ཚེ་གཡང་འགུགས་པའི་དབང་གི་མཚམས་སྦྱོར་ཉུང་ངུ་།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-039
Wylie title tshe g.yang 'gugs pa'i dbang gi mtshams sbyor nyung ngu JKCL-KABUM-05-CA-039.pdf
Location chos kyi blo gros bka' 'bum
Volume 5, Text 39, Pages 561-570 (Folios 1a1 to 5b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. tshe g.yang 'gugs pa'i dbang gi mtshams sbyor nyung ngu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 561-570. Bir, H.P.: Khyentse Labrang, 2012.
Genre Prosperity Rituals - gyang 'gugs
Colophon

།ཅེས་པའང་འཕགས་མཆོག་རིན་པོ་ཆེའི་ཡབ་རྗེ་རིག་འཛིན་གྱིས་རྟེན་བཅས་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་སོ། །།

/ces pa'ang 'phags mchog rin po che'i yab rje rig 'dzin gyis rten bcas bskul ngor/__chos kyi blo gros pas so/__//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཚེ་གཡང་འགུགས་པའི་དབང་གི་མཚམས་སྦྱོར་ཉུང་ངུ་བཞུགས་སོ། ། སློབ་མ་རྣམས་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར་རྣམས་སྤྱི་ལྟར་བྱ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ས་ལ་འགོད་པར་བྱ། དེའི་ཆེད་དུ་རཏྣ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་གསན་པར་བགྱིའོ་སྙམ་པས་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པ་གནང་བར་ཞུ། དེ་ལ་འདིར་གང་ཞིག་གསན་པར་བྱ་བའི་ཆོས་ནི། ཤིན་ཏུ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ་བའི་དལ་འབྱོར་རྟེན་བཟང་འདི་ལྟ་བུ་ཐོབ་པའི་སྐབས་སུ་དམ་པའི་ཆོས་རྣམ་པར་དག་པ་བསྒྲུབ་དགོས། དེའང་འགལ་རྐྱེན་ཉུང་མཐུན་རྐྱེན་ཚང་བ་གཙོ་བོ་གལ་ཆེ་བས། དེའི་ཡ་གྱལ་ཚེ་རིང་བ་དང་། འབྱོར་པས་བྲེལ་ཕོངས་མེད་པ་ཞིག་དགོས། དེ་ཉིད་སྒྲུབ་པར་བྱེད་པའི་ཐབས་གསང་སྔགས་རྡོ་རྗེ་ཐེག་པ་ལས་དབང་རྒྱས་ཀྱི་ལས་རབ་འབྱམས་གསུངས་པ་རྣམས་བཀའ་གཏེར་དག་སྣང་གསུམ་དུ་འདུ་ཞིང་། དེ་ལ་ཤིན་ཏུ་ཟབ་པ་དག་སྣང་གི་ཆོས་སྡེ་ལ་བཀའ་སྲོལ་མང་དུ་བཞུགས་པ་ལས། ཕྱི་མའི་དུས་ན་འགྲན་ཟླ་བྲལ་བའི་གྲུབ་ཐོབ་ཆེན་པོ་བི་མ་ལའི་རྣམ་པར་འཕྲུལ་བ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་ཟབ་གཏེར་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་སྒྲུབ་འོད་ཀྱི་དྲྭ་བ་དང་། གཡང་འགུགས་མེ་ཏོག་ཆར་བསིལ་ལ་གངས་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བ་པདྨ་འོད་གསལ་མདོ་སྔགས་གླིང་པས་གྲུབ་པའི་མན་ངག་གིས་ལེགས་པར་ཕྱེ་བའི་གུ་རུ་རཏྣ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱི་བགྱི་འོས་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་གསན་པའི་ཡོན་དུ་མཎྜལ་ཕུལ། ཅེས་མཚམས་སྦྱར་ནས་མཎྜལ་ཕུལ། སྙིམས་པ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་མདུན་རྟེན་བླ་མ་ནོར་ལྷ་རབ་འབྱམས་རྒྱ་མཚོ་མངོན་སུམ་བཞིན་བཞུགས་པའི་སྤྱན་སྔར་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་རྣམས་ཀྱིས་རྒྱུད་རྣམ་པར་དག་པར་བྱས་ཟིན་ནས། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་གནས་རྣམ་པར་དག་པ་པདྨ་འོད་ཀྱི་ཕོ་བྲང་ནོར་བུའི་བ་གམ་བརྩེགས་པའི་གཞལ་ཡས་ཁང་། རྒྱན་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། པདྨ་ཉི་ཟླའི་ཁྲི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿསེར་པོ་དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨོ་རྒྱན་ཚེ་དཔག་མེད་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞི་འཛུམ་སྒེགས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་མདའ་དར་འཕྱར་ཞིང་། གཡོན་མཉམ་གཞག་གིས་འཆི་མེད་ཚེ་ཡི་བུམ་པ་བདུད་རྩིའི་བཅུད་ཀྱིས་བཀང་བ་བསྣམས་པ། རང་འོད་ཀྱི་ཡུམ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་གཡས་མདའ་དར། གཡོན་ཚེ་ཡི་བུམ་པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། དར་དང་། རིན་པོ་ཆེ་དང་། རུས་པའི་རྒྱན་གྱིས་བརྒྱན་པ་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ན་བཞུགས་པར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་དང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས། ཧཱུྃ་ཧྲཱིཿབསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ། །འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས། །ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚ་དུ་དངོས་གྲུབ་རྣམ་གཉིས་བརྙེས། །ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པ། །སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ། མཉམ་མེད་བླ་མ་མཆོག་ཁྱོད་དུས་འདིར་དྲན། །རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས། །བདེ་གཤེགས་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །བཀྲ་ཤིས་གཞལ་ཡས་འདི་ལ་བྱིན་ཆེན་ཕོབས། །ཚེ་དང་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿབཏགས་པ་མང་དུ་བརྗོད་པས་བྱིན་དབབ། ཏིཥྛ་བཛྲ། ཅེས་བརྗོད་པས་བརྟན་པར་གྱུར་པའི་མོས་པ་མཛོད། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བྱིན་རླབས་གཟི་བྱིན་འབར། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་ཅིང་ནུས་པ་དང་ལྡན་པར་གྱུར། སོགས་ཚེ་འགུགས་བསྐུལ། དེ་ནས་ཚེ་ཡི་འབྲང་རྒྱས་ཨོ་རྒྱན་ཚེ་དཔག་མེད་དུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པའི་དབང་ཐོབ་ལུས་ལྷ་སྐུར་སྨིན་པའི་མོས་པ་མཛོད། ཨཱཿསྐྱེ་འཆི་མེད་པ་རྡོ་རྗེའི་ཚེ། །འོད་སྣང་དཔག་མེད་སྣང་སྲིད་ཁམས། །ཨཱ་ཡུ་ཚེ་ཡི་དཀྱིལ་འཁོར་དུ། །བདུད་རྩི་བུམ་པས་དབང་བསྐུར་རོ། །འཆི་མེད་ལུས་མཆོག་དེང་འདིར་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་ཚེ་གཟུངས་མཐར། ཀཱ་ཡ་སིདྡྷི་ཨོཾ། འཁོར་འདས་ཀྱི་ཚེ་བཅུད་བསྡུས་པའི་བདུད་རྩི་མགྲིན་པར་བཞག་ཅིང་མྱོང་བས་གསང་བའི་དབང་ཐོབ་ངག་སྔགས་སུ་དག་པའི་མོས་པ་མཛོད། ཨཱཿསྟོང་པའི་དབྱིངས་ལས་ལྷུན་གྲུབ་པའི། །སྣང་བ་ལྷུན་གྲུབ་འཇའ་སྐུར་འབར། །ཟག་མེད་བདུད་རྩི་གྲགས་སྟོང་རྫས། །འགགས་མེད་ནུས་པའི་དབང་བསྐུར་བས། །སྙིང་པོ་གསུང་དབང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ལས་ཚེ་གཟུངས་མཐར། ཝཱ་ཀ་སིདྡྷི་ཨཱཿསྲིད་ཞིའི་དྭངས་བཅུད་འདུས་པའི་རིལ་བུ་སྙིང་གར་བཞག་ཅིང་མྱང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐུགས་ཡེ་ཤེས་ཀྱི་འཁོར་ལོར་སྨིན་པའི་མོས་པ་མཛོད། ཨཱཿམི་ཤིགས་ཐུགས་ཀྱི་ཐིག་ལེ་ནི། །བདེ་སྟོང་དབྱེར་མེད་བྱང་སེམས་བཅུད། །ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་པའི། །ཟག་མེད་སྐྱེ་འཆི་སྤངས་པའི་སྐུ། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོགཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་༴སོགས་དང་། ཚེ་གཟུངས་མཐར། ཙིཏྟ་སིདྡྷི་ཧཱུྃ། གཏོར་མ་རཏྣ་ཐོད་ཕྲེང་རྩལ་དུ་གསལ་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བས་དབང་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་དབྱེར་མེད་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །ཨཱཿབདེ་ཆེན་རྣམ་ཀུན་མཆོག་ལྡན་པའི། །ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་། །འཇའ་ཟེར་འོད་མི་འགྱུར་བའི་སྐུ། །ཀ་དག་ལྷུན་གྲུབ་དབྱེར་མེད་པའི། །རྡོ་རྗེའི་ཚེ་དབང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཅེས་དང་། ཚེ་གཟུངས་མཐར་སརྦ་སིདྡྷི་ཧྲཱིཿསོགས་སྔགས་བཅས་རྒྱས་གདབ་པ་ནི། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་པ་དང་ལྷན་ཅིག་འོད་གསལ་གཉུག་མའི་དབྱིངས་སུ་བཞག་པས་འཆི་མེད་གདོད་མའི་གནས་ལུགས་མངོན་དུ་གྱུར་པར་མོས། ཧཱུྃ་ཧྲཱིཿཆོས་སྐུ་མི་འགྱུར་ཡེ་ཤེས་འོད་ཀྱི་ཀློང་། །སྲིད་ཞིའི་ཉེས་དག་སྐྱེ་འཆི་བྲལ་བའི་སྐུ། །གཞོན་ནུ་བུམ་སྐུ་ཐིག་ལེ་ཉག་གཅིག་རྩེ། །གཏིང་གསལ་ཡེ་ཤེས་འཁོར་ལོར་ཚེ་སྦའོ། །ཞེས་པས་སྦས་ཤིང་། ཡེ་དྷརྨ། བརྗོད་ལ་རྒྱས་གདབ་པར་བྱའོ། །སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་འོད་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར། ཅེས་གཡང་འགུགས་བསྐུལ་མཐར། ཕྱྭ་གཡང་གི་རྟེན་རྫས་བླ་མ་རྩ་གསུམ་ནོར་ལྷ་རབ་འབྱམས་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་སྲིད་ཞིའི་དངོས་གྲུབ་རྒྱ་མཚོའི་དཔལ་ལ་དབང་འབྱོར་བར་མོས་མཛོད༔ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི། །ཕྲིན་ལས་ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་སྩལ་ཞིང་བརྟན་པར་མཛོད། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགགས་མེད་གསུང་གི༴འཁྲུལ་མེད་ཐུགས་ཀྱི༴ཡོན་ཏན་རེ་སྐོང་༴ཕྲིན་ལས་འགྲོ་འདུལ༴འཆི་མེད་ཚེ་ཡི༴འཛད་མེད་ནོར་གྱི༴ཐུན་མོང་ཡིད་བཞིན༴བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། སོགས་ཀྱི་རྟེན་རྫས་རྣམས་སྦྱིན། བཟའ་བཏུང་ལ་རོལ། མཐའ་རྟེན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་མངའ་གསོལ་བ་སྤྱི་འགྲེའི་ཆོ་གས་སྦྱིན། འདིའི་ཚེ་དབང་ཁོལ་ཕྱུངས་བྱས་ཀྱང་རུང་བ་ཞལ་ལུང་ངོ་། །དེ་ལྟར་ན་ཚེ་སྦ་བསྟིམ་གྲུབ་ནས་མཐའ་རྟེན་བཀྲ་ཤིས་རྫས་རྟགས་སོགས་སྦྱིན་པ་ལ་འཇུག །སླར་ཡང་བླ་མ་རྩ་བ་གསུམ་གྱིས་ཤིས་པ་བརྗོད་པའི་ཚིག་བརྗོད་པས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། བཀྲ་ཤིས་ཅི་རིགས་བརྗོད། དེ་རྣམས་ཀྱིས་དབང་བསྐུར་གྲུབ་པ་ཡིན་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། གཏང་རག་མཎྜལ། དགེ་བསྔོ་སྤྱི་ལྟར་བྱའོ། །ཅེས་པའང་འཕགས་མཆོག་རིན་པོ་ཆེའི་ཡབ་རྗེ་རིག་འཛིན་གྱིས་རྟེན་བཅས་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་སོ། །། །

Footnotes

Other Information