JKCL-KABUM-02-KHA-043

From Khyentse Lineage - A Tsadra Foundation Project

‎‎

སྒྲུབ་སྡེ་བརྒྱད་ལ་བསྟོད་པ་ཧེ་རུ་ཀ་དགྱེས་པའི་གད་རྒྱང་།
Wylie title sgrub sde brgyad la bstod pa he ru ka dgyes pa'i gad rgyang JKCL-KABUM-02-KHA-043.pdf
Location chos kyi blo gros bka' 'bum
Volume 2, Text 43, Pages 483-485 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sgrub sde brgyad la bstod pa he ru ka dgyes pa'i gad rgyang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 483-485. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་རིག་འཛིན་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ཕྱགས་བཏབ་པའི་ལྷོ་བྲག་གནས་གཞི་ཞི་ཁྲོའི་ལྷ་ཁང་དཔལ་ཆེན་དགྱེས་པའི་ཕོ་བྲང་གི་ཡང་རྩེར་པདྨ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་འདིས་ཀྱང་དངོས་གྲུབ་རྣམ་གཉིས་འབད་མེད་ལྷུན་གྲུབ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །

ces pa'ang rig 'dzin grub pa'i 'khor los bsgyur ba chen po gu ru chos kyi dbang phyug gis phyags btab pa'i lho brag gnas gzhi zhi khro'i lha khang dpal chen dgyes pa'i pho brang gi yang rtser pad+ma ye shes rdo rjes gsol ba btab pa 'dis kyang dngos grub rnam gnyis 'bad med lhun grub 'byung ba'i rgyur gyur cig__/sarba mang+ga laM/

