སེང་ཆེན་ཡིད་བཞིན་ནོར་བུའི་གཡང་སྒྲུབ་བསམ་འཕེལ་དབང་རྒྱལ།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-040
Wylie title seng chen yid bzhin nor bu'i g.yang sgrub bsam 'phel dbang rgyal JKCL-KABUM-05-CA-040.pdf
Location chos kyi blo gros bka' 'bum
Volume 5, Text 40, Pages 571-578 (Folios 1a1 to 4b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. seng chen yid bzhin nor bu'i g.yang sgrub bsam 'phel dbang rgyal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 571-578. Bir, H.P.: Khyentse Labrang, 2012.
Genre Prosperity Rituals - gyang 'gugs
Colophon

།ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེར་ས་ཁྱི་ཟླ་བདུན་ཚེས་སྐོར་ཞིག་ལ་རྡོ་རྗེ་གླིང་དུ་མངོན་རྟོགས་ལྟར་གྱི་སྐུ་ཡི་ཉམས་བན་བུན་ཤར་བ་བཞིན་ཞག་ཤས་ནས་ཉམས་མཚར་བྲིས་པའོ། །ཁ་སྐོངས་རིགས་མི་ཕམ་གསུང་ནས་བསྣན། ཡི་དམ་རྩ་གསུམ་ཡང་ན་རྟ་མགྲིན་ལྟ་བུ་སྦྱར་ན་ལེགས་ཤས་ཆེ། །།

/ces pa'ang pad+ma ye shes rdo rjer sa khyi zla bdun tshes skor zhig la rdo rje gling du mngon rtogs ltar gyi sku yi nyams ban bun shar ba bzhin zhag shas nas nyams mtshar bris pa'o/__/kha skongs rigs mi pham gsung nas bsnan/__yi dam rtsa gsum yang na rta mgrin lta bu sbyar na legs shas che/__//

1 Texts in this Section (sde tshan or chos tshan)

[edit]
༄༅། །སེང་ཆེན་ཡིད་བཞིན་ནོར་བུའི་གཡང་སྒྲུབ་བསམ་འཕེལ་དབང་རྒྱལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སིདྷ་རཱ་ཛ་ཡེ། དགྲ་ལྷའི་རྒྱལ་པོ་སྐུ་རྗེ་སེང་ཆེན་གྱི། །སྒྲུབ་ཐབས་ནོར་བུ་དཔག་བསམ་ལྗོན་ཤིང་གི། རྒྱས་པའི་ལས་སྒྲུབ་ཟབ་པའི་མན་ངག་ནི། །ཉུང་ངུར་བཀོད་ལ་རྟག་ཏུ་དགེ་གྱུར་ཅིག །དེ་ལ་གཟའ་སྐར་རྒྱས་པའི་འཕྲོད་སྦྱོར་དུས། །གཏོར་མ་ཁང་བཟང་སུམ་བརྩེགས་ལྕགས་རི་དང་། །ནོར་བུའི་མཚན་པ་དར་གྱིས་བརྒྱན་པ་དང་། །སྐུ་གསུང་ཐུགས་རྟེན་སྲོག་འཁོར་བླ་རྡོ་དང་། །ཕྱི་ནང་གསང་བའི་མཆོད་ཚོགས་མཛེས་པར་བཤམས། །རང་ཉིད་གསང་བདག་ང་རྒྱལ་ལ་གནས་པས། །མདུན་དུ་ནོར་བུའི་བརྒྱན་པའི་གཞལ་མེད་ཁང་། །བརྗིད་ཆགས་བཀོད་ལེགས་མཛེས་པའི་ནང་དབུས་སུ། །པདྨ་འདབ་མ་སྟོང་ཕྲག་བརྡལ་བ་དང་། །ཉི་ཟླ་རབ་ཏུ་རྒྱས་པའི་གདན་གྱི་སྟེང་། །སྐུ་རྗེ་སེང་ཆེན་ཡིད་བཞིན་དབང་གི་རྒྱལ། །གསེར་མདོག་ཛམྦུ་ནཱ་དའི་མདངས་ཀྱིས་འཁྱུད། །སེང་གེ་དཀར་མོ་བསྒྱིངས་པའི་སྟེང་ན་འགྱིང་། །ཕྱག་གཡས་སྦ་ལྕག་ནོར་བུའི་རྒྱལ་མཚན་སྒྲེངས། །གཡོན་པ་དཀུར་བརྟེན་གཏེར་བུམ་ནོར་བུས་བརྒྱན། །མཆན་གཡོན་ནེའུ་ལེ་སྔོན་པོ་ནོར་བུ་སྐྱུགས། །མདུང་མོ་ཁམས་གསུམ་དགྲ་འདུལ་བ་དན་འཕྱར། །ལྷ་རྫས་དར་དང་རིན་ཆེན་རྒྱན་གྱིས་མཛེས། །རིན་ཆེན་དབུ་རྒྱན་ཟེའུ་སྲོག་ལྔ་པ་གསོལ། །དབུ་སྐྲ་ཕྱེད་བཅིངས་ལྷག་མ་སིལ་བུར་གྲོལ། །ཐོར་ཅོག་རྩེ་མོར་དབང་རྒྱལ་ཏོག་གིས་མཛེས། །འཁོར་དུ་གསང་བའི་ཡུམ་ཆེན་རྣམ་བཞི་དང་། །སྟེང་ཕྱོགས་བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །ཨོཾ་རྒྱན་བླ་མ་ནོར་ལྷ་ལ་སོགས་པ། །རྩ་བརྒྱུད་བླ་མ་མཁའ་ཀློང་འཁྱིལ་བ་སོགས། །ཡི་དམ་ལྷ་ཚོགས་རྣམ་སྲས་མདུང་དམར་ཅན། །རྟ་བདག་བརྒྱད་དང་ཞང་བློན་ལ་སོགས་དང་། །ཛཾ་ལྷ་རིགས་ལྔ་ནོར་རྒྱུན་དཔལ་ཆེན་མོ། །ཀུན་འཁྱིལ་མཆེད་གསུམ་ཚེ་རིང་མཆེད་ལྔ་དང་། །ཐང་ལྷ་སྤོམ་ར་ལ་སོགས་དཀར་ཕྱོགས་ཀྱི། །ལྷ་དང་ཀླུ་ཆེན་བརྒྱད་སོགས་གཏེར་བདག་རྣམས། །ཁྲོམ་ཚོགས་བཞིན་དུ་མངོན་སུམ་བཞུགས་པ་ཡི། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། །ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་སྤྱན་དྲངས་གྱུར། །རྔ་དང་ཆ་ལང་སིལ་ཁྲོལ་སོགས། །རོལ་མོ་སྣ་ཚོགས་ལྡིར་བ་དང་། །སྤོས་འཐུལ་སྙན་པའི་དབྱངས་ཀྱིས་བོས། །དར་གྱི་གཡབ་མོ་དང་བཅས་པས། །ཧཱུྃ་ཧྲཱིཿསྔོན་བསྐལ་མ་ཡིས་སྣ་དྲངས་ཏེ། ཧཱུྃ་ཧྲཱི། བླ་མ་སེང་ཆེན་ཡིད་བཞིན་དབང་། །ནོར་བུ་དགྲ་འདུལ་ཆེན་པོ་ནི། །དྭངས་སྨན་ཌཱ་ཀིའི་འཁོར་ཚོགས་དང་། །དཔའ་ཐུལ་དགྲ་ལྷའི་རིག་འཛིན་ཚོགས། །ནོར་ལྷ་རྒྱ་མཚོའི་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྟངས་སྟབས་ཕྱག་རྒྱ་ཁྲིགས་སེ་ཁྲིག །རྡོ་རྗེ་གར་གྱི་ཉམས་འགྱུར་བརྒྱ། །ངོ་མཚར་ཆོ་འཕྲུལ་ཆེན་པོ་ཡི། །མ་ཐོགས་མྱུར་དུ་སྤྱན་འདྲེན་ནོ། །དམ་ཚིག་རྟེན་ལ་གཉིས་མེད་ཐིམ། །དམ་ཡེ་དབྱེར་མེད་དགྱེས་པར་བཞུགས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །གུ་རུ་དྷེ་ཝཱ་ཌཱ་ཀི་ནི་སེདྷ་མ་ཎི་རཱ་ཛ་སརྦ་བ་སུ་དེ་ཝ་ས་མ་ཡ་ཛ་ཛ། ཛཿཧཱུྃ་བྃ་ཧོ། ས་མ་ཡ་ཏིཥྛ་ལྷན། སླར་ཡང་དབང་ལྷས་དབང་བསྐུར་ཞིང་། །རིགས་ཀྱི་བདག་པོས་རྒྱས་བཏབ་གྱུར། །ཕྱག་བྱ་བ་ནི། རང་ལས་སྤྲུལ་པའི་ལུས་གྲངས་མེད། །དཔག་ཡས་འགྲོ་དྲུག་སེམས་ཅན་རྣམས། །ལུས་ཀྱི་འཁྲི་ཤིང་བཟང་པོའི་རྩེར། །སོར་བཅུའི་འདབ་མའི་གོང་བུ་བཀོད། །གཅམ་བུ་མིན་པའི་གདུང་དབྱངས་དང་། །ལྷན་ཅིག་སྒོ་གསུམ་གུས་ཕྱག་འཚལ། །ན་མོ་ན་མ་མི། ཧཱུྃ། དབང་པོ་དྲུག་ལ་མཆོད་པའི་རྫས། །ལྷ་དང་མི་ཡི་གནས་རྣམས་སུ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ལས། །བྱུང་བ་དབང་འབྱོར་མཆོད་པའི་སྤྲིན། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ཉེ་བའི་རིན་ཆེན་རྣམ་བདུན་དང་། །གཞལ་མེད་ཁང་བཟང་སྐྱེད་ཚལ་དང་། །གླང་ཆེན་རྟ་མཆོག་དྲེའུ་སོགས། །སྤུ་སྡུག་མཛེས་པའི་རི་དྭགས་ཚོགས། །འཇིགས་ཤིང་རྔམ་པའི་གཅན་གཟན་དང་། །འབྲི་གཡག་བ་མཆོག་རྭ་ལུག་ཁྱུ། །སྟག་སེང་ཁྱུང་འབྲུག་རྨ་བྱ་སོགས། །ནམ་མཁའ་ལྡིང་སོགས་འདབ་ཆགས་དང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །གཏེར་ཆེན་བུམ་པ་བཟང་པོ་དང་། །ཀླུ་ནོར་ཉེར་གཅིག་ལ་སོགས་པ། །མདོར་ན་སྲིད་པའི་ཁམས་རྣམས་སུ། །བཟང་རྒུ་ཇི་སྙེད་མཆིས་སོ་ཅོག །མ་ལུས་བློ་ཡིས་བླངས་ཏེ་འབུལ། །ལྷ་རྫས་བཟང་པོའི་ན་བཟའ་དང་། །རིན་པོ་ཆེ་ཡི་རྒྱན་ཆ་མཛེས། །གོ་ཁྲབ་མདའ་མདུང་རལ་གྲི་སྒྱོགས། །མཚོན་ཆ་རྣམ་པ་སྣ་ཚོགས་འབུལ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །བདེ་ཆེན་ཆགས་བསྐྱེད་རཀྟ་དང་། །སྤོད་ལྡན་གཏོར་མ་རིན་ཆེན་འབར། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །དཀར་མངར་སྐྱེམས་ཕུད་གངྒའི་རྒྱུན། །ཞལ་ཟས་ཕྱེ་མར་གངས་རི་ལྟར། །ལེགས་པར་སྤུངས་པའི་མཆོད་པ་འབུལ། །རབ་ཏུ་དགའ་བའི་ཉམས་འགྱུར་ཅན། །པད་ཅན་དུང་ཅན་རི་དྭགས་མ། །ལྷ་མོ་ཀླུ་མོ་བདེ་སྐྱིད་མ། །རིན་ཆེན་སིལ་ཁྲོལ་རྒྱན་ལྡན་མས། །སྐུ་ལ་བདེ་ཆེན་མཆོད་པ་འབུལ། །ཤིན་ཏུ་གདུག་ཅིང་གཏུམ་པའི་ཚོགས། །བརྣབ་སེམས་སེར་སྣའི་ལས་ངན་གྱི། །འཕངས་པའི་གཞན་སྡེ་བཟའ་བ་ཡི། །མི་དང་མི་མིན་འབྱུང་པོ་རྣམས། །ཨེ་དབྱིངས་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བཅོམ་པ་དང་། །རྡོ་རྗེ་རལ་གྲིས་གཞོམ་པ་ཡི། །སྒྲོལ་བའི་མཆོད་པ་རྨད་དུ་བྱུང་། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །ཧ་ཧ་ཧེ་ཧིའི་དགྱེས་པར་རོལ། །མཆོད་པ་དམ་པ་བླ་ན་མེད། །ཇི་སྙེད་སྣང་བ་འདི་དག་ཀུན། །ཇི་ལྟ་བ་བཞིན་བཅོས་བསླད་མེད། །རོ་མཉམ་ཆེན་པོའི་མཆོད་པ་ནི། །མཆོད་པ་ཀུན་བདག་ཨེ་མ་ཧོཿཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །ནམ་མཁའ་མཛོད་སྔགས་དང་། སརྦ་པཱུ་ཛ་ས་མ་ཡ་ཧོཿབསྟོད་པ་ནི། ཧཱུྃ་ཧྲཱིཿམ་བཅོས་སྤྲོས་བྲལ་སོགས། ས་བཅུའི་སེམས་དཔའ་རིག་འཛིན་དགྲ་ལྷའི་སྐུ། །ཤེས་རབ་རལ་གྲི་མདའ་