ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་རྣམ་ཐར་དང་མཐུན་པའི་གསོལ་འདེབས་དད་པའི་གདུང་དབྱངས།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-037
Wylie title lo tsA ba chen po rin chen bzang po la rnam thar dang mthun pa'i gsol 'debs dad pa'i gdung dbyangs JKCL-KABUM-03-GA-037.pdf
Location chos kyi blo gros bka' 'bum
Volume 3, Text 37, Pages 131-137 (Folios 1a1 to 4a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People རིན་ཆེན་བཟང་པོ་ (rin chen bzang po)
Citation 'jam dbyangs mkhyen brtse chos kyi blo gros. lo tsA ba chen po rin chen bzang po la rnam thar dang mthun pa'i gsol 'debs dad pa'i gdung dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 131-137. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་ཕྱི་དར་བསྟན་པའི་ཐོག་མར་འགྲན་ཟླ་དང་བྲལ་བའི་མ་ཧཱ་ལོ་ཙཱ་ཆེན་པོའི་རྣམ་ཐར་ལས་མདོ་ཙམ་བཏུས་ཏེ་གསོལ་འདེབས་ངག་འདོན་དུ་བགྱི་བའང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་སྨྲ་བའི་ཉི་མས་ཆུ་འབྲུག་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཚེས་ལ་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་དབང་པོས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།།

ces phyi dar bstan pa'i thog mar 'gran zla dang bral ba'i ma hA lo tsA chen po'i rnam thar las mdo tsam btus te gsol 'debs ngag 'don du bgyi ba'ang /__'jam dbyangs chos kyi blo gros gtsug lag smra ba'i nyi mas chu 'brug khrums stod zla ba'i dkar phyogs kyi rdzogs pa dang po'i tshes la smras rim bzhin yi ge'i byed po mchog sprul 'jam dbyangs bsod nams dbang pos bgyis pa dge legs su gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་རྣམ་ཐར་དང་མཐུན་པའི་གསོལ་འདེབས་དད་པའི་གདུང་དབྱངས་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས། །བྱང་ཕྱོགས་རྒྱུད་འདིར་ཀུན་མཁྱེན་ཐུབ་པའི་བསྟན། །ཤིན་ཏུ་གསལ་བར་མཛད་པའི་གཉེན་གཅིག་པུ། །སྤྲུལ་པའི་ལོ་ཙཱ་ཆེན་པོར་ཕྱག་འཚལ་ལོ། །གདོད་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ངོ་བོར་མངོན་བྱང་ཆེན་པོར་བརྙེས་ཟིན་ཀྱང་། །རྩོད་ལྡན་སྙིགས་མའི་འགྲོ་ལ་རབ་བརྩེ་བས། །བསམ་བཞིན་སྐྱེ་བ་བཞེས་ལ་གསོལ་བ་འདེབས། །མངའ་རི་གུ་གེ་སྐྱུ་ཝྃ་རཏྣ་ཏུ། །རིགས་ཀྱི་མཆོག་གྱུར་གཡུ་རི་གཡུ་སྒྲའི་རིགས། །ཀུན་དགའ་དབང་ཕྱུག་ཡུམ་ནི་ཅོག་རོ་བཟའི། །སྲས་སུ་སྐྱེ་བ་བཞེས་ལ་གསོལ་བ་འདེབས། །ལྷུམ་ཞུགས་ཚེ་ན་ཡུམ་གྱི་ཕྲག་པ་གཡོན། །ཉི་ཟླ་དང་ནི་སྤྱི་གཙུག་གསེར་བྱིའུ། །གཡུ་ཡི་མཆུ་སྡེར་སྙན་པའི་སྒྲ་སྒྲོགས་སོགས། །རྨི་ལམ་ལྟས་མཚན་བཟང་ལ་གསོལ༴ །རྟ་ལོའི་དགུན་ཟླ་ཐ་ཆུང་ཚེས་བཅུ་ལ། །ཡུམ་གྱི་དཔུང་གཡས་རྨ་བྱ་གཡོན་ཁུ་བྱུག །སྤྱི་གཙུག་ནེ་ཙོ་གསུམ་བབས་ཡུམ་ལ་ཐིམ། །སྐུ་བལྟམས་མཚན་བཟང་མངའ་ལ༴ །ལོ་གཉིས་དུས་ན་དབྱངས་གསལ་གསུང་ཞིང་བྲིས། །དགེ་བསྙེན་མཛད་ཅིང་དགུང་གྲངས་བཅུ་གསུམ་ལ། །མཁན་པོ་ལེགས་བཟང་པ་ལས་རབ་ཏུ་བྱུང་། །རིན་ཆེན་བཟང་པོར་གསོལ་ལ་གསོལ་བ་འདེབས། །ལེགས་གསུང་འདུལ་བ་མཐའ་དག་ཐུགས་སུ་ཆུད། །བཅུ་བདུན་ལོན་ཚེ་པཎྜི་ཏ་འབྱོན་ཤུལ། །རྒྱ་དཔེའི་བེ་བུམ་མི་ཤེས་ཐུགས་སྐྱོ་ཚེ། །མཁའ་འགྲོས་ལུང་བསྟན་ཐོབ་ལ༴ །ཡབ་ཡུམ་བཀའ་བགྲོས་ཁ་ཆེའི་ཡུལ་བྱོན་ཚེ། །ཡེ་ཤེས་མཁའ་འགྲོས་ལམ་གྱི་བར་ཆད་བཟློག །དཀའ་སྤྱད་དྲག་པོས་བྱོན་ཚེ་དད་ལྡན་ལས། །བསོད་སྙོམས་ཡོན་བསྔོ་མཛད་ལ༴ །སྦྱིན་བདག་མོ་ཡིས་བསོད་སྙོམས་ཕུལ་བའི་ལན། །སྐྲ་བསྲེགས་ཐལ་བར་མཆོད་རྟེན་བརྒྱ་རྩ་བཏབ། །གྲུབ་ཐོབ་ཆེན་པོ་རཏྣ་སིདྡྷི་མཇལ། །སྤྲུལ་པའི་སྟག་མོས་བརྡ་སྟོན༴ །ཀ་ལ་ཝ་རིར་བྲམ་ཟེའི་ཕྱག་རིས་མཇལ། །མེ་ཏོག་གིས་མཆོད་ཕྱག་བཙལ་ཤིས་པ་བརྗོད། །འགྲོ་བ་ཕན་པ་རྒྱ་ཆེར་འབྱུང་ངོ་ཞེས། །མཚན་བརྟགས་བསྔགས་པ་བརྗོད་ལ༴ །རྐང་མགྱོགས་སྒྲུབ་ཅིང་ཏ་མ་ལར་བྱོན་ནས། །པཎ་ཆེན་ཀྲཱཾ་དྷ་ཀ་ར་ཝརྨཱ་མཇལ། །ཡོ་གའི་རྒྱུད་དང་སྒྲུབ་ཐབས་གསན་ཅིང་བསྒྱུར། །ཐུགས་སྦྱོང་རྒྱ་ཆེར་མཛད་ལ༴ །བོད་ཀྱི་ཡུལ་དུ་བྱོན་པར་བཞེད་པའི་ཚེ། །རྨི་ལམ་བརྡས་བསྐུལ་ནཱ་རོ་ཏ་པ་མཇལ། །བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི། །བྱིན་རླབས་ངོ་སྤྲོད་ཐོབ་ལ༴ །པཎ་ཆེན་ཀ་མ་ལ་མཇལ་གདམས་ངག་ཞུས། །མཁའ་འགྲོ་གསེར་འོད་ཅན་གྱི་སྒྲུབ་ཐབས་གསན། །ཡེ་ཤེས་མཁའ་འགྲོ་མ་སྲིང་ཚུལ་དུ་འགྲོགས། །རྒྱ་གར་ཤར་ཕྱོགས་བྱོན་ལ༴ །ཛི་ན་མི་ཏྲ་ཛྙཱ་ན་ཤྲཱི་སོགས། །པཎ་ཆེན་མང་པོར་མདོ་སྔགས་ཆོས་ཞུས་བསྒྱུར། །སྙུང་ཝྃ་ཡུལ་དུ་ཞག་དྲུག་གིས་བརྡོལ་ཏེ། །ཡབ་ཀྱི་གཤེགས་རྫོགས་སྒྲུབ་ལ༴ །པུ་རངས་ཕེབས་ནས་དཔེ་ཀར་གྱིས་རློམ་པའི། །ཀར་རྒྱལ་བཏུལ་ཞིང་པྲ་ཛྙཱ་ཀ་ར་སོགས། །མདོར་ན་པཎ་ཆེན་བདུན་བཅུ་རྩ་ལྔ་ལས། །མདོ་སྔགས་ཆོས་གསན་བསྒྱུར་ལ༴ །མངའ་བདག་ཟུང་ལྷ་ལྡེ་བཙན་དང་ཡེ་ཤེས་འོད། གིས་དབུ་ཡི་མཆོད་གནས་མཛད། །གནས་གཞི་གཙུག་ལག་བརྒྱ་རྩའི་དམ་བཅའ་བཞེས། །ངན་སོང་སྦྱོངས་དང་ཚེ་དཔག་དཀྱིལ་འཁོར་བཞེངས། །ཡུམ་གྱི་སྐུ་ཚེ་བསྲིང་ལ༴ །གཙུག་ལག་ཁང་གསུམ་སྐུ་ཡི་བཀོད་པ་གསུམ། །དུས་གཅིག་བསྟན་ཏེ་རབ་གནས་མཛད་པ་དང་། །སླར་ཡང་བྱང་ཆུབ་འོད་ཀྱིས་བཀས་བསྐུལ་ནས། །ཁ་ཆེར་གཤེགས་པར་མཛད་ལ༴ །གསེར་སྲང་ལྔ་བརྒྱས་པཎ་ཆེན་ཀྲཱཾ་དྷ་མཆོད། །ལོ་དྲུག་བཞུགས་ཤིང་ཆོས་ཀྱི་འཕྲོ་རྣམས་གསན། །རྟེན་མཆོག་མང་བསྐྲུན་གདན་དྲངས་བོད་ཡུལ་ཕེབས། །མངའ་བདག་བསྙུང་གསོལ་མཛད་ལ༴ །པཎ་ཆེན་ཤྲཱིདྷའི་དྲུང་ལས་ཆོས་སྐྱོངས་ཞུས། །འཇིགས་པའི་ང་རོས་མགོན་པོར་བསྟོད་དབྱངས་མཛད། །ཞལ་བསྟན་གསུང་བྱོན་ཏིང་འཛིན་དཔག་མེད་འཁྲུངས། །དམ་ཚིག་རྟེན་རྣམས་དྲངས་ལ༴ །རྒྱ་ཤུགས་གནས་སུ་ཐུགས་དམ་བཞུགས་པ་ན། །སྙུང་ཝཾ་གཙུག་ལག་བཞེངས་ལ་བར་གཅོད་པའི། །ལྷ་འདྲེ་གསང་འདུས་མེ་ཧོམ་ཀློང་དུ་བསྲེགས། །སྲོག་སྙིང་དངོས་སུ་ཕུལ་ལ༴ །ཛ་ལ་མ་ཏིས་གསེར་གཞོང་ནོར་བཀང་ཕུལ། །གཙུག་ལག་ཁང་འོག་གཏེར་སྦས་གསང་འདུས་སོགས། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཁྱད་པར་ཅན། །བསྟན་འགྲོའི་དོན་དུ་བཞེངས་ལ༴ །བརྒྱ་དང་རྩ་གཅིག་གཙུག་ལག་ཁང་རྣམས་རྫོགས། །བདེ་གཤེགས་མཆོད་རྟེན་བཞེངས་པ་དཔག་ཏུ་མེད། །ཉིན་བཞིན་ཆོས་སྤྱོད་རྣམ་བཅུ་རྒྱུན་མི་བཅད། །བླ་མ་ཐུགས་རྗེ་ཅན་ལ༴ །སློབ་མའི་མཆོག་གྱུར་ལོ་ཙཱ་རྣམ་མང་ཝིར་ལོ་ཙཱ་བ་བྱུང་ཆུབ་རྩེ་མོ། གསུམ་གཙོས། །བསྟན་པ་འཛིན་པའི་སྐྱེས་བུ་བསྒྲངས་ལས་འདས། །འཕགས་པའི་ཡུལ་ནས་ཆོས་བསྒྱུར་བསམ་མི་ཁྱབ། རྨ་ལོ་དགེ་བའི་བློ་གྲོས། །འཇང་ལོ་རིན་ཆེན་གཞོན་ནུ། །ས་སྟེང་འགྲན་ཟླ་བྲལ་ལ༴ །ཧོ་པུར་ཀླུ་བཟུང་གསེར་སྤྲོམ་དུ་བཅུག་ནས། །སྙུང་ཝཾ་ཕུག་དུ་འབྱེད་དགོས་རྟེན་འབྲེལ་འཆུགས། །སྙིགས་མའི་སྐྱེ་འགྲོ་བསོད་ནམས་ཞན་གྱུར་ཀྱང་། །སྣང་སེམས་དབང་བསྒྱུར་ལོ་ཙཱར༴ །བརྒྱད་ཅུ་རྩ་བདུན་ཇོ་བོ་ཆེན་པོ་མཇལ། །ལོ་ཙཱ་བྱེད་དགོས་བཀའ་སྩལ་གནང་ན་ཡང་། །དགོངས་ཞུས་ཚེ་ན་ཇོ་བོས་ཐུགས་མུག་མཛད། །ཀུན་མཁྱེན་མཁས་པའི་དབང་པོར༴ །སྤུ་རངས་བཞེངས་ཝེར་སྐུ་མཚམས་དམ་དུ་བཅད། །ཕྱི་ནང་བར་གསུམ་དམ་བཅའི་ཡི་གེ་བྲིས། །ཐུགས་དམ་མཛད་པས་རྡོར་ཏིང་མངོན་དུ་གྱུར། །ཟུང་འཇུག་གོ་འཕང་བརྙེས་ལ༴ །དགུ་བཅུ་རྩ་བརྒྱད་ལུག་ལོའི་དགུན་ཐ་ཆུང་། །རྟ་པས་ཉ་བའི་ཚེས་གྲངས་བཅུ་བདུན་ལ། །འཇིག་རྟེན་མིག་གཅིག་མཁའ་སྤྱོད་གནས་སུ་གཤེགས། །རྒྱལ་ཀུན་དགོངས་པ་གཅིག་གྱུར༴ །བཀའ་བཞི་གདུང་བརྒྱད་ལ་སོགས་བུ་སློབ་ཀྱིས། །པུར་སྦྱངས་ཚེ་ན་སྙིགས་མ་རྡུལ་ཙམ་མེད། །དྭངས་མའི་རིང་བསྲེལ་སྒྲར་བཅས་མཁའ་སྤྱོད་གཤེགས། །ལྷག་མེད་མྱང་འདས་མཛད་ལ༴ །མཁའ་ལ་འཇའ་ཚོན་མེ་ཏོག་ཆར་མང་བབས། །མི་མིན་ལྷ་འདྲེའི་ཚོགས་ལ་ཆོས་གསུངས་ཞིང་། །བདེ་བ་ཅན་དུ་ཡེ་ཤེས་མཁའ་འགྲོ་མས། །གསེར་གྱི་གོ་ཆས་གདན་དྲངས༴ །སྔོན་དུས་བཻ་རོ་ཀ་ལྕོག་བྱོན་གྱུར་ཀྱང་། །ཕྱི་དར་བསྟན་ལ་རྒྱལ་བས་ལུང་བསྟན་པའི། །ལོ་ཙཱ་ཆེན་པོ་ཁྱོད་འདྲར་མ་མཆིས་ཞེས། །བསྔགས་འོས་དོན་དང་ལྡན་ལ༴ །བཀའ་དང་བསྟན་བཅོས་གླེགས་བམ་ཕྲེང་བའི་ཚོགས། །དེང་གི་དུས་བར་མ་ཉམས་བཞུགས་འདི་རྣམས། །ཁྱོད་དྲིན་ཁོ་ན་ལས་བྱུང་ཁྱེད་ཉིད་ལ། །དད་ཅིང་གུས་པས་རྟག་ཏུ་གསོལ་བ་འདེབས། །བདག་དང་བདག་འདྲའི་མཐའ་ཡས་སེམས་ཅན་རྣམས། །སྐྱེ་བ་ཀུན་ཏུ་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ཐེག་ཆེན་ཆོས་ལ་རྟག་པར་ལོངས་སྤྱོད་ཤོག །ཟག་མེད་ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས། །ཏིང་འཛིན་སྒོ་མོ་བརྒྱ་ཕྲག་འབྱེད་པ་དང་། །ཟབ་དང་རྒྱ་ཆེའི་ཤེས་རབ་ཕ་རོལ་ཕྱིན། །རྒྱལ་སྲས་ལམ་བཟང་རྟག་ཏུ་བསྟེན་པར་ཤོག །བདག་གི་མིང་ཙམ་ཐོས་པའི་སེམས་ཅན་རྣམས། །ངན་འགྲོའི་སྡུག་བསྔལ་ཐ་མར་བྱེད་པ་དང་། །བདེ་ལྡན་ཞིང་དུ་འོད་མཚན་སྟོང་འབར་ཆེའི། །དྲུང་དུ་སྐྱེས་ནས་བྱང་ཆུབ་མཆོག་ཐོབ་ཤོག །རང་དོན་ཞི་བདེའི་མཐའ་ལ་མི་གཞོལ་ཞིང་། །སྤྲུལ་པ་དཔག་མེད་འགྲོ་བའི་དོན་རབ་སྒྲུབ། །སེམས་སྟོབས་ཆེན་པོའི་གོ་ཆ་རབ་བསྒོས་ཏེ། །གཞན་དོན་བྱེད་ལ་སྐྱོ་ངལ་མེད་པར་ཤོག །རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་དང་། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་དར་ཞིང་རྒྱས། །བསྟན་ལ་འཚེ་བའི་བདུད་ཚོགས་ཀུན་ཞི་ནས། །བསྟན་པ་དྲི་མེད་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་ཕྱི་དར་བསྟན་པའི་ཐོག་མར་འགྲན་ཟླ་དང་བྲལ་བའི་མ་ཧཱ་ལོ་ཙཱ་ཆེན་པོའི་རྣམ་ཐར་ལས་མདོ་ཙམ་བཏུས་ཏེ་གསོལ་འདེབས་ངག་འདོན་དུ་བགྱི་བའང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་སྨྲ་བའི་ཉི་མས་ཆུ་འབྲུག་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཚེས་ལ་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་དབང་པོས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།

Footnotes

Other Information