[edit]
སྒྲུབ་སྡེ་བརྒྱད་ལ་བསྟོད་པ་ཧེ་རུ་ཀ་དགྱེས་པའི་གད་རྒྱང་ཞེས་བྱ་བ་བཞུགས་སོ། །ན་མོ་ཤྲཱི་ཧེ་རུ་ཀཱ་ཡ། གཉིས་མེད་ལྷན་སྐྱེས་ཡེ་ཤེས་རོལ་པ་ལས། །སྲིད་དང་ཞི་བ་མ་ལུས་ཟིལ་གྱིས་གནོན། །འབར་བའི་སྟངས་སྟབས་གར་དགུའི་ཉམས་འགྱུར་གྱི། །ཕྱག་རྒྱ་དཔལ་ཆེན་ཆེ་མཆོག་ཞབས་ལ་བསྟོད། །ཆོས་ཀུན་ཡང་དག་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་རོལ་པ་བདེ་བའི་མཆོག །རུ་ལུའི་སྒྲ་ལྡན་ཡེ་ཤེས་གསང་བའི་མཛོད། །བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །བདུད་དང་གཤིན་རྗེ་ཀླུ་སྲིན་ལ་སོགས་པ། །གང་སྐུ་མཐོང་བས་ཟིལ་གྱིས་རབ་གནོན་པ། །འཇམ་དཔལ་རྡོ་རྗེ་དྲག་པོར་ཁྲོས་པའི་གཟུགས། །གཤིན་རྗེ་ཀུན་གྱི་གཤེད་པོ་ཁྱོད་ལ་བསྟོད། །པདྨ་དབང་ཆེན་དབང་མཛད་ཁྲོ་བོའི་རྒྱལ། །རྟ་ཡི་མགྲིན་གླུ་ཧི་ཧིའི་སྒྲ་ལྡན་པ། །སྲིད་པ་གསུམ་ལ་དབང་བསྒྱུར་རྗེས་ཆགས་ཉམས། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །རིག་པའི་ཕུར་བུ་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣང་སྲིད་མངོན་ཞེན་མཚན་རྟོག་ཐལ་མར་འབྱིན། །བདུད་བགེགས་དམ་སྲི་ལོག་འདྲེན་འདུལ་མཛད་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུར་ཕྱག་འཚལ་བསྟོད། །སྣང་སྲིད་ཐམས་ཅད་མ་མོའི་དཀྱིལ་འཁོར་དུ། །རྩ་རླུང་ཐིག་ལེར་ལྷུན་གྲུབ་མངོན་རྫོགས་པ། །ཨ་ཧཾ་འབར་འཛག་བདེ་བའི་ཆོ་འཕྲུལ་གྱིས། །བླ་མེད་མཆོག་གྲུབ་དཔལ་ཆེན་རྒྱལ་པོར་བསྟོད། །རིགས་ཀྱི་རིག་པ་འཛིན་པའི་ཧེ་རུ་ཀ། གཉིས་མེད་ཡེ་ཤེས་རྣམ་དག་ཐུགས་མཆོག་གསལ། །ལྷན་སྐྱེས་རང་བྱུང་མངོན་སུམ་སྟོན་མཛད་པ། །གྲུབ་པ་ཆེན་པོའི་རིག་འཛིན་གཙོ་ལ་བསྟོད། །རྒྱལ་བ་ཀུན་གྱི་གསང་མཛོད་འཛིན་པའི་བདག །འཇིག་རྟེན་འདས་ཀྱང་མ་འདས་ཀུན་གྱི་རྗེ། །ཚོགས་བརྒྱད་དྲེགས་ཚོགས་དབྱིངས་སུ་སྒྲོལ་མཛད་པ། །མཆོད་བསྟོད་དྲེགས་འདུལ་རྡོ་རྗེ་སྲིན་པོར་བསྟོད། །དྲག་སྔགས་དམོད་པའི་མཐུ་རྩལ་དང་ལྡན་པ། །སྐད་ཅིག་ཉིད་ལ་བདུད་བགེགས་འབྱུང་པོ་རྣམས། །ཁྲོ་རྒྱལ་འབར་བའི་ཞལ་དུ་རྔུབས་མཛད་ཅིང་། །སྲིད་གསུམ་སྒྲོལ་བྱེད་ཆེན་པོར་ཕྱག་འཚལ་བསྟོད། །དབུས་ལ་མི་འཚལ་འཁོར་ཡུག་ལ་གནས་ཤིང་། །དཔལ་གྱི་ཕམ་ཕབ་ལྷག་མའི་དམ་མནོས་པ། །དབང་ཕྱུག་གུང་ལང་མ་སྲིང་འབར་མའི་ཚོགས། །དཔལ་གྱི་བཀའ་སྡོད་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་གཅིག་ལས་དུ་མར་ཤར་བའི་འཕྲུལ། །བསམ་ཡས་སྒྱུ་འཕྲུལ་སྒྲུབ་སྡེའི་དཀྱིལ་འཁོར་པ། །དགུ་ཀློང་འབར་བ་ཆེན་པོའི་ཞི་ཁྲོའི་ཚོགས། །བདུན་བརྒྱ་ཉེར་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བཏབ་དགྱེས་པའི་གླུ། །རྡོ་རྗེ་དབྱངས་ཀྱི་རོལ་མོར་འཁྲོལ་བ་འདིས། །དཔལ་ཆེན་དགྱེས་པའི་ཐུགས་ཀྱི་ཀློང་ཆེན་པོར། །དབྱེར་མེད་མངོན་པར་བྱང་ཆུབ་འགྲུབ་པར་ཤོག །ཅེས་པའང་རིག་འཛིན་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ཕྱགས་བཏབ་པའི་ལྷོ་བྲག་གནས་གཞི་ཞི་ཁྲོའི་ལྷ་ཁང་དཔལ་ཆེན་དགྱེས་པའི་ཕོ་བྲང་གི་ཡང་རྩེར་པདྨ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་འདིས་ཀྱང་དངོས་གྲུབ་རྣམ་གཉིས་འབད་མེད་ལྷུན་གྲུབ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ། །།
[edit]

