་གེ་ཏྲཀཱ་ཏུ་འཕྲོས་པ་ཡི༔ ཏྲཀཱ་ལས་མ་མོ་གསལ་བསྒོམ་སྟེ༔ འཁོར་རི་ནག་མོ་འབུམ་དང་བཅས༔ ཏིང་འཛིན་བརྟན་པོས་མ་ཡེངས་བསྒོམ༔ ཞེས་འབྱུང་བས་སོ། །དེ་ནས་བསྙེན་པའི་བཟླས་པ་གོང་ལྟར་བསྡུས་ཙམ་བཏང་རྗེས། སྒྲུབ་པའི་སྐབས་ཀྱི་བཟླས་དམིགས་ལ། རང་ཡི་དམ་དུ་གསལ་བའི་ལྟེ་བར་ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་དབུས་པད་ཉི་རོ་གདན་ལ་དཔལ་སྔགས་ཀྱི་སྲུང་མ་དང་། གཡས་གཡོན་སྦྱོར་སྒྲོལ་གིང་ཆེན་གཉིས་ལས་དམ་ཅན་ལ་ཞོན་པ་མེད་པ་བཅས་གསལ་བ་དང་། རང་ཡི་དམ་གྱི་ཐུགས་ཀའི་འོད་ཟེར་ཆོས་སྐྱོང་ལྕམ་དྲལ་རྣམས་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཕོག །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད། གསང་གསུམ་བྱིན་རླབས་མཐུ་དབང་ཐམས་ཅད་འོད་ཟེར་སྣ་ཚོགས་པའི་རྣམ་པས་གཙོ་མོའི་ཐུགས་ཀར་ཐིམ། འོད་དེས་དྲེགས་པ་སྤྱི་དགོས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་སྲོག་ཡིག་འོད་འབར་བའི་རྣམ་པས་ཆུང་ནས་ཚེ་རིམ་ལྟར་ཕུལ་ཏེ། མཐར་གཙོ་མོའི་ཐུགས་ཀར་ཐིམ་པས་གཟི་བྱིན་ཇེ་ཆེར་སོང་། གཙོ་མོའི་ཐུགས་སྲོག་ལས་འོད་མཐིང་ནག་ལ་དམར་མདངས་ཅུང་ཡོད་པ་བ་ཐག་བསྐྱངས་པ་ལྟར་བྱུང་བ། རང་ཡི་དམ་དུ་གསལ་བའི་སྦྱོར་མཚམས་ནས་བརྒྱུད་སྔགས་ཀྱི་འོད་ཟེར་གྱིས་ཡི་དམ་གང་ཡིན་དེའི་ཡུམ་གྱི་བྱིན་ནུས་ཀྱང་བསྡུ་བར་དམིགས་དགོས། ལྟེ་བའི་ཁྲོས་མའི་བྷ་ག་ནས་ཞུགས། ཞལ་ནས་ཐོན། ཡི་དམ་གྱི་སྐུའི་དབྱིངས་བརྒྱུད་ཐུགས་སྲོག་ཧཱུྃ་ལ་གཡས་བསྐོར་གཅིག་བྱས་ཏེ་ཡབ་ཀྱི་ཞལ་ནས་ཐོན། མདུན་གྱི་ཆོས་སྐྱོང་གི་ཞལ་དུ་ཞུགས་སྐུ་ཡི་དབྱིབས་བརྒྱུད་པདྨ་ནས་ཐོན། རང་གི་ཡི་དམ་གྱི་སྦྱོར་མཚམས་ནས་ཞུགས་པ་དེ་ལྟར་སྔགས་ཕྲེང་བར་མ་ཆད་དུ་འཁོར་བའི་འོད་ཟེར་སྤྲོ་བསྡུས་བྱིན་བསྡུ་སོགས་བཤད་མ་ཐེག་པ་ལྟར་བྱས་ལ་ཏྲཀཱ་རཀྴ་བཟླ། ཐུན་མཐར་སྔགས་ཕྲེང་ཚུར་བསྡུ་བའི་མཐར་རང་གི་ལྟེ་བར་བཞུགས་པའི་ཆོས་སྐྱོང་གི་འཁོར་རྣམ་གཉིས་ཁྲོས་མར་ཐིམ། ཁྲོས་མ་ཏྲཀཱ་ཡིག་མཐིང་ནག་ཏུ་གྱུར་པའི་ངང་ལ་འཁོར་འདས་ཀྱི་སྟོང་སྲོག་གཅིག་ཏུ་དྲིལ་པའི་བྱང་ཆུབ་ཀྱི་སེམས་རིག་སྟོང་བདེ་བ་ཆེན་པོའི་ངང་དུ་བཞག་པས་དྲེགས་པའི་སྲོག་དབང་དུ་འདུས་ཏེ། ཅི་བཅོལ་བའི་ལས་སྒྲུབ་པར་བསམ་མོ། །གལ་ཏེ་མ་འཆུན་ན་རང་ཡི་དམ་གྱི་སྐུ་ཆེ་ཞིང་ཆོས་སྐྱོངས་རྣམས་ཆུང་ངུར་བསྒོམ་ལ། མེ་དང་མར་བཞིན་བདག་གིས་ཆོས་སྐྱོང་ལྕམ་དྲལ་རྣམས་རང་དབང་མེད་པར་ཟིལ་གྱིས་གནོན་པར་བསམ་ལ། ཡི་དམ་སྔགས་ཤམས་ལ་བཏགས་ཏེ་བརྒྱ་རྩ་རེ་ཙམ་བཟླ། འདི་གལ་ཆེ་ན་མ་གཏོགས་རྒྱུན་དུ་མི་བྱ། སྒྲུབ་པའི་སྐབས་འདིར་ཚོགས་མཆོད། བསྐང་བ། ཕུད་མཆོད་སོགས་སྤྲོ་ན་ཐུན་བཞི་ཀར་བྱ་བའམ། ཐུན་གཉིས་ལ་རྒྱས་པ་རེ་བྱ། མ་མོ་འདི་ཚེ་སྲོག་གི་བདག་མོ་ཡིན་པས། ཚེ་སྒྲུབ་ཀྱང་བྱ་བར་གསུངས་པས། སྒྲུབ་པ་རྫོགས་ཉེའི་ཞག་གསུམ་ཙམ་ལ་ཏྲཀཱ་རཀྵའི་སྔགས་འཇུག་ལ། ཨོཾ་ནྲྀ་བྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུཿཥེ་ཧཱུྃ་ཨཱཿ ཞེས་བཏགས་པ་ཡང་བརྒྱ་རྩ་སོགས་སྐབས་བསྟུན་བྱ། དེའི་སྐབས་སུ་དམིགས་པ་ནི། རང་ཡི་དམ་གྱི་ཐུགས་སྲོག་གི་ཁོག་པར་ནྲྀ་དམར་ལྗང་གསལ། རང་གི་ཐུགས་ཀའི་འོད་ཀྱིས་ཆོས་སྐྱོང་ལ་ཕོགས་པས་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། འཁོར་འདས་ཐམས་ཅད་ལ་ཁྱབ་པས་འོད་དུ་ཞུ་ཞིང་བསྐུལ། རང་གི་བླ་ཚེ་ཉམས་འཁྱར་འཕྲོག་པ་རང་། འཁོར་འདས་ཀྱི་ཚེ་དང་དྭངས་བཅུད་ཐམས་ཅད་འོད་ཟེར་བདུད་རྩིའི་རང་བཞིན་ཨཱཿ ཡིག་མདོག་ལྗང་དམར་འོད་ཅན་ནམ་དཀར་པོ་དང་། ཐིག་ལེ་ཁ་དོག་སྣ་ལྔའི་རྣམ་པར་བསྡུས། རང་གི་ཐུགས་ཀའི་ནྲྀ་དང་ཚེ་ཡི་རྟེན་རྫས་ལ་ཐིམ་པས་གཟི་བརྗིད་འབར། གཉུག་མའི་སྲོག་དང་གཉིས་སུ་མེད་པར་ལྟ་བས་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་འགྲུབ་པར་བསམ་མོ། །དེ་ལྟར་སྒྲུབ་པ་ལ། བསྙེན་པ་འབུམ་ཕྲག་གཅིག་གམ། གསུམ་སོགས་བཟླ། དེ་ལྟར་བསྙེན་སྒྲུབ་བྱས་པས་གྲུབ་པའི་རྟགས་ནི། གནད་ཡིག་ལས། གྲུབ་རྟགས་མོན་ངར་བལ་མོ་དང་༔ རྨ་བྱ་ལུག་ནག་བྱ་ནག་ཁྱི༔ འབྲི་གཡག་རུ་མཚོན་ནག་པོ་མཐོང་༔ ཞེས་པ་ལྟར། དངོས་ཉམས་རྨི་ལམ་དུ་གྲུབ་པའི་རྟགས་མཚན་བརྟན་པོར་བྱུང་བ་ན། གསུམ་པ་ལས་སྦྱོར་ནི། འདིའི་ལས་ཀྱི་གཙོ་བོ་མངོན་སྤྱོད་ཀྱི་ལས་ཡིན་པས། དྲག་པོའི་ལས་སྦྱོར་རྒྱས་པར་བྱ་བའི་ཚུར་རྭ་སྟོན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་འམ། སྟོབས་ལྡན་ཟིལ་གནོན་གྱི་གསུང་ལྟར་བྱ་དགོས། འདིར་བསྙེན་སྒྲུབ་ལས་གསུམ་གྱིས་ས་ཁོངས་འཛིན་བྱེད་དུ་སྒྲུབ་པ་རྫོགས་ནས། རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་ཆོས་སྐྱོང་ལྕམ་དྲལ་སྐུ་མདོག་དཀར་པོ་ཞི་འཛུམ་ཅན་དང་། འོད་ཟེར་ཟླ་བའི་མདངས་ལྟར་གསལ་བས་སྣོད་བཅུད་ཐམས་ཅད་ཁྱབ། མ་མོ་འཁྲུགས་པ་ལས་བྱུང་བའི་ནད་མཚོན་མུ་གེའི་གནོད་པ་ཞི་བར་བྱས། འོད་ཟེར་བདུད་རྩི་དཀར་པོའི་རྣམ་པས་ཚུར་འདུས། རང་ལུས་གང་བས་སྣང་སྲིད་ཐམས་ཅད་ཡེ་ཤེས་བདུད་རྩི་དཀར་པོས་ཁྱབ་པས་ཞི་བའི་ཕྲིན་ལས་མཐར་ཕྱིན་པར་བསམས་ལ་གནད་ཡིག་གི་འཁོར་ལོར་བཀོད་པའི་ཞི་བའི་སྔགས་བཟླ། རྒྱས་པར་སྐུ་མདོག་སེར་པོ་སྒེག་ཅིང་འཛུམ་པའི་ཉམས་ཅན། འོད་ཟེར་སེར་པོས་ཁྱབ། སྣོད་བཅུད་བཀྲག་མདངས་ལྡན་པར་བྱས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བཀྲ་ཤིས་པའི་རྫས་སྣ་ཚོགས་ཀྱི་རྣམ་པར་བསྡུས། རང་དང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཡེ་ཤེས་ཀྱི་འོད་ཟེར་གསེར་མདངས་སྣུམ་འོད་འབར་བས་ཁྱབ། རྒྱས་པའི་ཕྲིན་ལས་མཐར་ཕྱིན་པར་བསམ་ལ་རྒྱས་པའི་སྔགས་བཟླ། དབང་ལ་ཆོས་སྐྱོང་རྣམས་སྐུ་མདོག་དམར་པོ་ཆགས་པའི་ཉམས་ལྡན། འོད་དམར་བོས་སྣང་སྲིད་བདེ་བ་ཆེན་པོའི་ངང་དུ་དམར་ལམ་གྱིས་ཞུ་བ་བདེ་བའི་རང་སྒྲ་དང་བཅས། དྭངས་བཅུད་ཐམས་ཅད་རང་ལ་ཐིམ་ཞིང་རོ་མཉམ་གཉུག་མའི་ངང་དུ་དབྱེར་མེད་པར་བསམ་ལ་དབང་གི་སྔགས་བཟླ། དྲག་པོ་ལ་ཆོས་སྐྱོང་རྣམས་ཤིན་ཏུ་ཁྲོས་པའི་ཉམས་ཅན་སྐུ་མདོག་ནག་པོ། འོད་ཟེར་མཐིང་ནག་ཁྲོ་ཆུང་མེ་མཚོན་དང་། དྲག་སྔགས་ཀྱི་རང་སྒྲ་འབྲུག་གི་སྒྲ་ལྟར་སྒྲོགས་པ་དང་བཅས་གནོད་བྱེད་དགྲ་བགེགས་རྣམས་རྗེས་མེད་དུ་བརླག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར། ཚེ་བསོད་རང་ལ་ཐིམ་པར་བསམ་ལ་དྲག་པོའི་སྔགས་བཟླ། དེ་རྣམས་དུས་གནད་དང་སྦྱར་ཏེ། ཐོ་རངས་ནས་ཉི་ཤར་རྒྱབ་བར་ཞི་བ། ཉི་དྲོས་རྒྱས་པ། དགོང་མོ་དབང་། སྲོད་ལ་དྲག་པོའི་སྔགས་བཟླ། དེ་ལྟ་བུ་ཉིན་གཅིག་གམ་གསུམ་བྱས་ནས་སོང་གྲོལ་རྒྱུའི་དོ་དགོང་ནས་མཆོད་གཏོར་རྣམས་རྒྱས་པར་གསོ། སྟེགས་བུ་ཁེབས་ལྡན་གྱི་ཁར་དངོས་གྲུབ་ཀྱི་འབྲང་རྒྱས་དང་། བཟའ་བཅའ་བཏུང་བ་སྣ་ཚོགས་དང་། བདུད་རྩི་སྦྱར་བའི་ཆང་དང་། རཀྟ་སྦྱར་བའི་ཁྲག་ཆེན་རྣམས་མེད་དུ་མི་རུང་ལ། ནང་པར་སྔ་བར་བསྙེན་སྒྲུབ་ཀྱི་བཟླས་པ། མཆོད་བསྟོད། ཚོགས་བསྐང་བ་རྣམས་རྒྱས་པར་བྱས་ནས། བརྗོད་མེད་དོན་བཤགས་ཚར་གཅིག་དང་། དཔལ་ཆེན་སྒྲུབ་ཁོག་གི་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་བྱ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་རྗེས་སུ་ཆགས་པ་ཆེན་པོས་འོད་ཟེར་འཕྲོས་པས་འཁོར་འདས་བརྟན་གཡོའི་བྱིན་བརླབས་དྭངས་བཅུད་ནུས་མཐུ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ནས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་མོས་ལ་ཏྲཀཱ་རཀྴའི་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿབཏགས་པ་སུམ་བརྒྱ་བཟླས་མཐར། ཚོགས་མཆོད་ནས་འབྱུང་བ་ལྟར་གྱིིས་དངོས་གྲུབ་བསྐུལ་ཞིང་རྟེན་རྣམས་གནས་གསུམ་དུ་གཏུག་ཅིང་། མཐར་དངོས་གྲུབ་ཀྱི་རྫས་ལ་རོལ། ནོངས་བཤགས་སོགས་ཚོགས་མཆོད་ནས་འབྱུང་བ་ལྟར་བྱའོ། །སྒྲུབ་པ་མེད་པའི་བསྙེན་རྐྱང་ལ་བསྙེན་པའི་བཟླས་གྲངས་ཐིམ་པ་དང་། དངོས་གྲུབ་བླངས་དེ་ལྟར་ལྕམ་དྲལ་སྦགས་སྒྲུབ་ཀྱི་བསྙེན་སྒྲུབ་འདི་ཤིན་ཏུ་གཉན་པས་དམ་ཚིག་ལ་ལྷག་པར་གཅེས་སྤྲས་དང་། གྲིབ་གདོན་རིགས་ལ་འཛེམ། རྣམ་སྨེའི་ཁྲུས་སྒྲུབ་པའི་ཆུས་ཁྲུས་བྱ། དམིགས་འོག་ཏུ་མ་བཅུག་པའི་མི་ནག་སྐྱེ་བོ་ཕོ་མོ་དང་འཕྲད་པ་སོགས་སྤངས། དམ་ཉམས་འཁོན་སེལ་གྱི་རིགས་ལ་འཛེམ། གཞན་གྱིས་ཕྱེ་ཕུད་བསྲེ་བ་སོགས་སྤངས། ཆོས་སྐྱོང་གི་བསྙེན་པ་ཡིན་མི་ཟེ་བ་གཞན་དུ་ཁ་སྤོ། བཅའ་ཀ་གསར་པ་སྒྲུབ་ཁང་དེ་མིན་པ་ཞིག་ཏུ་བླངས། སྔགས་ཀྱི་ནུས་པ་ལ་གནོད་པའི་རིགས་ཐམས་ཅད་སྤངས་བ་སོགས་བསྙེན་ཡིག་སྤྱི་འགྲེ་ལྟར་ཤེས་དགོས་ཤིང་། དངོས་གྲུབ་ཀྱི་རྫས་སོགས་ཕྱི་མི་དང་ཉམས་ཆགས་ཅན་ལ་མི་སྦྱིན་པ་སོགས་གསང་བ་སྤྱི་ལྟར་བྱའོ། །རྒྱལ་ཆེན་ལ་གཏོར་མ་ཕུལ་ཏེ་ཐོ་འགྲོལ་ཞིང་རིམ་གྱིས་མཚམས་གྲོལ། མདོས་ནི་རྟེན་མདོས་སུ་འཇོག་དགོས་པ་ཡིན་ནོ། །དེ་རྣམས་ནི་ཕྱི་ལྟར་སྒྲུབ་པ་དང་། ནང་ལྟར་སྒྲུབ་པ་ནི། གསང་རྒྱུད་ལས། རང་བྱུང་རྒྱལ་མོས་བཀའ་སྩལ་པཿའཁོར་བའི་རོ་སྙམ་ལུང་པ་རུཿབྱང་ཆུབ་སེམས་ཀྱི་ཆུ་བོ་བབཿརྣམ་རྟོག་མེ་ཆེན་འབར་བ་ལཿཡེ་ཤེས་ཆེན་པོའི་ཆུ་བོ་དབབཿདུག་ལྔའི་འབྲས་བུ་སྨིན་པ་ལཿཡེ་ཤེས་ལྔ་ཡི་སེར་བ་དབབཿདགུ་གསུམ་ལོ་མ་རྒྱས་པ་ལཿསྐུ་གསུང་ཐུགས་ཀྱི་ཐོག་སེར་དབབཿགཟུང་འཛིན་འཚུབས་མ་ལྡང་བ་ལཿཏིང་འཛིན་རྟེན་པའི་ཐབས་ཀྱིས་མནནཿཡུམ་གྱི་པདྨ་བྷ་ག་རུཿབྱང་ཆུབ་སེམས་ཀྱི་ཆུ་བོ་དབབཿཆོས་ཀྱི་དབྱིངས་ཀྱི་ད་ལ་རུཿརིག་པ་ཡེ་ཤེས་ཆུ་བོ་དབབཿམཁའ་དབྱིངས་བདེ་ཆེན་ཀློང་ཡངས་སུཿཤེས་རབ་ཏིང་འཛིན་ཆུ་བོ་དབབཿམ་མོ་མཁའ་འགྲོ་ཕྱོགས་ཆད་ལཿསྙིང་པོ་བྱང་ཆུབ་ཆུ་བོ་དབབཿའབབ་ཏུ་མེད་དེ་ཡེ་འབབ་ཡིནཿདེ་ལྟར་འབབ་པ་བསྟན་པ་ནིཿབྱང་ཆུབ་སེམས་ཀྱི་ཆུ་ཆེན་དེཿམ་མོ་མཁའ་འགྲོའི་དབབ་བཅད་ཡིནཿཞེས་གསུང་ཞིང་། གསང་བ་དང་ཡང་གསང་དེ་ཁོ་ན་ཉིད་ཀྱི་བསྒོམ་སྒྲུབ་ནི། རྒྱུད་དེ་ཉིད་ལས། རང་བྱུང་རྒྱལ་མོས་བཀའ་སྩལ་པཿསྣང་སྲིད་ཐམས་ཅད་མ་མོར་སྒོམསཿམ་མོ་བྱང་ཆུབ་སེམས་སུ་སྒོམསཿཐམས་ཅད་འབྱུང་བ་ལྔ་རུ་སྒོམསཿའབྱུང་བ་ལྔ་ཉིད་ནམ་མཁར་སྒོམསཿཕྱི་ནང་སྣོད་བཅུད་ཆོས་རྣམས་ཀུནཿཆོས་ཉིད་བྱང་ཆུབ་སེམས་སུ་སྒོམསཿདབྱིངས་དང་ཡེ་ཤེས་གཉིས་མེད་ནཿདེ་ཡང་མ་མོ་སྒོམ་པ་ཡིནཿཐབས་དང་ཤེས་རབ་གཉིས་མེད་ནཿདེ་ཡང་མ་མོ་སྒོམ་པ་ཡིནཿའཁོར་བ་མྱ་ངན་མེད་པ་ནཿདེ་ཡང་མ་མོ་སྒོམ་པ་ཡིནཿསེམས་ཅན་སངས་རྒྱས་གཉིས་མེད་ནཿདེ་ཡང་མ་མོ་སྒོམ་པ་ཡིནཿབདེ་དང་སྡུག་བསྔལ་གཉིས་མེད་ནཿདེ་ཡང་མ་མོ་སྒོམ་པ་ཡིནཿཤེས་རབ་ཏིང་འཛིན་གཉིས་མེད་ནཿདེ་ཡང་མ་མོ་སྒོམ་པ་ཡིནཿལྟ་བ་སྤྱོད་པ་གཉིས་མེད་ནཿདེ་ཡང་མ་མོ་སྒོམ་པ་ཡིནཿཕྱི་ནང་སྣོད་བཅུད་གཉིས་མེད་ནཿདེ་ཡང་མ་མོ་སྒོམ་པ་ཡིན། མ་མོ་སེམས་སུ་གཉིས་མེད་ནཿསྒོམ་པ་མེད་པའི་སྒོམ་པ་ཡིནཿཞེས་སོགས་ཀྱི་རྒྱུ་དོན་རིག་འཛིན་བརྒྱུད་པའི་ཞལ་ཤེས་མན་ངག་གིས་བཀྲལ་ཏེ། ཉམས་སུ་བླང་བས་སྣང་སྲིད་ཐམས་ཅད་སྲིད་པ་མ་མོའི་དཀྱིལ་འཁོར་རང་བྱུང་མངོན་རྫོགས་རྒྱལ་མོའི་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་ཀློང་དུ་དབྱིངས་ཡེ་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོར་མངོན་པར་བྱང་ཆུབ་པ་ནི་ངེས་པའོ། །སླར་སྨྲས་པ། ཟབ་ཅིང་རྒྱ་ཆེའི་ཆོས་སྐྱོང་རྣམ་མང་ཡང་། །གནད་ལས་གནད་དུ་དྲིལ་བ་འདི་ཁོ་ན། །ཁྲོས་མ་ནག་མོའི་གསང་བའི་རྒྱུད་ཆེན་པོའི། །དངོས་བསྟན་མ་སྦས་གསལ་བར་སྟོན་པ་འདི། །རིག་འཛིན་རྣལ་འབྱོར་ཡོངས་ཀྱི་སྙིང་ཏིག་ཡིན། །བསྟན་དགྲ་འཇོམས་པའི་ཚོན་ཆ་འདི་རྨད་བྱུང་། །དེ་ཡི་གསལ་བྱེད་གནད་ཀྱི་ཡིག་ཆུང་ལ། །རྒྱུད་དང་རིག་འཛིན་བླ་མའི་ཞལ་ལུང་བསྡེབས། །འདི་བྲིས་དགེ་བས་སྔ་འགྱུར་རྫོགས་པ་ཆེའི། །རིང་ལུགས་ཉིན་མོར་བྱེད་པའི་དཔལ་ཐོབ་ནས། །བསྟན་ལ་འཁུ་བའི་ཡིད་སྲུབ་དཔུང་བཅས་རྣམས། །མིང་ཙམ་མེད་པར་རྡུལ་དུ་བརླག་གྱུར་ཅིག །ཅེས་པའང་མཁས་བཙུན་བཟང་པོའི་དཔལ་མངའ་གྲུ་སྲས་འཇིགས་མེད་རྡོ་རྗེ་དང་། སྒྲུབ་བརྩོན་རྟོགས་ལྡན་བླ་མ་ཨ་འཚོགས་ཟུང་གིས་ནན་ཏན་ཆེན་པོའི་གསུང་བསྐུལ་ངོར་༧འཇམ་དབྱངས་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་མིང་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ལྕགས་སྦྲུལ་དབོ་ཟླའི་ཚེས་བཅུ་གསུམ་ལ་སྨྲས་པའི་ཡི་གེ་པ་ནི་གླིང་ར་རི་སྤྲུལ་སྐུ་ངག་དབང་རྣམ་གྲོལ་གྱི་བགྱིས་པ་འདིས་ཀྱང་། རྒྱལ་བསྟན་སྤྱི་དང་། ཁྱད་པར་རྒྱལ་དབང་པདྨ་ཀཱ་རའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། བསྟན་པ་རིན་པོ་ཆེར་འཁུ་ཞིང་སྡང་བའི་སེམས་ལྡན་རྣམས་རྩད་ནས་བརླག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །དཔེ་འདི་སྣོད་ལྡན་བརྒྱུད་པ་འཛིན་ངེས་ལ་སྟོན་ཞིང་སྣོད་མིན་ལ་མི་སྟོན་པའི་བཀའ་རྒྱ་ཡོད་པས་གཅེས་སྤྲས་སུ་བྱའོ།། །།

Footnotes

Other Information