ཀུན་མཁྱེན་དོལ་བོའི་བླ་སྒྲུབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-04-NGA-046
Wylie title kun mkhyen dol bo'i bla sgrub JKCL-KABUM-04-NGA-046.pdf
Location chos kyi blo gros bka' 'bum
Volume 4, Text 46, Pages 327-330 (Folios 1a1 to 2b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People དོལ་པོ་པ་ཤེས་རབ་རྒྱལ་མཚན་ (Dol po pa)
Citation 'jam dbyangs mkhyen brtse chos kyi blo gros. kun mkhyen dol bo'i bla sgrub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 327-330. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/dolpopa-guru-sadhana
Colophon
  • First colophon page 328: །ཅེས་པའང་རང་ཉིད་ཀུན་མཁྱེན་ཆེན་པོ་འདི་ལ་མི་ཕྱེད་པའི་དད་པ་བརྟན་པོས་མཚམས་སྦྱར་ཏེ། མེ་བྱ་ཟླ་བཅུ་གཉིས་ཚེས་ལྔ་ལ་འབྲས་ལྗོངས་མཁའ་སྤྱོད་ཌཱ་ཀིའི་ཕོ་བྲང་དུ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ།།
  • Second colophon page 330: ཅེས་པའང་ཆོས་ཀྱི་བློ་གྲོས་པས་རྒྱལ་ཟླའི་ཚེས་ཉེར་དགུ་ལ་སྨོན་ཚིག་ཏུ་བྲིས་ནས་གསོལ་བ་བཏབ་པའོ།།
  • First colophon page 328: /ces pa'ang rang nyid kun mkhyen chen po 'di la mi phyed pa'i dad pa brtan pos mtshams sbyar te/__me bya zla bcu gnyis tshes lnga la 'bras ljongs mkha' spyod DA ki'i pho brang du pad+ma ye shes rdo rjes bris pa'o//
  • Second colophon page 330: ces pa'ang chos kyi blo gros pas rgyal zla'i tshes nyer dgu la smon tshig tu bris nas gsol ba btab pa'o//

1 Texts in this Section (sde tshan or chos tshan)

[edit]
ཀུན་མཁྱེན་དོལ་བོའི་བླ་སྒྲུབ་བཞུགས། །རྒྱལ་བ་ཐུབ་པ་ཆེན་པོ་དང་། །པདྨ་འབྱུང་གནས་སྤྲུལ་པའི་སྐུ། །ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི། །རྣལ་འབྱོར་ཟབ་མོ་ཡང་དག་བསྟན། །དབེན་པའི་གནས་སུ་འདུག་བྱས་ཏེ། །བདེ་བའི་སྟན་ལ་བག་ཕབ་ནས། །ངེས་འབྱུང་བྱང་སེམས་ཡང་དག་བསྐྱེད། ཨ། འཁོར་འདས་ཆོས་རྣམས་དབྱིངས་སུ་སྡུད། །མི་གཡོ་གསུམ་ལྡན་བསམ་གཏན་དང་། །རང་རིག་མ་བཅོས་གཉུག་མ་ལས། །རིགས་གསུམ་གཅིག་འདུས་སྤྲུལ་པའི་སྐུ། །སྲོག་རྩོལ་དྭངས་མའི་