དཔལ་ལྡན་ས་སྐྱ་པཎྜི་ཏ་ལ་བསྟོད་པ་མུ་ཏིག་ཕྲེང་མཛེས།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-088
Wylie title dpal ldan sa skya paN+Di ta la bstod pa mu tig phreng mdzes JKCL-KABUM-02-KHA-088.pdf
Location chos kyi blo gros bka' 'bum
Volume 2, Text 88, Pages 675-677 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་སྐྱ་པཎྜི་ཏ་ (sa skya paN+Di ta)
Citation 'jam dbyangs mkhyen brtse chos kyi blo gros. dpal ldan sa skya paN+Di ta la bstod pa mu tig phreng mdzes. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 675-677. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་མགོ་ཟླ་བའི་ཚེས་༡༤དུས་ཀྱི་མཆོད་པའི་ཉིན་གསོལ་བ་བཏབ་པ་དགེ་ཞིང་བཀྲ་ཤིས་སོ། །

/ces pa'ang chos kyi blo gros pas chu bya mgo zla ba'i tshes 14dus kyi mchod pa'i nyin gsol ba btab pa dge zhing bkra shis so/

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་ས་སྐྱ་པཎྜི་ཏ་ལ་བསྟོད་པ་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མས་མཚུངས་མེད་མཁྱེན་རབ་འོད་ཀྱི་སྣང་བས་སྲིད་ཞིར་རྒྱས། །ཡེ་ཤེས་ཆེན་པོའི་མཛོད་འཛིན་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ་གཅིག་པུ། །རྒྱལ་བ་ཀུན་གྱི་ཐུགས་ལ་ཞུགས་ཤིང་མི་རྟོག་ཡེ་ཤེས་རྗེས་འགྲོ་བ། །འཇམ་དཔལ་རྡོ་རྗེའི་སྲོག་དང་རབ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། ༡། གང་གི་མཐུ་ཡི་བྱིན་གྱིས་བརླབས་པའི་དཔལ་གྱིས་དཔལ་གྱུར་འཇམ་པའི་དབྱངས། །སྐྱེ་མེད་ངང་ལས་སྐྱེ་བའི་ཆོ་འཕྲུལ་དྭངས་པའི་རྫིང་བུར་ཟླ་གཟུགས་བཞིན། །གང་ལ་གང་འདུལ་སྒྱུ་མའི་རོལ་རྩེད་བྱེ་བ་བསམ་ལས་འདས་པ་ཡི། །འགྲོ་ལ་ཕན་པ་ཉེར་སྒྲུབ་མཐུ་ལྡན་དཔག་བསམ་ཤིང་དང་བསམ་འཕེལ་དབང་། ༢། རེ་ཞིག་ཙམ་མིན་གཏན་བདེ་མཆོག་ལ་མ་ལུས་ཡོངས་སུ་འགོད་པར་བྱེད། །སྲིད་ཞིའི་འཇིགས་འཕྲོག་འཆི་བདག་བདུད་སེལ་ལྷ་ཡི་རྒྱལ་པོ་འཇམ་པའི་དབྱངས། །ས་གསུམ་འདི་ན་ཞབས་སེན་རྡུལ་འོད་དམར་པོས་མ་བཏུད་འགའ་ཡང་མེད། །སྟོན་པ་ཉི་མ་མཆོག་ཉིད་ཀྱང་ནི་ཁྱོད་ལ་བསྔགས་པ་ཉིན་བཞིན་མཛད། ༣། ཐབས་ལ་མཁས་པའི་མཛད་ཕྲིན་བསམ་ཡས་སིལ་སྙན་བརྒྱ་པ་ཕྱོགས་བཅུར་འཁྲོལ། །དེ་ཡི་རང་བཞིན་སུས་ཀྱང་རྟོགས་དཀའ་རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས། །འབྲུག་སྒྲའི་དབྱངས་དང་གཞོན་ནུའི་ལུས་ཅན་བཅུ་དྲུག་ལང་ཚོའི་དཀྱིལ་འཁོར་རྒྱས། །གསང་བ་གསུམ་གྱི་ཡོན་ཏན་མཐའ་ཀླས་མགོན་པོ་བཅོམ་ལྡན་མཁྱེན་གཏེར་ཆེ། ༤། སྲིད་པའི་ཞིང་སར་སྐྱེ་དགུའི་མྱུ་གུ་འདམས་ལ་གནས་པའི་པདྨ་བཞིན། །ཉེས་པས་རབ་དབེན་རྡུལ་དང་བྲལ་ཞིང་རྟག་པར་སེམས་ཅན་དོན་སྒྲུབ་པ། །ངོ་མཚར་སྙེ་མ་བསྒྲང་བར་དཀའ་ཞིང་བྱེ་བྲག་འཛམ་བུའི་སྒྲ་སྙན་པར། །མཁས་དང་བཙུན་པའི་གཏམ་གྱིས་གྲགས་སྙན་རིང་དུ་འགྲོ་བ་རྣམ་མང་གི༥། དབུས་ནས་རབ་འཕགས་ས་འཛིན་སྐྱེ་བོའི་གདོང་ལྔའི་སྤོར་འགྱིང་དཔལ་ལྡན་པ། །འཆི་མེད་ལམ་ནས་ལེགས་པར་འཐོན་པའི་འཁོན་གྱི་རིགས་ཀྱི་ཐིག་ལེ་ཆེ། །དོན་རྣམས་ཀུན་གྲུབ་ཀུན་ཏུ་དགའ་བའི་མཛེས་སྐུ་ཟླ་ཤེལ་ཕུང་པོ་ཆེས། ༦། མཚན་མཆོག་བཟང་པོ་སོ་གཉིས་དང་ནི་དཔེ་བྱད་བརྒྱད་ཅུའི་མེ་ཏོག་བཀྲ། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཉི་མ་འཆར་ཁའི་འོད་སྣང་དང་འགྲོགས་ཤིང་། །རྟག་ཆད་མཐའ་བྲལ་ཆོས་དབྱིངས་མཁའ་ལ་རྟག་པར་འཁོར་བས་མུན་པ་སེལ། །ཤེས་རབ་རལ་གྲི་མཐིང་འོད་འབར་བས་མུ་སྟེགས་གླང་པོའི་མགོ་བོ་བྲེག༧། ཆོས་ཕུང་མི་འཛད་གསུང་རབ་ཀུན་གྱི་གླེགས་བམ་མགུལ་པར་སྦས་པ་ལས། །བྱུང་བའི་ཆོས་ཆར་ཞལ་ལས་སྐྱུགས་པའི་བདུད་རྩིའི་ཐིགས་པས་མཁའ་རྣམས་འཚོ། །སྡོམ་གསུམ་འཁྲུལ་བསལ་རིག་པའི་གཏེར་ཆེན་སྨྲ་བའི་མཚོན་ཆ་རྣོན་པོ་ཡིས། །ཐུབ་པའི་གསུང་རབ་མོག་པོར་བྱེད་རྣམས་སྙིང་ལ་ཟུག་རྔུ་ཤུགས་ཀྱིས་འཕེལ། ༨། བརྩེ་ཆེན་གངྒཱའི་ཆབ་ཀྱིས་བཀྲུས་པས་ཐུབ་དགོངས་ལྟ་སྒོམ་སྤྱོད་པ་རྣམས། །མཁས་གྲུབ་རྒྱ་མཚོས་སྙིང་དང་མིག་བཞིན་དྲན་པས་གདུང་སེལ་གཙུག་ནོར་ཆེ། །ཤིན་ཏུ་གསལ་ལ་མཚུངས་ཟླ་མ་མཆིས་ཆོས་རྗེ་ཐམས་ཅད་མཁྱེན་པ་ནི། །ལྷར་བཅས་འགྲོ་བའི་བླ་མར་གྱུར་ཅིང་རྐང་གཉིས་གཙོ་བོ་དམ་པ་རྒྱལ། ༩། དེ་ལྟར་འཇམ་དབྱངས་བླ་མ་ལ། །མོས་གུས་སྟོབས་ཀྱིས་བསྐུལ་བ་ལས། །བྱུང་བའི་བསྟོད་པ་མུ་ཐིག་ལེའི། །ཕྲེང་མཛེས་ཅུང་ཟད་བསྟར་བ་འདིས། །འཇམ་དབྱངས་བླ་མས་རྗེས་བཟུང་ནས། །སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཞིང་། །སོ་སོར་རིག་བཞིས་དབང་འབྱོར་ནས། །དོན་གཉིས་འབད་མེད་འབྱུང་གྱུར་ཅིག །ཅེས་པའང་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་མགོ་ཟླ་བའི་ཚེས་༡༤དུས་ཀྱི་མཆོད་པའི་ཉིན་གསོལ་བ་བཏབ་པ་དགེ་ཞིང་བཀྲ་ཤིས་སོ། ། །།

Footnotes

Other Information