JKCL-KABUM-02-KHA-062

From Khyentse Lineage - A Tsadra Foundation Project

‎‎

ཀུན་མཁྱེན་ངག་གི་དབང་པོར་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན།
Wylie title kun mkhyen ngag gi dbang por bstod pa dpyid kyi rgyal mo'i dbyangs snyan JKCL-KABUM-02-KHA-062.pdf
Location chos kyi blo gros bka' 'bum
Volume 2, Text 62, Pages 599-561 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཀློང་ཆེན་རབ་འབྱམས་ (Klong chen pa)
Citation 'jam dbyangs mkhyen brtse chos kyi blo gros. kun mkhyen ngag gi dbang por bstod pa dpyid kyi rgyal mo'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 599-561. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་མེ་ཁྱི་ཐ་སྐར་ཟླ་བའི་ཚེས་༢༧བཟང་པོར་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོར་རྩལ་གྱིས་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་ཀུན་བཟང་འཇིགས་མེད་ཚེ་རིང་དབང་གི་རྒྱལ་པོས་བྲིས་པ་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།

/ces pa'ang me khyi tha skar zla ba'i tshes 27bzang por rig 'dzin kun bzang 'od gsal snying por rtsal gyis smras rim bzhin yi ge'i byed po rang slob kun bzang 'jigs med tshe ring dbang gi rgyal pos bris pa ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/sarba dA mang+ga laM/