གཞུ་འཆང་བ་པོ། །རྡོ་རྗེའི་ཡ་ལད་རིན་ཆེན་རྒྱན་གྱིས་བརྒྱན། །ཛམ་གླིང་སེང་ཆེན་རྒྱལ་པོ་ཁྱོད་ལ་བསྟོད། །དྭངས་སྨན་ཌཱ་ཀི་བཀའ་བློན་དཔའ་ཐུལ་དང་། །དགྲ་ལྷ་ཝེར་མ་ནོར་ལྷ་གཏེར་བདག་སོགས། །འདོད་རྒུའི་གྲུ་ཆར་ཡོངས་སུ་འབེབས་མཛད་པ། །ནོར་ལྷ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །སྐུ་དང་གསུང་ཐུགས་ཡོན་ཏན་དཔག་མེད་མཛོད། །ཕྲིན་ལས་རྣམ་བཞིའི་འགྲོ་དོན་རྫོགས་མཛད་པ། །སེང་ཆེན་བསམ་འཕེལ་དབང་གི་དཀྱིལ་འཁོར་ལྷར། །གུས་པས་བསྟོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །བཟླས་པ་ནི། བླ་མ་སེང་ཆེན་ཐུགས་ཀ་རུ། །གུ་རུ་པདྨ་སཾ་བྷ་ཝ། །སྐུ་མདོག་དཀར་ལ་དམར་བའི་མདངས། །ཕྱག་གཉིས་རྡོ་རྗེ་རྒྱལ་མཚན་དང་། །ཐོད་པ་ནོར་བུའི་བཀང་བ་བསྣམས། །ཚོན་གང་ཙམ་གྱི་ཐུགས་ཀ་རུ། །ནོར་བུ་ཟུར་བརྒྱད་ལྟེ་བར་ཧྲཱིཿ། གསེར་གྱི་མདོག་ཅན་མཐའ་བསྐོར་དུ། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འགྲོ་བའི་སྒྲིབ་པ་སྦྱངས། །སྣོད་བཅུད་དག་པའི་ཞིང་དུ་གྱུར། །སྐུ་དང་སྔགས་ལས་འོད་ཟེར་སྤྲིན། །མཁའ་དབྱིངས་ཁྱབ་པར་འཕྲོས་པ་ལས། །འདོད་རྒུའི་གྲུ་ཆར་འབེབས་པ་ཡི། །བརྟན་གཡོའི་རྒུད་པ་ཀུན་ཞི་ནས། །ནམ་མཁའ་མཛོད་ལ་དབང་འབྱོར་ཞིང་། །ནོར་ལྷ་རྒྱ་མཚོའི་དཀྱིལ་འཁོར་དང་། །དབྱེར་མེད་གཅིག་ཏུ་རྫོགས་པར་བསམ། ཨོཾ་ཨཱཿབཛྲ་གུ་རུ་པདྨ་སཾ་བྷ་ཝ་སིདྷ་མ་ཎི་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃཿབསྙེན་པའོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སིདྷ་མ་ཎི་རཱ་ཛ་མཎྜལ་ལ་སརྦ་བ་སུ་དེ་ཝ་ཨ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ། སྒྲུབ་པའོ། །སྒྲུབ་སྔགས་མཐར། རཏྣ་པུཎྱེ་ན་ན་ཁ་དྷེ་སོགས་ལས་སྦྱོར་རོ། །ཐུན་མཐར་སྟོང་ཚིག་མཆོད་བསྟོད་བྱ། །གསོལ་མཆོད་བསྐང་བཤགས་གཡང་འགུགས་རྣམས། །གཞན་ནས་འབྱུང་བ་ལྟར་བྱ་ཞིང་། །ལས་གཞུང་གང་ལ་བརྟེན་པ་ཡི། །ཚོགས་མཆོད་ལ་སོགས་རྒྱས་པར་སྦྱོར། །རྗེས་ལ་མཆོད་བསྟོད་ནོང་བཤགས་དང་། །བརྟན་བཞུགས་ལ་སོགས་རྗེས་རིམ་རྣམས། །ཡི་དམ་གང་བྱས་དེ་བཞིན་བྱ། །ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེར་ས་ཁྱི་ཟླ་བདུན་ཚེས་སྐོར་ཞིག་ལ་རྡོ་རྗེ་གླིང་དུ་མངོན་རྟོགས་ལྟར་གྱི་སྐུ་ཡི་ཉམས་བན་བུན་ཤར་བ་བཞིན་ཞག་ཤས་ནས་ཉམས་མཚར་བྲིས་པའོ། །ཁ་སྐོངས་རིགས་མི་ཕམ་གསུང་ནས་བསྣན། ཡི་དམ་རྩ་གསུམ་ཡང་ན་རྟ་མགྲིན་ལྟ་བུ་སྦྱར་ན་ལེགས་ཤས་ཆེ། །། །

Footnotes

Other Information