sgrub sde brgyad la bstod pa he ru ka dgyes pa'i gad rgyang zhes bya ba bzhugs so/____/na mo shrI he ru kA ya/__gnyis med lhan skyes ye shes rol pa las/____/srid dang zhi ba ma lus zil gyis gnon/____/'bar ba'i stangs stabs gar dgu'i nyams 'gyur gyi/____/phyag rgya dpal chen che mchog zhabs la bstod/____/chos kun yang dag ye shes sgyu ma yi/____/cho 'phrul rnam par rol pa bde ba'i mchog__/ru lu'i sgra ldan ye shes gsang ba'i mdzod/____/badz+ra he ru ka la phyag 'tshal bstod/____/bdud dang gshin rje klu srin la sogs pa/____/gang sku mthong bas zil gyis rab gnon pa/____/'jam dpal rdo rje drag por khros pa'i gzugs/____/gshin rje kun gyi gshed po khyod la bstod/____/pad+ma dbang chen dbang mdzad khro bo'i rgyal/____/rta yi mgrin glu hi hi'i sgra ldan pa/____/srid pa gsum la dbang bsgyur rjes chags nyams/____/rta mgrin rta skad bzhad la phyag 'tshal bstod/____/rig pa'i phur bu rdo rje khro bo'i rgyal/____/snang srid mngon zhen mtshan rtog thal mar 'byin/____/bdud bgegs dam sri log 'dren 'dul mdzad lha/____/dpal chen rdo rje gzhon nur phyag 'tshal bstod/____/snang srid thams cad ma mo'i dkyil 'khor du/____/rtsa rlung thig ler lhun grub mngon rdzogs pa/____/a haM 'bar 'dzag bde ba'i cho 'phrul gyis/____/bla med mchog grub dpal chen rgyal por bstod/____/rigs kyi rig pa 'dzin pa'i he ru ka/__gnyis med ye shes rnam dag thugs mchog gsal/____/lhan skyes rang byung mngon sum ston mdzad pa/____/grub pa chen po'i rig 'dzin gtso la bstod/____/rgyal ba kun gyi gsang mdzod 'dzin pa'i bdag__/'jig rten 'das kyang ma 'das kun gyi rje/____/tshogs brgyad dregs tshogs dbyings su sgrol mdzad pa/____/mchod bstod dregs 'dul rdo rje srin por bstod/____/drag sngags dmod pa'i mthu rtsal dang ldan pa/____/skad cig nyid la bdud bgegs 'byung po rnams/____/khro rgyal 'bar ba'i zhal du rngubs mdzad cing /____/srid gsum sgrol byed chen por phyag 'tshal bstod/____/dbus la mi 'tshal 'khor yug la gnas shing /____/dpal gyi pham phab lhag ma'i dam mnos pa/____/dbang phyug gung lang ma sring 'bar ma'i tshogs/____/dpal gyi bka' sdod tshogs la phyag 'tshal bstod/____/ye shes gcig las du mar shar ba'i 'phrul/____/bsam yas sgyu 'phrul sgrub sde'i dkyil 'khor pa/____/dgu klong 'bar ba chen po'i zhi khro'i tshogs/____/bdun brgya nyer lnga'i tshogs la phyag 'tshal bstod/____/de ltar bstod cing gsol btab dgyes pa'i glu/____/rdo rje dbyangs kyi rol mor 'khrol ba 'dis/____/dpal chen dgyes pa'i thugs kyi klong chen por/____/dbyer med mngon par byang chub 'grub par shog__/ces pa'ang rig 'dzin grub pa'i 'khor los bsgyur ba chen po gu ru chos kyi dbang phyug gis phyags btab pa'i lho brag gnas gzhi zhi khro'i lha khang dpal chen dgyes pa'i pho brang gi yang rtser pad+ma ye shes rdo rjes gsol ba btab pa 'dis kyang dngos grub rnam gnyis 'bad med lhun grub 'byung ba'i rgyur gyur cig__/sarba mang+ga laM/__/____//_

Footnotes

Other Information