རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པར་བར་ཆད་རྐྱེན་བཟློག་ཅེས་བྱ་བ་དང་སྒྲོལ་མ་ལ་བསྟོད་པ་དད་པའི་རྦ་རླབས་ཞེས་བྱ་བ། རྗེ་བཙུན་སྒྲོལ་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བར་ཆད་རྐྱེན་བཟློག་ཅེས་བྱ་བ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-002
Wylie title rje btsun sgrol ma la gsol ba 'debs par bar chad rkyen bzlog ces bya ba dang sgrol ma la bstod pa dad pa'i rba rlabs zhes bya ba/ rje btsun sgrol ma la bstod cing gsol ba 'debs pa bar chad rkyen bzlog ces bya ba/ JKCL-KABUM-03-GA-002.pdf
Location chos kyi blo gros bka' 'bum
Volume 3, Text 2, Pages 5-10 (Folios 1a1 to 3b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rje btsun sgrol ma la gsol ba 'debs par bar chad rkyen bzlog ces bya ba dang sgrol ma la bstod pa dad pa'i rba rlabs zhes bya ba rje btsun sgrol ma la bstod cing gsol ba 'debs pa bar chad rkyen bzlog ces bya ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 5-10. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Deity sgrol ma
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/prayer-to-tara-averting-obstructive-circumstances;https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/surge-of-faith-tara-praise
Colophon
  • First colophon page 7: ཅེས་པའང་མེ་བྱི་ཟླ་བདུན་ཚེས་དྲུག་ལ་གསོལ་བ་བཏབ་པའོ།།
  • Second colophon page 7: ཅེས་པའང་ཤིང་བྱི་ཟླ་༤ཚེས་༤ལ་ཆོས་ཀྱི་བློ་གྲོས་བས་གསོལ་བ་བཏབ་པའོ།།
  • Third colophon page 10: །ཅེས་པའང་ཆུ་བྱ་གནམ་ལོ་གསར་འཆར་གྱི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་སྔ་དྲོའི་ཆར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྙིང་ཐག་པར་གསོལ་བ་བཏབ་པ་སིདྡྷི་རསྟུ།།
  • First colophon page 7: ces pa'ang me byi zla bdun tshes drug la gsol ba btab pa'o//
  • Second colophon page 7: ces pa'ang shing byi zla 4tshes 4la chos kyi blo gros bas gsol ba btab pa'o//
  • Third colophon page 10: ces pa'ang chu bya gnam lo gsar 'char gyi cho 'phrul zla ba'i tshes gcig gi snga dro'i char 'jam dbyangs chos kyi blo gros pas snying thag par gsol ba btab pa sid+d+hi rastu//

1 Texts in this Section (sde tshan or chos tshan)

[edit]
རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པར་བར་ཆད་རྐྱེན་བཟློག་ཅེས་བྱ་བ་བཞུགས་སོ། །ཨོཾ། དཔལ་མོ་ཁྱོད་མཚན་ཡིད་ལ་དྲན་པ་ཡིས། །འཇིགས་པ་མཐའ་དག་མྱུར་དུ་ཞི་མཛད་ཅིང་། །དོན་གཉིས་འབད་མེད་འགྲུབ་སྟེར་མཆོག་སྦྱིན་མ། །བླ་མ་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབས། །རྒྱལ་པོ་མེ་ཆུ་ལྕགས་སྒྲོགས་དུག་མཚོན་དང་། །སྦྲུལ་དང་སེང་གེ་གླང་ཆེན་ཤ་ཟ་དང་། །ཆོམ་རྐུན་སྲིན་པོ་འབྱུང་པོ་རོ་ལོངས་སོགས། །འཇིགས་པ་བསྐྱབ་མཛད་སྒྲོལ་མར་གསོལ་བ༴ །འགྲོ་བ་གང་ཞིག་ཚེ་ཡི་དབུལ་བ་དང་། གཏི་མུག་མུན་པས་འཐིབ་པའི་འགྲོ་རྣམས་ལ། །ཟླ་ཞལ་བདུད་རྩིས་སྣང་བ་སྐྱེ་བའི་མོད། །ཚེ་དང་ཡེ་ཤེས་སྦྱིན་ལ༴ །དམར་གསལ་པདྨ་རཱ་གའི་འོད་ཟེར་གྱི། །ལྕགས་ཀྱུས་སྲིད་ཞིའི་ཕུན་ཚོགས་འགུགས་མཛད་ཅིང་། །ཀུན་ལ་དབང་བསྒྱུར་རྟག་པའི་རྒྱལ་མོ་ཆེར། །སྒྲོལ་མ་མྱུར་མ་དཔའ་མོར༴ །ཞི་ལས་མ་གཡོས་སྙིང་རྗེ་ཁྲོས་པ་ཡི། །ཁྲོ་གཉེར་གཡོ་དང་ཧཱུྃ་གི་སྒྲ་བསྒྲགས་པས། །བདུད་དང་བགེགས་རྣམས་མ་ལུས་འཇོམས་མཛད་མ། །སྒྲོལ་མ་དྲག་བྱེད་ཆེན་མོར༴ །བདེ་བའི་རོས་མྱོས་བཞད་པའི་ང་རོ་དང་། །ཞབས་གཉིས་བརྡབ་པས་འཇིག་རྟེན་བདུན་པོའི་ཚོགས། །རབ་ཏུ་གནོན་ཅིང་ཁམས་གསུམ་ཟིལ་གྱིས་གནོན། །མཐའ་ཡས་རྣམ་རྒྱལ་མ་ལ༴ གང་ཞིག་ནོར་གྱིས་དབུལ་བར་གྱུར་པ་ལ། །རྣམ་མང་ནོར་བུའི་ཆར་ཆེན་འབེབས་པ་ཡིས། །ཕོངས་པའི་སྡུག་བསྔལ་མཐའ་དག་སེལ་མཛད་པའི། །སྦྱིན་པ་མཐར་ཕྱིན་འཕགས་མར༴ །འཁོར་བའི་ཉེས་པ་ཆེ་ལས་རབ་གྲོལ་ཞིང་། །ཟག་བྲལ་དགའ་བ་མཆོག་གི་རྩེར་སོན་ཅིང་། །འཕོ་མེད་བདེ་བ་ཆེ་ལ་རྟག་རོལ་པ། །ཚུལ་ཁྲིམས་ཕར་ཕྱིན་དབང་མོར༴ །མཁའ་མཉམ་འགྲོ་བའི་དོན་ལ་རབ་བཟོད་ཅིང་། །ཀུན་གྱི་ཉེར་འཚེ་ས་གཞི་ལྟ་བུ་ཡི། །རྟག་ཏུ་ཁྲོ་མེད་སྙིང་རྗེའི་ཡོངས་གང་བ། །བཟོད་པ་དཀའ་ཐུབ་ཞི་མར༴ སྐད་ཅིག་ཙམ་ཡང་དལ་བ་མེད་པ་ཡི། །འགྲོ་བ་སྒྲོལ་ལ་རབ་ཏུ་བརྩོན་པ་གང་། །འཁོར་བ་སྟོང་པར་མ་གྱུར་དེ་སྲིད་དུ། །བརྩོན་འགྲུས་འགྲོ་སྒྲོལ་མ་ལ༴ །མི་གཡོ་ཏིང་འཛིན་རྒྱ་མཚོ་རབ་མཉེས་ཤིང་། །རྣམ་པར་བཅས་པའི་རྟོག་ཚོགས་ཐམས་ཅད་ཞི། །རྣམ་མེད་བདེ་བ་ཆེན་པོའི་རོས་མྱོས་མ། །བསམ་གཏན་གྲུབ་པ་ཆེན་མོར༴ །ཟབ་དང་རྒྱ་ཆེའི་ཆོས་ཀུན་མངོན་སུམ་གཟིགས། །ཡེ་ཤེས་རྒྱ་མཚོ་ཟད་པ་མེད་པའི་ཐུགས། །ཡོན་ཏན་རྒྱ་མཚོ་སངས་རྒྱས་ཀུན་དང་མཉམ། །ཤེས་རབ་ཕར་ཕྱིན་སྒྲོལ་མ་གསོལ་བ་འདེབས། །ཁྱེད་ལ་རྟག་ཏུ་དད་པས་གསོལ་འདེབས་མཐུས། །བདག་སོགས་འགྲོ་རྣམས་བར་ཆད་ཀུན་ལས་སྐྱོབས། །སྒྲོལ་མའི་ཐུགས་རྗེས་རྟག་ཏུ་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་མེ་བྱི་ཟླ་བདུན་ཚེས་དྲུག་ལ་གསོལ་བ་བཏབ་པའོ།། །། ༈ སྒྲོལ་མ་ལ་བསྟོད་པ་དད་པའི་རྦ་རླབས་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། ཀ་མ་ལ་ལྟར་དཀར་བའི། །ཁ་བའི་ལྗོངས་ཀྱི་འཕགས་མཆོག །ག་ལེར་སེམས་ཅན་ལ་གཟིགས། །ང་བདག་འགོང་པོས་མནར་བ། །ཅ་ཅོའི་གདུང་བས་བཤམ་པས། །ཆ་ལུགས་ཁ་དོག་མཛེས་ཤིང་། །ཇ་བཞིན་ཀུན་ལ་ཁྱབ་པའི། །ཉ་བཞིན་ཐུགས་རྗེ་མྱུར་མ། ཏ་རེ་འཕགས་མ་སྒྲོལ་མ། །ད་ལྟར་ཕྲིན་ལས་མཛད་བཞིན། །ན་བ་སོགས་ཀྱི་འཇིགས་སྐྱོབས། །པ་ལ་ཤ་ལྟར་འཇམ་ཞིང་། །ཕ་རོལ་ཚོགས་ཀུན་དབང་སྡུད། །བ་བཞིན་འདོད་པ་ཀུན་འཇོ། །མ་ལྟར་འགྲོ་བར་བྱམས་མ། །ཙ་ར་ལྟ་བུའི་ཚད་སོལ། །ཚ་གྲང་སྐད་ཅིག་འཇོམས་མ། །ཛ་ལང་གདུག་པའི་སེམས་ལྡན། །ཝ་སྐྱེས་དགྲ་གདོན་བརླག་ཅིང་། །ཞ་འཁུམ་ཅན་རྣམས་སྒྲོལ་མ། །ཟ་མ་ཙམ་ཡང་མི་གཡེལ། །འ་འུར་སྤྲོས་པར་རབ་ཞི། །ཡ་མཚན་ཅན་གྱི་ལྷ་མོ། །ར་མ་ཎ་ཡི་བཅས་བཞིན། །ལ་འཕྲད་ཆུ་སོགས་ཀུན་ནས། །ཤ་བ་ལྟ་བུར་བསྒྲོད་དུས། །ས་ལྟར་བརྟན་པའང་གསོལ་འདེབས། །ཧ་ཧ་ཧཱུྃ་ཧཱུྃ་སྒྲ་ཡིས། །ཨ་དོན་སྐྱེ་མེད་རྟོགས་པར། །བླ་མ་སྒྲོལ་མས་བྱིན་རློབས། །ཅེས་པའང་ཤིང་བྱི་ཟླ་༤ཚེས་༤ལ་ཆོས་ཀྱི་བློ་གྲོས་བས་གསོལ་བ་བཏབ་པའོ།། །། ༈ རྗེ་བཙུན་སྒྲོལ་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བར་ཆད་རྐྱེན་བཟློག་ཅེས་བྱ་བ་བཞུགས་སོ། །ན་མཿགུ་རུ་ཨཪྻ་ཏཱ་ར་ཡེ། དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ། །ལྷ་ཡི་ལྷ་མཆོག་རྗེ་བཙུན་འཕགས་མ་དང་། །དྲན་བས་གདུང་སེལ་དཔལ་ལྡན་བླ་མ་ཉིད། །ཐ་དད་མེད་པར་གུས་པས་བསྟོད་པར་བགྱི། །བསྐལ་མང་གོང་ནས་ཐུགས་བསྐྱེད་རྩ་ལག་བརྟན། །ཕན་བདེའི་གྲིབ་བསིལ་སྣུམ་པོར་འབྱིན་མཛད་ཅིང་། །གང་མཚན་དྲན་པས་སྲིད་ཞིའི་འཇིགས་འཕྲོག་མ། །སྦྱིན་པའི་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །འཕོ་མེད་དགའ་བཞིའི་དྲི་བསུང་མངར་པོ་ཡི། །རྒྱལ་དང་དེ་སྲས་བསྐྱོད་ཅིང་སྡུད་མཛད་ཅིང་། །སྙིང་རྗེའི་རི་བོང་དཀར་པོ་ཡོངས་འཛིན་མ། །ཚུལ་ཁྲིམས་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །འགྲོ་ཁམས་རྒྱ་མཚོར་སྐྱོ་བའི་སེམས་དང་བྲལ། །ཇི་ཙམ་གནོད་ལ་དེ་ཙམ་བཟོད་པ་ཡིས། །སྲིད་པའི་མཐར་ཡང་འགྲོ་བའི་དོན་སྒྲུབ་པ། །བཟོད་པའི་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །སྐད་ཅིག་རེར་ཡང་ཞིང་ཁམས་རྒྱ་མཚོ་རུ། །རྫུ་འཕྲུལ་བཀོད་པ་བསམ་མི་ཁྱབ་པ་ཡི། །འགྲོ་སྒྲོལ་གོ་ཆ་བརྟན་ཅིང་ཐུགས་རྗེ་མྱུར། །བརྩོན་འགྲུས་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །དེ་བཞིན་གཤེགས་པ་རབ་དགེས་བསམ་གཏན་གྱི། །སྒོ་མོ་བརྒྱ་ཕྲག་མང་པོར་འཇུག་ཅིང་ལྡང་། །ཀུན་རྟོག་ཡིད་བྱེད་འཁྲུག་པ་རྩད་ནས་སྤང་། །བསམ་གཏན་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །བདག་མེད་རྟོག་པའི་ཤེས་རབ་རལ་གྲི་ཡིས། །ཀུན་རྨོངས་མུན་པའི་རྩ་བ་དྲུང་ནས་འབྱིན། །ངེས་དོན་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །ཐབས་ལ་མཁས་པའི་འཕྲུལ་ཞགས་རིང་པོ་ཡིས། །བྱང་ཆུབ་ཆོས་ཁམས་རྒྱ་མཚོ་སྡུད་མཛད་ཅིང་། །སེམས་ཅན་དཔག་མེད་འདུལ་མཁས་སྒྲོལ་མ་ནི། །ཐབས་ཀྱི་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །བདུད་ཀྱི་དཔུང་རྣམས་གསང་གསུམ་འོད་ཟེར་རྒྱས། །ཟིལ་གྱིས་གནོན་ཅིང་སྟོབས་བཅུའི་དབང་ཕྱུག་མ། །ཁྲོ་གཉེར་ཅན་ཞེས་དྲག་མོ་ཆེན་མོ་ནི། །སྟོབས་ཀྱི་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །ཀུན་ཏུ་བཟང་པོའི་སྨོན་ལམ་མཐའ་ཡས་རྣམས། །གང་ལ་བྱིན་པ་དེ་བཞིན་མངོན་དུ་འགྲུབ། །གོང་གི་སྨོན་ལམ་མཐའ་ནི་བསམ་མི་ཁྱབ། །སྨོན་ལམ་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །ཡེ་ཤེས་རྒྱ་མཚོ་གཏིང་དཔག་དཀའ་བའི་ཐུགས། །སྒྲིབ་བྲལ་མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་ཤིང་། །སངས་རྒྱས་ཀུན་དང་མཐུན་པར་རྗེས་འགྲོ་བ། །ཡེ་ཤེས་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །གཟོད་ནས་མངོན་བྱང་ཆུབ་ཀྱང་སེམས་མའི་སྐུར། །སྟོན་ནས་འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང་། །དོན་དམ་ཆོས་དབྱིངས་འོད་གསལ་ཆེན་པོའི་སྐུ། །ཆོས་སྐུའི་ཕར་ཕྱིན་ལྷ་མོར་གུས་པས་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་རྣམས་ཀྱི་དམ་ཆོས་སྒྲུབ་པ་ལ། །བར་དུ་གཅོད་པ་མ་ལུས་སེལ་མཛད་ཅིང་། །བླ་མ་སྒྲོལ་མའི་ཕྱག་གིས་མ་གཏོངས་ཤིག །ཁྱོད་ཀྱི་ཞབས་རྟེན་པདྨོར་གུས་བསྟོད་ནས། །བསྟོད་པའི་རྒྱལ་པོའི་མཆོད་སྤྲིན་ཕུལ་བ་ན། །དགྱེས་བརྩེའི་ཐུགས་ཀྱི་འོད་ཟེར་བདུད་རྩིའི་རྒྱུན། །བདག་གི་སྙིང་ལ་ཞུགས་པར་མཛད་དུ་གསོལ། །ངེས་འབྱུང་ཚུལ་ཁྲིམས་བྱམས་དང་སྙིང་རྗེ་དང་། །བྱང་ཆུབ་སེམས་གཉིས་གཏེར་ལ་དབང་འབྱོར་ཞིང་། །ཡང་དག་ལྟ་བའི་སྒྲོ་འདོགས་ཆོད་པ་དང་། །ཆོས་ཉིད་གནས་ལུགས་ཟབ་མོའི་དོན་རྟོགས་ཤོག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་བཙུན་བླ་མ་འཕགས་མ་སྒྲོལ་མ་ཡིས། །རྗེས་བཟུང་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །བཀྲ་ཤིས་དགེ་མཚན་གསར་པས་ཁྱབ་པར་ཤོག །ཅེས་པའང་ཆུ་བྱ་གནམ་ལོ་གསར་འཆར་གྱི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་སྔ་དྲོའི་ཆར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྙིང་ཐག་པར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།
[edit]

rje btsun sgrol ma la gsol ba 'debs par bar chad rkyen bzlog ces bya ba bzhugs so/____/oM/__dpal mo khyod mtshan yid la dran pa yis/____/'jigs pa mtha' dag myur du zhi mdzad cing /____/don gnyis 'bad med 'grub ster mchog sbyin ma/____/bla ma rje btsun sgrol mar gsol ba 'debs/____/rgyal po me chu lcags sgrogs dug mtshon dang /____/sbrul dang seng ge glang chen sha za dang /____/chom rkun srin po 'byung po ro longs sogs/____/'jigs pa bskyab mdzad sgrol mar gsol ba=____/'gro ba gang zhig tshe yi dbul ba dang /__gti mug mun pas 'thib pa'i 'gro rnams la/____/zla zhal bdud rtsis snang ba skye ba'i mod/____/tshe dang ye shes sbyin la=____/dmar gsal pad+ma rA ga'i 'od zer gyi/____/lcags kyus srid zhi'i phun tshogs 'gugs mdzad cing /____/kun la dbang bsgyur rtag pa'i rgyal mo cher/____/sgrol ma myur ma dpa' mor=____/zhi las ma g.yos snying rje khros pa yi/____/khro gnyer g.yo dang hU~M gi sgra bsgrags pas/____/bdud dang bgegs rnams ma lus 'joms mdzad ma/____/sgrol ma drag byed chen mor=____/bde ba'i ros myos bzhad pa'i nga ro dang /____/zhabs gnyis brdab pas 'jig rten bdun po'i tshogs/____/rab tu gnon cing khams gsum zil gyis gnon/____/mtha' yas rnam rgyal ma la=__gang zhig nor gyis dbul bar gyur pa la/____/rnam mang nor bu'i char chen 'bebs pa yis/____/phongs pa'i sdug bsngal mtha' dag sel mdzad pa'i/____/sbyin pa mthar phyin 'phags mar=____/'khor ba'i nyes pa che las rab grol zhing /____/zag bral dga' ba mchog gi rtser son cing /____/'pho med bde ba che la rtag rol pa/____/tshul khrims phar phyin dbang mor=____/mkha' mnyam 'gro ba'i don la rab bzod cing /____/kun gyi nyer 'tshe sa gzhi lta bu yi/____/rtag tu khro med snying rje'i yongs gang ba/____/bzod pa dka' thub zhi mar=__skad cig tsam yang dal ba med pa yi/____/'gro ba sgrol la rab tu brtson pa gang /____/'khor ba stong par ma gyur de srid du/____/brtson 'grus 'gro sgrol ma la=____/mi g.yo ting 'dzin rgya mtsho rab mnyes shing /____/rnam par bcas pa'i rtog tshogs thams cad zhi/____/rnam med bde ba chen po'i ros myos ma/____/bsam gtan grub pa chen mor=____/zab dang rgya che'i chos kun mngon sum gzigs/____/ye shes rgya mtsho zad pa med pa'i thugs/____/yon tan rgya mtsho sangs rgyas kun dang mnyam/____/shes rab phar phyin sgrol ma gsol ba 'debs/____/khyed la rtag tu dad pas gsol 'debs mthus/____/bdag sogs 'gro rnams bar chad kun las skyobs/____/sgrol ma'i thugs rjes rtag tu rjes bzung nas/____/don gnyis lhun gyis 'grub pa'i bkra shis shog__/ces pa'ang me byi zla bdun tshes drug la gsol ba btab pa'o//____//____!__sgrol ma la bstod pa dad pa'i rba rlabs zhes bya ba bzhugs/__oM swa sti/__ka ma la ltar dkar ba'i/____/kha ba'i ljongs kyi 'phags mchog__/ga ler sems can la gzigs/____/nga bdag 'gong pos mnar ba/____/ca co'i gdung bas bsham pas/____/cha lugs kha dog mdzes shing /____/ja bzhin kun la khyab pa'i/____/nya bzhin thugs rje myur ma/__ta re 'phags ma sgrol ma/____/da ltar phrin las mdzad bzhin/____/na ba sogs kyi 'jigs skyobs/____/pa la sha ltar 'jam zhing /____/pha rol tshogs kun dbang sdud/____/ba bzhin 'dod pa kun 'jo/____/ma ltar 'gro bar byams ma/____/tsa ra lta bu'i tshad sol/____/tsha grang skad cig 'joms ma/____/dza lang gdug pa'i sems ldan/____/wa skyes dgra gdon brlag cing /____/zha 'khum can rnams sgrol ma/____/za ma tsam yang mi g.yel/____/'a 'ur spros par rab zhi/____/ya mtshan can gyi lha mo/____/ra ma Na yi bcas bzhin/____/la 'phrad chu sogs kun nas/____/sha ba lta bur bsgrod dus/____/sa ltar brtan pa'ang gsol 'debs/____/ha ha hU~M hU~M sgra yis/____/a don skye med rtogs par/____/bla ma sgrol mas byin rlobs/____/ces pa'ang shing byi zla 4tshes 4la chos kyi blo gros bas gsol ba btab pa'o//____//____!__rje btsun sgrol ma la bstod cing gsol ba 'debs pa bar chad rkyen bzlog ces bya ba bzhugs so/____/na maHgu ru aR+Ya tA ra ye/__dus gsum rgyal ba ma lus bskyed pa'i yum/____/lha yi lha mchog rje btsun 'phags ma dang /____/dran bas gdung sel dpal ldan bla ma nyid/____/tha dad med par gus pas bstod par bgyi/____/bskal mang gong nas thugs bskyed rtsa lag brtan/____/phan bde'i grib bsil snum por 'byin mdzad cing /____/gang mtshan dran pas srid zhi'i 'jigs 'phrog ma/____/sbyin pa'i phar phyin lha mor gus pas bstod/____/'pho med dga' bzhi'i dri bsung mngar po yi/____/rgyal dang de sras bskyod cing sdud mdzad cing /____/snying rje'i ri bong dkar po yongs 'dzin ma/____/tshul khrims phar phyin lha mor gus pas bstod/____/'gro khams rgya mtshor skyo ba'i sems dang bral/____/ji tsam gnod la de tsam bzod pa yis/____/srid pa'i mthar yang 'gro ba'i don sgrub pa/____/bzod pa'i phar phyin lha mor gus pas bstod/____/skad cig rer yang zhing khams rgya mtsho ru/____/rdzu 'phrul bkod pa bsam mi khyab pa yi/____/'gro sgrol go cha brtan cing thugs rje myur/____/brtson 'grus phar phyin lha mor gus pas bstod/____/de bzhin gshegs pa rab dges bsam gtan gyi/____/sgo mo brgya phrag mang por 'jug cing ldang /____/kun rtog yid byed 'khrug pa rtsad nas spang /____/bsam gtan phar phyin lha mor gus pas bstod/____/bdag med rtog pa'i shes rab ral gri yis/____/kun rmongs mun pa'i rtsa ba drung nas 'byin/____/nges don rgyal ba thams cad bskyed pa'i yum/____/shes rab phar phyin lha mor gus pas bstod/____/thabs la mkhas pa'i 'phrul zhags ring po yis/____/byang chub chos khams rgya mtsho sdud mdzad cing /____/sems can dpag med 'dul mkhas sgrol ma ni/____/thabs kyi phar phyin lha mor gus pas bstod/____/bdud kyi dpung rnams gsang gsum 'od zer rgyas/____/zil gyis gnon cing stobs bcu'i dbang phyug ma/____/khro gnyer can zhes drag mo chen mo ni/____/stobs kyi phar phyin lha mor gus pas bstod/____/kun tu bzang po'i smon lam mtha' yas rnams/____/gang la byin pa de bzhin mngon du 'grub/____/gong gi smon lam mtha' ni bsam mi khyab/____/smon lam phar phyin lha mor gus pas bstod/____/ye shes rgya mtsho gting dpag dka' ba'i thugs/____/sgrib bral mkhyen pa'i dkyil 'khor rab rgyas shing /____/sangs rgyas kun dang mthun par rjes 'gro ba/____/ye shes phar phyin lha mor gus pas bstod/____/gzod nas mngon byang chub kyang sems ma'i skur/____/ston nas 'jigs pa kun las skyob mdzad cing /____/don dam chos dbyings 'od gsal chen po'i sku/____/chos sku'i phar phyin lha mor gus pas bstod/____/de ltar bstod cing gsol ba btab pa'i mthus/____/bdag sogs rnams kyi dam chos sgrub pa la/____/bar du gcod pa ma lus sel mdzad cing /____/bla ma sgrol ma'i phyag gis ma gtongs shig__/khyod kyi zhabs rten pad+mor gus bstod nas/____/bstod pa'i rgyal po'i mchod sprin phul ba na/____/dgyes brtse'i thugs kyi 'od zer bdud rtsi'i rgyun/____/bdag gi snying la zhugs par mdzad du gsol/____/nges 'byung tshul khrims byams dang snying rje dang /____/byang chub sems gnyis gter la dbang 'byor zhing /____/yang dag lta ba'i sgro 'dogs chod pa dang /____/chos nyid gnas lugs zab mo'i don rtogs shog__/mdor na 'di nas byang chub snying po'i bar/____/rje btsun bla ma 'phags ma sgrol ma yis/____/rjes bzung don gnyis lhun gyis grub pa dang /____/bkra shis dge mtshan gsar pas khyab par shog__/ces pa'ang chu bya gnam lo gsar 'char gyi cho 'phrul zla ba'i tshes gcig gi snga dro'i char 'jam dbyangs chos kyi blo gros pas snying thag par gsol ba btab pa sid+d+hi rastu//____//_

Footnotes

Other Information