གོང་བུར་ཤར། །སྤྲོ་བསྡུའི་ཆོ་འཕྲུལ་ཆེན་པོ་ཡི། །རྗེས་སུ་དྲན་པའི་ཏིང་འཛིན་རྩལ། །པདྨ་ཟླ་བའི་གདན་སྟེང་དུ། །ཀུན་མཁྱེན་པྲཛྙཱ་དྷ་ཛ་ནི། །དཀར་དམར་མདངས་ལྡན་སྐུ་ཤ་རྒྱས། །ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས། །དབུ་ལ་པཎ་ཞྭ་དུར་ཁ་གསོལ། །ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས། །ཕྱག་གཉིས་པུས་སྟེང་བཀབ་པ་དང་། །རྡོ་རྗེའི་ལྟ་སྟངས་དབྱིངས་ལ་གཟིགས། །གནས་བཞིར་ཡི་གེ་བཞི་འོད་འཕྲོས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །རང་རིག་ལྟ་བའི་མཇལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །ཐུགས་ཀར་འཇིག་རྟེན་དབང་ཕྱུག་ནི། །དཀར་གསལ་ཕྱག་གཡས་མཆོག་སྦྱིན་དང་། །གཡོན་པ་སྐྱབས་སྦྱིན་པད་དཀར་བསྣམས། །སེམས་སྐྱིལ་བཞུགས་པའི་ཐུགས་དབུས་སུ། །འཇམ་དཔལ་དམར་སེར་རལ་གླེགས་བསྣམས། །ཐུགས་དབུས་གསང་བདག་ཞི་མ་ཁྲོ། །རྡོར་དྲིལ་བསྣམས་པའི་ཐུགས་ཙིཏྟ། །འོད་ཀྱི་གུར་ཁང་འབར་བའི་ཀློང་། །ཧཱུྃ་གི་ཁོག་པར་ཧྲཱིཿདྷྲིཿས་མཚན། །དེ་ལས་རྡོ་རྗེ་སྔགས་ཀྱི་སྒྲ། །འཕྲོས་པས་བདག་གཞན་དོན་གཉིས་བྱས། །སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་རྫོགས། །དབྱེར་མེད་མཉམ་པ་ཆེན་པོར་བཞག །རིགས་གསུམ་མགོན་པོའི་བསྙེན་པ་དང་། །ཁྱད་པར་ཨ་ར་པ་ཙ་བཟླ། །ཡང་སྙིང་རྣམ་བཅུ་དབང་ལྡན་ནི། །རྡོ་རྗེ་བཞི་ཡི་སྔགས་ཀྱིས་དྲངས། །བཟླས་པས་དངོས་གྲུབ་རྣམ་གཉིས་ཐོབ། །མ་བསླབ་ཆོས་ཀྱི་གཏེར་མཛོད་བརྡོལ། །ཐུན་མཚམས་གསོལ་འདེབས་ལན་མང་འདོན། །ཐུན་མཐར་ལྷར་སྣང་འོད་གསལ་བསྡུ། །ཐུགས་ཀའི་རིགས་གསུམ་ཐིག་ལེར་ཞུ། །སེམས་འཛིན་སྤྲོ་བསྡུའི་ཐིག་ལེ་གསུམ། །གཅིག་འདྲིལ་ཆེ་ཆུང་མ་ངེས་པ། །སྣ་ཚོགས་སྤྲོ་བསྡུས་སྣོད་བཅུད་སྦྱངས། །སྲིད་དང་ཞི་བའི་དྭངས་བཅུད་བསྡུ། །ཡེ་ཤེས་ཆེན་པོའི་བཅུད་དུ་སྨིན། །སྟོང་པ་ཆེན་པོའི་ངང་དུ་ནི། །བཞག་ལ་ལྡང་ཚེ་དགེ་བསྔོ་དང་། །ཤིས་པ་བརྗོད་པས་དགེ་ལེགས་བྱ། །ཅེས་པའང་རང་ཉིད་ཀུན་མཁྱེན་ཆེན་པོ་འདི་ལ་མི་ཕྱེད་པའི་དད་པ་བརྟན་པོས་མཚམས་སྦྱར་ཏེ། མེ་བྱ་ཟླ་བཅུ་གཉིས་ཚེས་ལྔ་ལ་འབྲས་ལྗོངས་མཁའ་སྤྱོད་ཌཱ་ཀིའི་ཕོ་བྲང་དུ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །། ༈ ཨོཾ་ཨཱཿཧཱུྃ་ཧོཿདུས་གསུམ་སངས་རྒྱས་ཀུན་འདུས་ཀུན་མཁྱེན་དོལ་བོ་ཤེས་རབ་རྒྱལ་མཚན་ལ་གསོལ་བ་འདེབས་སོ། །བྱིན་གྱིས་རློབས་ཤིག །རྒྱལ་བས་ལུང་བསྟན་སྐྱེས་བུ་ཆེན་པོ་ལ༴ །ཆོས་རྒྱལ་རིགས་ལྡན་སྤྲུལ་པའི་སྐུ་མཆོག་ལ༴ །མཁས་གྲུབ་ཀུན་གྱི་གཙུག་རྒྱན་དམ་པ་ལ༴ །བདེན་པ་གཉིས་ཀྱི་གཤག་རལ་འབྱེད་པ་ལ༴ །སངས་རྒྱས་བསྟན་པའི་དབྱེན་བཟླུམས་ཆེན་པོ་ལ༴ །བརྟོན་པ་བཞི་ལྡན་ཚད་མའི་སྐྱེས་བུ་ལ༴ །ངེས་དོན་སེང་གེའི་སྒྲ་ཆེན་བསྒྲགས་པ་ལ༴ །རིགས་གསུམ་དངོས་སྣང་ཀུན་མཁྱེན་ཆེན་པོ་ལ༴ །འཆད་རྩོམ་རྩོད་པར་འགྲན་ཟླ་ཀུན་སྤངས་ལ༴ །རྒོལ་ངན་ལོག་རྟོག་བྲག་རི་གཞོམ་པ་ལ༴ །བསྟན་འཛིན་རྒྱ་མཚོའི་ཁྱུ་མཆོག་ཆེན་པོ་ལ༴ །བསྟན་འགྲོའི་དོན་ཆེན་བསམ་མི་ཁྱབ་པ་ལ༴ །རྣལ་འབྱོར་ནང་གི་ས་ལམ་མཐར་ཕྱིན་ལ༴ །འགྱུར་བཅས་བདེ་བ་རྣམ་པར་དག་པ་ལ༴ །འགྱུར་མེད་བདེ་ཆེན་ཡོངས་སུ་རྫོགས་པ་ལ༴ །དེ་ཉིད་བཅུ་དྲུག་མངོན་དུ་རིགས་པ་ལ༴ །དཔལ་ལྡན་བླ་མ་དུས་ཀྱི་འཁོར་ལོ་ལ༴ །བདག་གི་ཤེས་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་བར་བྱིན༴ །ནད་གདོན་རྐྱེན་ངན་བར་ཆད་ཞི་བར༴ །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར༴ །མ་རིག་མུན་པ་དྲུང་ནས་འབྱིན་པར༴ བདེ་གཤེགས་སྙིང་པོ་མངོན་སུམ་རྟོགས་པར༴ །རྫོགས་རིམ་ཀུན་གྱི་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་གི་ལམ་ལ་བརྩོན་ནུས་པར་བྱིན༴ ལམ་གྱི་རྟགས་ཚད་མཐར་ཕྱིན་པར༴ །བདག་གི་རྒྱུད་རྣམ་པར་གྲོལ་བར༴ །ཤིན་ཏུ་རྣམ་པར་གྲོལ་བར༴ །བསྟན་པ་དང་སེམས་ཅན་ལ་ཕན་པ་འབྱུང་བར༴ །ཚེ་འདི་ཉིད་དམ་བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་སུམ་དུ་ཐོབ་པར་བྱིན༴ །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དྲན་ཆོག་རྒྱལ་པོ་དོལ་པོ་སངས་རྒྱས་ཀྱིས་རྗེས་སུ་འཛིན་པར་བྱིན༴ །རྒྱུད་རྣམས་ཀུན་གྱི་རྒྱལ་པོ་དཔལ་ལྡན་དུས་ཀྱི་འཁོར་ལོའི་བཀའ་སྲོལ་བཤད་དང་སྒྲུབ་པས་འཛིན་སྤེལ་ནུས་པར་བྱིན༴ ཀ་ལ་པ་ཡི་གཞལ་མེད་ཁང་དུ་རིགས་ལྡན་ཆོས་ཀྱི་རྒྱལ་པོའི་གསང་བ་གསུམ་དང་དབྱེར་མེད་དུ་འགྱུར་བར་བྱིན༴ །བསྟན་ལ་གནོད་པའི་ལྷ་མིན་སེམས་ལྡན་རྡུལ་དུ་རློག་ནུས་པ༴ །ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཀུན་མཁྱེན་བླ་མ་ཁྱེད་སྐུ་ཅི་འདྲ་དང་། སོགས་བརྗོད། ཅེས་པའང་ཆོས་ཀྱི་བློ་གྲོས་པས་རྒྱལ་ཟླའི་ཚེས་ཉེར་དགུ་ལ་སྨོན་ཚིག་ཏུ་བྲིས་ནས་གསོལ་བ་བཏབ་པའོ།། །།

Footnotes

Other Information