དཔལ་རྟ་མཆོག་རོལ་པ་ལ་བསྟོད་པ་དབང་ཆེན་རྔམས་པའི་གད་མོ་དང་བང་ཆེན་རྟ་ཡི་འདུར་དབྱངས། ཨི་ཧ་ཧ། ཨི་ཡི་འདྲེན་པས་འཁོར་བ་ཞལ་དུ་རྔུབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-044
Wylie title dpal rta mchog rol pa la bstod pa dbang chen rngams pa'i gad mo dang bang chen rta yi 'dur dbyangs/ i ha ha/ i yi 'dren pas 'khor ba zhal du rngubs JKCL-KABUM-02-KHA-044.pdf
Location chos kyi blo gros bka' 'bum
Volume 2, Text 44, Pages 487-490 (Folios 1a1 to 2b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal rta mchog rol pa la bstod pa dbang chen rngams pa'i gad mo dang bang chen rta yi 'dur dbyangs i ha ha i yi 'dren pas 'khor ba zhal du rngubs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 487-490. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity rta mchog rol pa
Colophon
  • First colophon page 488: ཅེས་པའང་རིག་འཛིན་གྱི་གྲལ་མཐར་འཁོད་པ་པདྨ་ཡེ་ཤེས་རྡོ་རྗེས་ཤིང་བྱ་ས་ཟླའི་ཚེས་༢༡ལ་བསྟོད་སྨོན་དུ་བྲིས་པ་དགེ་ལེགས་འཕེལ།
  • Second colophon page 489: ཅེས་པའང་ཟླ་༥ཚེས་༤ལ་མ་ཏིས་སོ།
  • First colophon page 488: ces pa'ang rig 'dzin gyi gral mthar 'khod pa pad+ma ye shes rdo rjes shing bya sa zla'i tshes 21la bstod smon du bris pa dge legs 'phel/
  • Second colophon page 489: ces pa'ang zla 5tshes 4la ma tis so/

1 Texts in this Section (sde tshan or chos tshan)

[edit]
དཔལ་རྟ་མཆོག་རོལ་པ་ལ་བསྟོད་པ་དབང་ཆེན་རྔམ་པའི་གད་མོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དཔལ་གྱི་རྗེ་ནི་ཁམས་གསུམ་ཀུན་ཁྱབ་ཡེ་ཤེས་ཉི་མའི་ལྕགས་ཀྱུ་ནི། །ཤུགས་དྲག་རྣོ་མྱུར་རེག་པའི་མོད་ལ་སིལ་ཁྲོལ་བསྒྱུར་བས་ཡི་ག་འཕྲོག །དབང་དུ་སྡུད་མཛད་དབང་མཛད་ཁྲོ་བོ་རབ་དམར་བྱེ་རུའི་མདོག་ཅན་ནི། །ཕྱག་མཚན་འབར་མ་མེ་ཡི་ཕྲེང་དང་གློག་གི་གར་འཁྱུགས་རབ་འཕྲོ་བསྣམས། ༡པདྨའི་དབྱུག་དང་ཀེང་རུས་མགོ་དང་རྡོ་རྗེ་རལ་གྲི་བྷཉྫ་སོགས། །ངེས་དང་མ་ངེས་ཕྱག་ཆ་སྟོང་ལྡན་བརྗིད་པའི་སྐུ་ཡིས་ས་གསུམ་ཁྱབ། །དབུ་ནི་སྲིན་ཞལ་ཆགས་དང་གཏུམ་རྔམ་བཞད་པའི་ཉམས་ལྡན་གཅིག་དང་རྩེ་མོའི་གྲངས། །མཐའ་ཡས་རོལ་གར་ཁྲག་གིས་སྦགས་པའི་ཅུང་ཀའི་མཆུ་ལྟར་གུག་པ་ཡི། ༢། སྡེར་མོ་རབ་རྣོ་ཞབས་བཞི་དག་ནི་བརྐྱང་བསྐུམ་གར་གྱི་སྦྱོར་བ་བརྒྱས། །བདུད་དང་ལོག་འདྲེན་དྲེགས་བྱེད་ཚོགས་རྣམས་བསྒྱེལ་བའི་སྟེང་ན་གར་དགུས་སྒེག །བཅོམ་ལྡན་རབ་ཁྲོས་སྙིང་རྗེས་ཡོངས་གང་དཔའ་བོ་ཆེན་པོ་ཧྱ་གྲཱི། །མ་ཆགས་ཆགས་ཅན་བདེ་ཆེན་རོས་མྱོས་པདྨ་གཟི་ལྡན་རྟག་པར་རོལ། ༣། སྤྱི་གཙུག་རྟ་གདོང་ཧ་ཧིའི་ང་རོ་འབྲུག་སྟོང་དུས་གཅིག་སྒྲོགས་པ་ནི། །ཁམས་གསུམ་སྡུད་པའི་དབུས་དང་གཡས་གཡོན་ཕྱོགས་བཅུ་ཀུན་ཏུ་འཚེར་བ་ན། །སྣོད་བཅུད་བརྟན་པ་དབང་མེད་གྱུར་ནས་ཀུ་ཤའི་རྩེ་བཞིན་རབ་བསྐྱོད་དང་། །རང་དབང་གྱུར་ཏེ་བྲན་དང་འབངས་སུ་གཙིགས་ལ་ཕབ་ཅིང་དམ་བསྒྲགས་པའི། ༤། འཁོར་འདས་རྗེ་བཙན་རྟ་ཡི་མགྲིན་བུ་པདྨའི་རིགས་ཁྲོས་ཁྲོ་བོའི་རྒྱལ། །དཔལ་དང་དུར་ཁྲོད་ཆས་ཀྱིས་རབ་བརྒྱན་མཐོང་བའི་མོད་ལ་སྙིང་རྩ་འདར། །གསུང་གི་ཤས་ཀྱིས་བསྐལ་པའི་འབྱུང་བ་འཁྲུགས་པའི་སྒྲ་ཡང་ཟིལ་གྱིས་གནོན། །གཏུམ་ཆེན་ཁྲོས་པའི་ཐུགས་ཀྱི་རང་བཞིན་ཕྱོགས་ཀྱི་རྒྱ་མཚོའི་ངོམ་ལྟར་གནག༥། མི་སློབ་ལམ་གྱི་རྒྱན་ལྔའི་ཡོན་ཏན་མཁའ་དབྱིངས་ཡངས་པའི་སྤྲིན་དུ་བཀོད། །ཕྱོགས་དུས་རྒྱལ་བའི་ཕྲིན་ལས་རོལ་མོས་སྲིད་པ་གསུམ་པོ་འདར་བྱེད་ན། །བདུད་དང་ལོག་འདྲེན་དུམ་བུ་དུམ་བུའི་ཚོགས་རྣམས་ལ་ནི་བཤད་དུ་ཅི། །རྡོ་རྗེའི་ཤུགས་ཀྱི་སྡང་མིག་བགྲད་ཅིང་མེ་ལྕེའི་ཕུང་པོ་ཆེན་པོ་ནི། ༦། གངས་ཆེན་མཚོ་ཡི་ཞིང་ཀུན་ཁྱབ་འབར་རྒྱལ་བ་རྣམས་ཀྱང་སྐྲག་ཅིང་བསྔངས། །རྒྱུན་མཐར་གནས་པའི་འཕགས་པའི་ཚོགས་ཀྱང་འཇོམས་ན་གཞན་དག་ལྟ་ཅི་སྨོས། །དེ་ལྟའི་དཔལ་ཆེན་རྟ་མཆོག་རོལ་པ་དབང་གི་དཀྱིལ་འཁོར་རྒྱ་མཚོའི་གཙོར། །བསྟོད་པའི་དགེ་བས་བདུད་སྲིན་དབང་སྡུད་དབང་ཆེན་གསང་བ་གསུམ་འགྲུབ་ཤོག༧། ཅེས་པའང་རིག་འཛིན་གྱི་གྲལ་མཐར་འཁོད་པ་པདྨ་ཡེ་ཤེས་རྡོ་རྗེས་ཤིང་བྱ་ས་ཟླའི་ཚེས་༢༡ལ་བསྟོད་སྨོན་དུ་བྲིས་པ་དགེ་ལེགས་འཕེལ། ༈། དབང་ཆེན་རྟ་ཡི་འདུར་དབྱངས། ཧཱི་ཧཱི་ཧཱི། སྣང་སྲིད་ཐམས་ཅད་གཞིར་རྫོགས་རྟ་མགྲིན་གྱི། །རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་འདུས། །གཞན་དུ་མ་གྲུབ་རང་དང་དབྱེར་མེད་ཅིང་། །འཁོར་འདས་ཆོས་ཀུན་རྟ་སྐད་ཐེངས་གསུམ་འཆར། །ཧཱི་ཧཱི་ཧཱི། ལམ་གྱི་ཆོས་རྣམས་གསང་གསུམ་ཕྱག་རྒྱར་ཤར། །དབང་ཆེན་རྟ་ཡི་མགྲིན་གླུས་རྒྱས་ཐེབས་པས། །སྒོ་གསུམ་འཁྲུལ་པ་རུ་ལྡོག་སྐུ་གསུམ་གྲུབ། །གཉུག་མ་དོན་གྱི་རྟ་མཆོག་རོལ་པར་ཤར། །ཧཱི་ཧཱི་ཧཱི། གཞི་ཉིད་འབྲས་བུར་སྨིན་པ་ཨ་ཏིའི་ལྷ། །ཡེ་རྫོགས་དཔལ་ཆེན་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་ཤར་ཡེ་གྲོལ་ཆེན་པོ་མངོན་དུ་གྱུར། །ཆོས་རྣམས་དབྱིངས་ཡེ་གཉིས་མེད་རྫོགས་པ་ཆེ། །ཧཱི་ཧཱི་ཧཱི། དེ་ལྟར་ཧྱ་གྲཱི་ཝའི་གདིང་ཚད་ཀྱིས། །ཧཱི་ཧཱིའི་སྒྲ་དབྱངས་སྲིད་གསུམ་འཚེར་བ་ལས། །ལོག་རྟོག་འབྱུང་པོ་དབང་དུ་བསྡུ་བ་དང་། །ཐམས་ཅད་པདྨ་དབང་ཆེན་གྲུབ་གྱུར་ཅིག །ཅེས་པའང་ཟླ་༥ཚེས་༤ལ་མ་ཏིས་སོ། །༈ཨི་ཧ་ཧ། ཨི་ཡི་འདྲེན་པས་འཁོར་བ་ཞལ་དུ་རྔུབས། །ཧ་ཡི་མྱང་འདས་ཐམས་ཅད་དབྱིངས་སུ་བསྒྲལ། །ཧ་ཡི་འཁོར་འདས་ཀུན་ཁྱབ་རྟ་མགྲིན་གྱི། །དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས་པ་ཧོ། །ཨི་ཧ་ཧ། །ཨི་ཡི་ཀུན་བརྟག་བཅོས་མའི་བསྐྱེད་པ་རྣམས། །ཧ་ཡི་ཟབ་གསལ་སྟོང་པའི་ཀློང་དུ་བསྡུ། །ཧ་ཡི་མ་བཅོས་གཉུག་མའི་ཕྱག་རྒྱར་ཤར། །རྫོགས་པའི་རིམ་པ་རང་ཤར་གསལ་ཁྱབ་ཧོ། །ཨི་ཡི་བདེ་ཆེན་ཕྱག་རྒྱའི་དྭངས་མ་འདྲེན། །ཧ་ཡི་ལྟེ་བའི་འཁོར་ལོར་བརྟན་པ་དང་། །ཧ་ཡི་སྙིང་མགྲིན་ཙཀྲར་གནས་པ་ལས། །རང་བྱུང་ཡེ་ཤེས་ཉི་འོད་འཕྲོ་བརྡལ་ཧོ། །ཨི་ཡི་སྲིད་གསུམ་ཀ་དག་སྟོང་པའི་ངང་། །ཧ་ཡི་ལྷུན་གྲུབ་འོད་སྣང་མངོན་དུ་བྱེད། །ཧ་ཡི་རྟ་མགྲིན་དཔལ་ཆེན་མངོན་སུམ་སྨིན། །འཕོ་ཆེན་རྡོ་རྗེའི་སྐུ་གྲུབ་ཨེ་མ་ཧོ། །ཨི་ཡི་རྣམ་ཀུན་མཆོག་ལྡན་ཆོས་སྐུའི་ངང་། །ཧ་ཡི་བདེ་ཆེན་རྟ་མཆོག་ལོངས་སྤྱོད་རྫོགས། །ཧ་ཡི་སྲིད་ཞི་ཀུན་ཁྱབ་སྒྱུ་འཕྲུལ་གར། །དབྱེར་མེད་བདེ་ཆེན་སྲོག་གི་ཐིག་ལེར་གྲུབ། ། །།

Footnotes

Other Information