[edit]
ཀུན་མཁྱེན་ངག་གི་དབང་པོར་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ན་མཿསརྦ་ཛྙཱ་ན་མཉྫུ་གྷོ་ཥ་ཡ། རྣམ་ཀུན་མཆོག་ལྡན་བྱང་ཆུབ་སེམས་རྡོ་རྗེ། །རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་ཀུན་ཏུ་བཟང་། །རིག་སྟོང་རྡོ་རྗེ་དང་པོའི་སངས་རྒྱས་ལ། །གཉུག་མ་ལྷུན་རྫོགས་ངང་ནས་ཕྱག་འཚལ་ལོ། །ཀུན་མཁྱེན་ཀུན་རིག་ཀུན་ཤེས་དྲི་མ་མེད། །ཡེ་ཤེས་གཟིགས་པའི་སྤྱན་སྟོང་རྣམ་པ་བཀྲ། །ལོག་རྟོག་ལྷ་མིན་གླང་པོའི་ཀླད་འགེམ་པ། །ལྷ་དབང་རྡོ་རྗེ་འཇིག་རྟེན་གསུམ་ན་རྒྱལ། །ཆོས་རྣམས་ཀུན་བཟང་དག་པའི་ཀློང་ཆེན་པོ། །མི་གཡོ་མི་འགྱུར་མི་འཕོ་རྟག་གནས་པ། །ཞི་ཁྲོ་རབ་འབྱམས་སྤྲོ་དང་བསྡུ་བའི་དཔལ། །ཀུན་མཁྱེན་བླ་མ་ཀུན་བཟང་གདོད་མའི་མགོན། །གཅིག་དང་དུ་མ་ལས་འདས་ཡེ་ཤེས་སྐུ། །མཚན་དཔེའི་ཉམས་བརྒྱ་སྒེག་པའི་ཉམས་འགྱུར་སྟོང་། །བྱེ་བ་ཕྲག་འབུམ་སྐད་ཅིག་སྟོན་པ་ཡི། །རྒྱལ་བ་རྒྱལ་བའི་ཆོ་འཕྲུལ་ལྷམ་མེར་གསལ། །འགྲོ་བའི་གཙོ་བོ་ཤཱཀྱ་སེང་གེ་ཡི། །རྒྱལ་ཚབ་དགའ་ལྡན་ལྷ་བརྒྱའི་བདག་པོ་དང་། །གངས་ཀྱི་རི་བོའི་ལྗོངས་འདིར་ཁྱོད་ཉིད་ལས། །གཞན་དུ་མ་དམིགས་མངོན་སུམ་ཚད་མས་གྲུབ། །ཐེག་པའི་ཡང་རྩེ་ངེས་དོན་རྫོགས་པ་ཆེ། །གཉིས་མེད་བདེན་གསུམ་སེངྒེའི་སྒྲ་སྒྲག་པ། །འཕགས་པའི་ཡུལ་དུ་དགའ་རབ་དཔའ་བོ་དང་། །བྱང་ཕྱོགས་འདི་ན་ཀློང་ཆེན་རབ་འབྱམས་གྲགས། །དྲི་མེད་འོད་ཟེར་ཉིན་བྱེད་སྟོང་འཕྲོ་བས། །མཁས་དང་གྲུབ་པའི་པད་ཚལ་རབ་ཏུ་བཞད། །ཕྱི་ནང་རིག་སྨྲ་ཅ་ཅོར་སྒྲོགས་པ་རྣམས། །ཚ་ཟེར་ཅན་གྱིས་གདུང་བའི་ཀུ་མུད་བཞིན། །འཇམ་དཔལ་དཔའ་བོའི་མཁྱེན་པའི་ཡེ་ཤེས་དང་། །པད་དཀར་འཆང་བའི་བརྩེ་ཆེན་གོང་བུ་ཆེ། །གསང་བའི་བདག་པོའི་མཐུ་སྟོབས་རྡོ་རྗེ་སྟེ། །རིགས་གསུམ་གཅིག་འདུས་ངོ་མཚར་སྤྲུལ་པའི་སྐུ། །མ་ཧཱ་གུ་རུ་པདྨ་རྒྱལ་པོ་ཡི། །གསང་གསུམ་བྱིན་རླབས་ཆུ་གཏེར་འབྱིན་པ་ལས། །ཀུན་མཁྱེན་ལུང་གིས་སྤྲིན་ཆེན་རབ་འཁྲིགས་ཤིང་། །ཡང་དག་རིགས་པའི་གློག་གི་ཞགས་པ་རྩེན། །ཟག་མེད་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། །མང་ཐོས་དཔག་བསམ་ལྗོན་པ་རབ་རྒྱས་ཤིང་། །བློ་གྲོས་ཡལ་འདབ་ཕྱོགས་བརྒྱར་གྲོལ་བའི་རྩེར། །ངག་གི་དབང་པོའི་འབྲས་བཟང་རྣམ་པར་སྨིན། །འཆད་རྩོད་རྩོམ་པའི་ཡོན་ཏན་ཟླ་མེད་པའི། །རྣམ་ཐར་བློ་གསལ་རྒྱ་མཚོའི་ཡིད་འཕྲོག་བཞིན། །མཚན་སྙན་རྒྱ་མཚོའི་ཕ་མཐར་ཁྱབ་པ་ཡིས། །ཀུན་མཁྱེན་འགྲོ་བའི་བླ་མ་མཚུངས་ཟླས་དབེན། །ཆོས་སྐུའི་དགོངས་པ་ནམ་མཁར་ལྟར་དག་ཅིང་། །ལོངས་སྐུ་འོད་གསལ་སྣང་བ་འབྱམས་ཀླས་ཤིང་། །གང་འདུལ་སྤྲུལ་སྐུ་སྣ་ཚོགས་རང་སར་གྲོལ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་སྤྱི་བོས་འདུད། །གང་ཚེ་བདེ་བར་གཤེགས་པ་ཀུན་གྱི་གཙོ། །འདྲེན་པ་རི་རབ་མར་མེའི་རྒྱལ་མཚན་ཞེས། །འཇིག་རྟེན་གསུམ་གྱི་ལྷ་མིའི་མཆོད་འོས་ཆེར། །མངོན་འཚང་རྒྱ་བའི་མགོན་པོ་གང་དེར་བསྔགས། །དེ་ལྟར་རབ་བསྔགས་དཔྱིད་ཀྱི་རྒྱལ་མོ་ནི། །ཙ་ཀོ་ར་ཡི་དབྱངས་སྙན་འདི་བརྗོད་པས། །ཡེ་ཤེས་སྐུ་ནི་མངོན་སུམ་བསྟེན་པ་དང་། །གསུང་གི་བདུད་རྩིའི་ཡང་ཡང་དབུག་དབྱུང་མཛོད། །དག་དང་མ་དག་སྐྱེ་བའི་ཕྲེང་བ་ནི། །ཇི་ཙམ་བརྒྱུད་ཀྱང་ཀུན་མཁྱེན་བླ་མ་ཉིད། །སྐྱབས་ཀྱི་མཆོག་ཏུ་བཟུང་བའི་གཡར་དམ་ནི། །མི་འགྱུར་བརྟན་པས་ཐུགས་རྗེས་བཟུང་དུ་གསོལ། །གང་དུ་སྡོད་ཀྱང་ཁྱོད་སྐུའི་སྣང་བ་གསལ། །ཇི་ལྟར་བསམ་ཀྱང་ཁྱོད་གསུང་སྦྲང་རྩི་མྱོང་། །དེ་དོན་སྒོམ་པས་ཏིང་འཛིན་རྩེ་མོར་སོན། །ཀུན་མཁྱེན་རྒྱལ་བའི་དགོངས་པར་དབང་འབྱོར་ཤོག །ཅེས་པའང་མེ་ཁྱི་ཐ་སྐར་ཟླ་བའི་ཚེས་༢༧བཟང་པོར་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོར་རྩལ་གྱིས་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་ཀུན་བཟང་འཇིགས་མེད་ཚེ་རིང་དབང་གི་རྒྱལ་པོས་བྲིས་པ་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །
[edit]

kun mkhyen ngag gi dbang por bstod pa dpyid kyi rgyal mo'i dbyangs snyan zhes bya ba bzhugs so/____/na maHsarba dz+nyA na many+dzu g+ho Sha ya/__rnam kun mchog ldan byang chub sems rdo rje/____/rgyu rkyen rtsol sgrub las 'das kun tu bzang /____/rig stong rdo rje dang po'i sangs rgyas la/____/gnyug ma lhun rdzogs ngang nas phyag 'tshal lo/____/kun mkhyen kun rig kun shes dri ma med/____/ye shes gzigs pa'i spyan stong rnam pa bkra/____/log rtog lha min glang po'i klad 'gem pa/____/lha dbang rdo rje 'jig rten gsum na rgyal/____/chos rnams kun bzang dag pa'i klong chen po/____/mi g.yo mi 'gyur mi 'pho rtag gnas pa/____/zhi khro rab 'byams spro dang bsdu ba'i dpal/____/kun mkhyen bla ma kun bzang gdod ma'i mgon/____/gcig dang du ma las 'das ye shes sku/____/mtshan dpe'i nyams brgya sgeg pa'i nyams 'gyur stong /____/bye ba phrag 'bum skad cig ston pa yi/____/rgyal ba rgyal ba'i cho 'phrul lham mer gsal/____/'gro ba'i gtso bo shAkya seng ge yi/____/rgyal tshab dga' ldan lha brgya'i bdag po dang /____/gangs kyi ri bo'i ljongs 'dir khyod nyid las/____/gzhan du ma dmigs mngon sum tshad mas grub/____/theg pa'i yang rtse nges don rdzogs pa che/____/gnyis med bden gsum seng+ge'i sgra sgrag pa/____/'phags pa'i yul du dga' rab dpa' bo dang /____/byang phyogs 'di na klong chen rab 'byams grags/____/dri med 'od zer nyin byed stong 'phro bas/____/mkhas dang grub pa'i pad tshal rab tu bzhad/____/phyi nang rig smra ca cor sgrogs pa rnams/____/tsha zer can gyis gdung ba'i ku mud bzhin/____/'jam dpal dpa' bo'i mkhyen pa'i ye shes dang /____/pad dkar 'chang ba'i brtse chen gong bu che/____/gsang ba'i bdag po'i mthu stobs rdo rje ste/____/rigs gsum gcig 'dus ngo mtshar sprul pa'i sku/____/ma hA gu ru pad+ma rgyal po yi/____/gsang gsum byin rlabs chu gter 'byin pa las/____/kun mkhyen lung gis sprin chen rab 'khrigs shing /____/yang dag rigs pa'i glog gi zhags pa rtsen/____/zag med tshul khrims gtsang ma'i sa gzhi la/____/mang thos dpag bsam ljon pa rab rgyas shing /____/blo gros yal 'dab phyogs brgyar grol ba'i rtser/____/ngag gi dbang po'i 'bras bzang rnam par smin/____/'chad rtsod rtsom pa'i yon tan zla med pa'i/____/rnam thar blo gsal rgya mtsho'i yid 'phrog bzhin/____/mtshan snyan rgya mtsho'i pha mthar khyab pa yis/____/kun mkhyen 'gro ba'i bla ma mtshungs zlas dben/____/chos sku'i dgongs pa nam mkhar ltar dag cing /____/longs sku 'od gsal snang ba 'byams klas shing /____/gang 'dul sprul sku sna tshogs rang sar grol/____/chos kyi rgyal po'i zhabs la spyi bos 'dud/____/gang tshe bde bar gshegs pa kun gyi gtso/____/'dren pa ri rab mar me'i rgyal mtshan zhes/____/'jig rten gsum gyi lha mi'i mchod 'os cher/____/mngon 'tshang rgya ba'i mgon po gang der bsngags/____/de ltar rab bsngags dpyid kyi rgyal mo ni/____/tsa ko ra yi dbyangs snyan 'di brjod pas/____/ye shes sku ni mngon sum bsten pa dang /____/gsung gi bdud rtsi'i yang yang dbug dbyung mdzod/____/dag dang ma dag skye ba'i phreng ba ni/____/ji tsam brgyud kyang kun mkhyen bla ma nyid/____/skyabs kyi mchog tu bzung ba'i g.yar dam ni/____/mi 'gyur brtan pas thugs rjes bzung du gsol/____/gang du sdod kyang khyod sku'i snang ba gsal/____/ji ltar bsam kyang khyod gsung sbrang rtsi myong /____/de don sgom pas ting 'dzin rtse mor son/____/kun mkhyen rgyal ba'i dgongs par dbang 'byor shog__/ces pa'ang me khyi tha skar zla ba'i tshes 27bzang por rig 'dzin kun bzang 'od gsal snying por rtsal gyis smras rim bzhin yi ge'i byed po rang slob kun bzang 'jigs med tshe ring dbang gi rgyal pos bris pa ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/sarba dA mang+ga laM/____/

Footnotes

Other Information