ཡང་གསང་ཐུགས་ཀྱི་ཐེག་ལེའི་བཻཌཱུརྱ་ཡི་ཡི་གེའི་སྐོར་ལས་གཏུམ་མོ་ཡེ་ཤེས་མེ་ལྕེའི་རྒྱབ་ཆོས་གསང་བ་གཅིག་བརྒྱུདཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-08-NYA-003
Wylie title yang gsang thugs kyi theg le'i baiDUr+ya yi yi ge'i skor las gtum mo ye shes me lce'i rgyab chos gsang ba gcig brgyud
Location mdo mkhyen brtse bka' 'bum
Volume 8, Text 3, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Spiritual Instructions - gdams ngag  ·  Completion Stage - rdzogs rim
Cycle ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
Colophon

མེ་མོ་སྦྲུལ་གྱི་ལོའི་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ལ་དག་པར་ཕབ་པའི་ཡེ་གེའི་འདུ་བྱེད་རང་སློབ་ར་སྨྲིས་མིང་འཛིན་གྱིས་བགྱིས་པ་བྱིན་རླབས་ཡ་མཚན་ཨེ་མ་ཧོཿ

me mo sbrul gyi lo'i cho 'phrul zla ba'i dmar phyogs la dag par phab pa'i ye ge'i 'du byed rang slob ra smris ming 'dzin gyis bgyis pa byin rlabs ya mtshan e ma ho:

[edit]
༄༅། །ཡང་གསང་ཐུགས་ཀྱི་ཐེག་ལེའི་བཻཌཱུརྱ་ཡི་ཡི་གེའི་སྐོར་ལས་གཏུམ་མོ་ཡེ་ཤེས་མེ་ལྕེའི་རྒྱབ་ཆོས་གསང་བ་གཅིག་བརྒྱུད་བཞུགསཿ ཿ

«༄༅། །྅྅྅ དབྱིངས་རིག་དབྱེར་མེད་ཧེ་རུ་ཀཿ གཏུམ་ཆེན་ཁྲོ་བོའི་རྒྱལ་ལ་བསྟོདཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་བཅུདཿ བཻཌཱུརྱ་ཡི་བརྡ་རིས་ཀྱིཿ དགོངས་དོན་མན་ངག་ཟབ་པའི་གནདཿ སྐད་ཅིག་རྫོགས་སངས་རྒྱས་པ་ཡིཿ ལམ་གྱི་ཆ་རྐྱེན་དངོས་གྲུབ་གྲོགསཿ རྟགས་བཅུ་ཡོན་ཏན་བརྒྱད་འཆར་ཞིངཿ རང་ལུས་གྲོལ་ཞིང་རྫུ་འཕྲུལ་འགྲུབཿ སྙིང་ལས་གཅེས་པའི་གདམས་པ་བསྟནཿ རྩ་བ་གསུམ་གྱིས་གནང་བ་སྩོལཿ ཐོག་མར་སྔོན་འགྲོའི་རིམ་པ་ནིཿ དྲི་ཆུ་གཙང་མའི་ལུས་བཀྲུས་ཤིངཿ ཁམས་འཁྲུགས་སྔོ་དང་བསིལ་ཟས་སྤངསཿ དྲོད་བཅུད་ཟས་ཀྱིས་རྩ་ཁམས་གསོཿ འབྲུ་བཅུད་རྩི་བཅུད་གང་རུང་ལཿ ཆོས་སྨན་ཛཱ་ཏི་ཚ་བ་གསུམཿ བཏབ་པའི་ལུས་ལ་ཁྱབ་པར་བྱུགསཿ ཤ་གོས་རས་དཀར་དྲི་མེད་བརྟེནཿ དྲོ་འཇམ་འབེལ་བའི་གདན་ཁར་གནསཿ སྙོམས་འཇུག་སེམས་ལས་ངལ་དུབ་སྤངསཿ དམ་ཉམས་གྲིབ་དང་ཟས་གོས་འཛེམཿ དད་འདུན་མོས་གུས་དྲག་པོ་ཡིསཿ བླ་མའི་རྣལ་འབྱོར་གནད་དུ་བསྣུནཿ གསོལ་བ་བཏབ་ཅིང་དབང་བཞི་བླངཿ ལུས་གནད་ཆོས་བདུན་ལྡན་པ་ཡིསཿ རྩེ་གཅིག་གསོལ་བ་འདི་ལྟར་འདེབསཿ» ཨེ་མ་ཧོཿ རྩ་ཁམས་དག་པ་ཆོས་དབྱིངས་ཕོ་བྲང་ནསཿ ཀུན་བཟང་རིགས་བརྒྱའི་ཁྱབ་བདག་དྲི་མ་མེདཿ སྟོང་ཉིད་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམཿ རྡོར་སེམས་ཡབ་ཡུམ་དགའ་རབ་ཤྲཱྀ་སེངཿ གསོལ་བ་འདེབས་སོ་ཟབ་ལམ་དངོས་གྲུབ་སྩོལཿ བྱིན་རླབས་དངོས་གྲུབ་ཀུན་ཀྱི་འབྱུང་གནས་ཆེཿ དཔའ་བོ་བཛྲ་ཁྲག་འཐུང་ཧེ་རུ་ཀཿ བདེ་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མཿ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅནཿ མཐུ་སྟོབས་རྫུ་འཕྲུལ་སྤྲུལ་སྒྱུར་རང་དབང་བརྙེསཿ གསོལ་བ་འདེབས་སོ་ཟབ་ལམ་དངོས་གྲུབ་སྩོལཿ རྣམ་པར་སྣང་མཛད་རྡོ་རྗེ་མི་བསྐྱོད་པཿ རིན་ཆེན་འབྱུང་ལྡན་སྣང་མཐའ་དོན་ཡོད་གྲུབཿ དབྱིངས་ཕྱུག་སངས་རྒྱས་སྤྱན་དང་མཱ་མ་ཀིཿ གོས་དཀར་དམ་ཚིག་སྒྲོལ་མ་རིགས་མཆོག་ལྔཿ རྡོ་རྗེའི་ཕུང་ཁམས་རྣམ་པར་དག་མཛད་ལྷཿ གསོལ་བ་འདེབས་སོ༴ བྷུདྡྷ་བཛྲ་རརྞ་པདྨ་དངཿ ཀརྨའི་རིགས་གྱུར་དཔའ་བོ་ཌཱཀྐི་མཿ རྡུལ་གཅིག་སྟེང་ན་རྡུལ་སྙེད་གྲངས་མཉམ་པའིཿ སྣོད་བཅུད་གཟུང་དང་འཛིན་པ་རང་གྲོལ་ཞིངཿ འོད་སྣང་ཡེ་ཤེས་དྲྭ་བར་བྱིན་རློབས་པརཿ གསོལ་བ་འདེབས་སོ༴ བདེ་ཆེན་ཟག་པ་མེད་པའི་ཡེ་ཤེས་ཀྱིཿ དགའ་བཞིའི་འགྲོས་ཀྱི་དྲངས་པའི་བྱང་ཆུབ་སེམསཿ བདེ་ཆེན་ལོངས་སྤྱོད་ཆོས་སྤྲུལ་འཁོར་ལོ་བཞིཿ གསང་བ་ཟབ་གསང་ཆེན་པོའི་གྲོང་ཁྱེར་སོགསཿ ཡོངས་གང་ཚོགས་ཆེན་གཉིས་རྫོགས་སྒྲིབ་བཞི་དགཿ དབང་བཞི་གཅིག་ཆར་ཐོབ་ཅིང་སྐུ་བཞིར་སྨིནཿ བླ་མ་ཡབ་ཡུམ་གསང་བར་མཉམ་སྦྱོར་བའིཿ བྱིན་རླབས་ཐུགས་རྗེ་ཡེ་ཤེས་སྣོད་ཆེན་གྱིསཿ རང་ལུས་དྭངས་མའི་དབྱིངས་སུ་ཡོངས་སྦྱངས་ནསཿ ས་བཅུ་ལམ་ལྔ་བཙན་ཐབས་ཉིད་དུ་བགྲོདཿ ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན་རྡོ་རྗེ་འཛིན་པ་ཡེ་ཤེས་བླ་མ་སོགསཿ སྣང་བཞིའི་ལམ་ལ་སྦྱངས་པའི་ཡོན་ཏན་གྱིསཿ ཨ་ཏི་ཐུན་མོངས་མ་ཡིན་ས་གསུམ་པོཿ ཉི་མའི་འགྲོས་བཞིན་ཆོས་སྐུའི་ཞིང་ཁམས་སུཿ གཞོན་ནུ་བུམ་སྐུའི་ཀློང་དུ་སངས་རྒྱས་ཤོགཿ «མོས་གུས་མཆི་མ་འཁྲུགས་པའི་ཚེཿ ལུས་ཀྱི་བ་སྤུ་ཀུན་གཡོ་ཞིངཿ སྣང་བ་དག་པ་རབ་འབྱམས་འཆརཿ དེ་ཚེ་བྱིན་རླབས་ཞུགས་པའོཿ དངོས་གཞིས་ཉམས་ལེན་རིམ་པ་ནིཿ »ཨོཾ་ཨཱཿཧཱུྃཿ སྤྱི་བོའི་བླ་མ་འོད་དུ་ཞུཿ ཟག་བཅས་ཕུང་པོ་འཇའ་ལྟར་ཡལཿ བརྟན་པ་སྣོད་ཀྱི་འཇིག་རྟེན་ཁམསཿ བདེ་ལྡན་ཞིང་གི་ཕོ་བྲང་དབུསཿ སྣ་ཚོགས་པདྨ་ཟླ་བ་དངཿ ཉི་མའི་དཀྱིལ་འཁོར་མཛེས་པ་ལཿ མཐའ་སྐོར་འོད་ཟེར་འཕྲོ་བའི་དབུསཿ རང་ཉིད་དཔའ་བོ་བཛྲ་ནིཿ ཧེ་རུ་ཀ་དཔལ་དཀར་དམར་མདངསཿ གཞོན་ཚུལ་མཛེས་འཛུམ་ཆགས་པའི་ཉམསཿ ཞལ་གཅིག་སྤྱན་གསུམ་ཐོར་ཚུག་ཅནཿ དབུ་སྐྲ་ལྷག་མའི་སྐུ་རྒྱབ་ཁེབཿ ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུདཿ ཞབས་གཉིས་འདོར་སྟབས་རོལ་པའི་པངཿ བདེ་ཆེན་རྡོ་རྗེ་རྣལ་འབྱོར་ཡུམཿ དམར་གསལ་ཆགས་པའི་གཟི་འོད་འབརཿ གྲི་ཐོད་འཛིན་ཅིང་ཡབ་ལ་འཁྲིལཿ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབཿ ཞབས་ཟུང་ཡབ་ཀྱི་རྐེད་ནས་འཁྱུདཿ འོད་དང་འོད་ཟེར་འཕྲོ་བ་ཡིཿ ལུས་དབུས་དྲངས་པོར་རྩ་དབུ་མཿ མཐིང་གསལ་མཚན་ཉིད་བཞི་ལྡན་པཿ སྦོམ་ཕྲ་ཚད་དང་ལྡན་པ་ལཿ ཡར་སྣེ་སྤྱི་བོར་ཚངས་བུག་ཟླུམཿ མར་སྣ་གསང་བའི་གནས་སུ་ཟུགཿ གཡས་གཡོན་རོ་རྐྱང་དཀར་དམར་ཟུངཿ མར་སྣ་ལྟེ་འོག་དབུ་མར་ཟུགཿ ཡར་སྣ་སྣ་བུག་གཉིས་སུ་ཧརཿ དབུ་རྐྱང་རོ་གསུམ་ལས་གྱེས་པའིཿ རྩ་ཕྲན་ས་མ་ཡ་འབུམ་སྡེཿ རྩ་ལ་བརྟེན་པའི་རླུང་གི་དུགཿ ཉོན་མོངས་ཤེས་བྱ་ཕུང་པོའི་ཁམསཿ མ་རིག་རྟེན་འབྲེལ་རྒྱུས་བསྐྱེད་པའིཿ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་གྲིབཿ བྱིན་རླབས་ཨཱཿདཀར་ལས་བྱུང་བའིཿ ཐུགས་རྗེའི་ཡེ་ཤེས་རླུང་གིས་དེདཿ དབང་ཆེན་གཞི་ལ་སིབ་སིབ་ཐིམཿ «མཁའ་ལྡིང་འཕར་བའི་སྟངས་སྟབས་ཀྱིསཿ ཉོན་རྩ་དགག་ཅིང་སྡིག་མཛུབ་རྩེའིཿ ལྡེམ་ཞིང་གཡས་གཡོན་དབུས་གསུམ་ནཿ རླུང་རོ་ལན་དགུ་ཕྱིར་ཕྱུང་ངོཿ ཧ་སྒྲ་དང་བཅས་སྦྱངས་པ་ཡིསཿ རླུང་དུག་ཐམས་ཅད་སང་སངས་དགཿ རྩ་གནས་སྐྱོན་དང་བྲལ་བར་བསམཿ »དེ་ནས་དབུ་མ་ལས་སྐྱེས་པའིཿ བདེ་ཆེན་འཁོར་ལོའི་རྩ་འཁོར་དཀརཿ ལོངས་སྤྱོད་སེར་ཞིང་ཆོས་འཁོར་མཐིངཿ ལྟེ་བར་དམར་ལ་གསང་གནས་ལྗངཿ གྲངས་ནི་ངེས་པར་མི་འཛིན་ཅིངཿ སྦུབ་སྟོང་དབུ་མའི་ནང་དུ་ཟུགཿ རྩ་བའི་འཁོར་ལོ་ལྔ་པོ་ལཿ རྩ་ཕྲན་ས་མ་ཡ་འབུམ་སྡེཿ ནང་ཁོང་དཔའ་བོ་མཁའ་འགྲོའི་གྲོངཿ དབུ་མའི་ཡར་སྣེ་ཧཾ་ཡིག་དཀརཿ བླ་མ་སངས་རྒྱས་ཀུན་འདུས་དཔལཿ མར་སྣ་ཨ་ཤད་མེའི་རང་བཞིནཿ ཤེས་རབ་ཡུམ་གྱི་ངོ་བོར་གནསཿ རང་ལས་འཕྲོས་པའི་འོད་ཟེར་གྱིསཿ སྣོད་བཅུད་འོད་ཞུ་བཀྲག་མདངས་བཅུདཿ ཡོན་ཏན་འོད་མཐིང་རྣམ་པར་བསྡུསཿ སྣ་བུག་ནས་དྲངས་འགུགས་བསྐྱིལ་གཅུནཿ དལ་གྱིས་ཕྱུང་དང་གནད་བཞིར་འབདཿ བདེ་གཤང་སྒོ་གཉིས་འགགས་བྱས་ལཿ བྱིན་རླབས་འོད་ཀྱི་མཁའ་འགྲོ་བསྐུལཿ ཐུགས་རྗེ་ཤེས་རབ་ཡེ་ཤེས་ཀྱིཿ བྱིན་རླབས་མེ་དཔུང་ཚ་དབལ་ལྡནཿ འབར་ཞིང་གསང་བའི་འཁོར་ལོ་ནསཿ རིམ་བཞིན་བདེ་ཆེན་འཁོར་ལོའི་བརཿ རྩ་འཁོར་ལྔ་དང་རྩ་ཕྲན་ཚོགསཿ ལུས་ཀྱི་ནང་ཁོང་ཀུན་ཁྱབ་པའིཿ གཟུང་འཛིན་རྣམ་རྟོགས་བག་ཆགས་བསྲེགསཿ འཁོར་འདས་སྤྱི་དཔལ་ཆེན་པོའི་ངངཿ སླར་ཡང་ཆགས་ཆེན་ཡེ་ཤེས་མེསཿ ཧཾ་ཡིག་དཔའ་བོའི་ཐུགས་རྒྱུད་བསྐུལཿ རྗེས་བརྩེའི་ཞུ་བདེས་ཉམས་རྒྱས་ཤིངཿ བྱིན་རླབས་ཡེ་ཤེས་བདུད་རྩིའི་རྒྱུནཿ དཀར་གསལ་ཟླ་བ་ཞུན་མའི་མདོགཿ བབ་ཅིང་བདེ་ཆེན་འཁོར་ལོ་རུཿ བྷུདྡྷ་ཧེ་རུ་ཀཿཡབ་ཡུམཿ འཁོར་ཚོགས་ཏིལ་གང་ཁ་ཕྱེས་བཞིནཿ བཞུགས་པར་བདུད་རྩིའི་མཆོད་པས་མཉེསཿ ཚོགས་གཉིས་རྫོགས་ཤིང་གཏི་མུག་དངཿ ལུས་ཀྱི་སྒྲིབ་དག་བུམ་དབང་རྫོགསཿ རྣམ་པར་སྨིན་པའི་རིག་འཛིན་དངཿ སྤྲུལ་པའི་སྐུ་རུ་སྨིན་པ་ཡིསཿ ས་བོན་དགའ་བའི་ཡེ་ཤེས་ཀྱིཿ རྟགས་མཚན་མངོན་གྱུར་འབྲས་བུའོཿ དམིགས་མེད་ངང་དུ་དར་ཅིག་བཞགཿ རིམ་བཞིན་བདུད་རྩི་བབ་པ་ཡིསཿ མགྲིན་པ་ལོངས་སྤྱོད་འཁོར་ལོ་རུཿ རཏྣ་ཧེ་རུ་ཡབ་ཡུམ་གཙོཿ འཁོར་ཚོགས་ཏིལ་གོང་ཕྱུར་འདྲ་ལཿ མཆོད་ཅིང་ཚོགས་རྫོགས་ང་རྒྱལ་དངཿ ངག་གི་སྒྲིབ་དག་གསང་དབང་རྫོགསཿ ཚེ་ལ་དབང་ཞིང་ལོངས་སྐུ་རུཿ སྨིན་པའི་ས་བོན་མཆོག་ཏུ་དགའིཿ ཡེ་ཤེས་རྟགས་མཚན་མངོན་དུ་གྱུརཿ སླར་ཡང་ངང་མདངས་སྐྱོང་བའོཿ སྙིང་ཁ་ཆོས་ཀྱི་འཁོར་ལོར་བདུད་རྩི་བབཿ བཛྲ་ཧེ་རུ་ཡབ་ཡུམ་གཙོ་དང་འཁོརཿ ཏིལ་གྱི་གོང་བུ་ལྟ་བུར་བཞུགས་པར་མཆོདཿ ཚོགས་རྫོགས་ཞེ་སྡང་ཡིད་ཀྱི་སྒྲིབ་པ་དགཿ ཤེར་དབང་རྫོགས་ཤིང་ཕྱག་རྒྱ་ཆེན་པོ་དངཿ ཆོས་སྐུར་སྨིན་པའི་ས་བོན་དགའ་བྲལ་གྱིསཿ ཡེ་ཤེས་མངོན་གྱུར་འབྲས་བུ་རྟགས་མཚན་ནོཿ རང་གྲོལ་ཆེན་པོའི་ངང་ལ་དར་གཅིག་བཞགཿ བདུད་རྩི་བབ་པའི་སྤྲུལ་པའི་འཁོར་ལོ་རུཿ པདྨ་ཧེ་རུ་ཡབ་ཡུམ་གཙོ་དང་འཁོརཿ གྲངས་མེད་མཆོད་ཅིང་ཚོགས་ཆེན་གཉིས་མཐར་ཕྱིནཿ འདོད་ཆགས་སྒྲིབ་དག་རིག་པའི་རྩལ་དབང་རྫོགསཿ ལྷུན་གྲུབ་རིག་འཛིན་ངོ་བོ་ཉིད་སྐུར་སྨིནཿ བསམ་མི་ཁྱབ་པའི་དགའ་བའི་ཡེ་ཤེས་མཆོགཿ མངོན་དུ་གྱུར་པ་རྟགས་མཚན་འབྲས་བུ་སྟེཿ ཡེ་ཤེས་ངང་དུ་དར་གཅིག་མཉམ་པར་བཞགཿ བདུད་རྩི་དྲག་ཕབ་བདེ་སྐྱོང་འཁོར་ལོ་རུཿ ཀརྨ་ཧེ་རུ་ཡབ་ཡུམ་འཁོར་གྲངས་མེདཿ མཆོད་པས་ཚོགས་ཆེན་གཉིས་ཀྱི་མཐའ་རྫོགས་ཤིངཿ ཕྲག་དོག་ཤེས་བྱའི་སྒྲིབ་པ་ཕྲ་མོའི་ཆཿ ཡོངས་སུ་དག་ནས་དོན་གྱི་དབང་རྫོགས་མཐརཿ མངོན་པར་བྱང་ཆུབ་སྐུ་རུ་སྨིན་པ་ཡིསཿ ས་བོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོགཿ མངོན་དུ་གྱུར་དུས་ལམ་གྱི་འབྲས་བུའོཿ དེ་ཚེ་དཔའ་བོ་ཡབ་ཡུམ་མཉམ་སྦྱོར་བའིཿ ཐིག་ལེ་དཀར་དམར་འདྲེས་ཚེ་དབའ་རླབས་ཀྱིསཿ ཡེ་ཤེས་ཆེན་པོ་ངོ་འཕྲོད་རྩལ་རྫོགས་ཤིངཿ ཕྲ་མོའི་རྣམ་རྟོག་མ་ལུས་དབྱིངས་སུ་ཟདཿ སྨྲ་བསམ་བརྗོད་མེད་ཀ་དག་ཡེ་གྲོལ་གྱིསཿ དགོངས་པ་མངོན་གྱུར་ཐེ་ཚོམ་སྒྲོག་ལས་གྲོལཿ དེ་ཚེ་དེ་ཡི་འབྲས་བུ་ཨེ་མ་ཧོཿ སླར་ཡང་དཀར་དམར་འདྲེས་པའི་ཡེ་ཤེས་མེསཿ རྩ་གནས་ལུས་ཀྱི་ཕྱི་ནང་ཀུན་ཁྱབ་ཅིངཿ བརྟན་གཡོ་དངོས་པོར་འཛིན་པ་ཀུན་བསྲེགས་སྦྱངསཿ མེ་ལྕེ་ཚུར་འདུས་རྩ་ཁམས་དཀར་དམར་གྱིསཿ བདུད་རྩིས་ཁྱབ་ཅིང་འཛིན་འདྲེན་བཀྲམ་པའི་གནདཿ གླང་ཆེན་སྟབས་ཀྱིས་རྒྱུ་འདྲེན་ལན་གསུམ་དྲངསཿ སེང་གེའི་སྟབས་ཀྱིས་བདེ་ཆེན་འཁོར་ལོར་བཅིངཿ རྨ་བྱའི་སྟབས་ཀྱིས་སྟོད་སྨད་ཁྱབ་པར་བཀྱེཿ གྱི་ལིང་སྟབས་ཀྱིས་རྩ་གནས་ཀུན་ཏུ་བཀྲམཿ ཤང་ཤང་སྟབས་ཀྱིས་ཕྱི་ནང་མཉམ་པར་བྱཿ འདི་ནི་གབ་ཚིག་གསང་བའི་རྒྱ་ཅན་ཏེཿ འཕོ་མེད་ཐིག་ལེའི་རྣལ་འབྱོར་ལས་གཞན་མིནཿ ས་མ་ཡཱཿ ཐུན་མོང་བྲབ་པ་ཐལ་མོ་ཐག་སྒྲ་བཅསཿ སྤྱི་བོ་མགྲིན་སྙིང་ལྟེ་གསང་དཔུང་བརླ་བྲབཿ གཞིལ་བ་ལག་འཐིལ་དྲོད་བསྐྱེད་མགོ་བོ་དངཿ སྟོད་སྨད་ཡན་ལག་རྩ་གནས་ཁྱབ་པར་འཕུརཿ གཅུད་པ་ཕོ་བསྐོར་ཆུན་བཙལ་ལུས་ཀུན་སྒྲིམཿ རྩ་ཤད་ཡན་ལག་འཕེན་སྡུད་ལན་གསུམ་བྱཿ དེ་ནས་རྡེབ་ཆུང་གསུམ་མཐར་ཧ་ཞེས་པའིཿ ལུས་ཀུན་དཀྲུགས་ཤིང་སླར་ཡང་སེམས་དཔའི་སྟངསཿ རྩོལ་མེད་བར་རླུང་བུམ་པ་ཅན་དང་བསྒྲགསཿ དམིགས་མེད་ཡེ་ཤེས་ཁྱབ་གདལ་ཆེན་པོའི་ངངཿ ཅི་གནས་མཉམ་པར་བཞག་ཅིང་དགེ་བ་བསྔོཿ ལམ་འདིར་གོམ་པ་མཐར་ཕྱིན་འབྲས་ཐོབ་ཚེཿ རྩ་མདུད་གྲོལ་དང་ཟད་པའི་ཏིང་ངེ་འཛིནཿ རླུང་གི་ལས་ཕྲན་སྣ་ཚོགས་གཞུང་དང་བསྟུནཿ ཐོག་མར་ལུས་ལ་ཟུག་གཟེར་སྣ་ཚོགས་འབྱུངཿ དེ་ཚེ་སྙིང་རུས་བརྩོན་འགྲུས་དྲག་པོ་བསྐྱེདཿ བར་དུ་བདེ་དྲོད་རབ་འབར་གོས་མི་དགོསཿ བཀྲག་མདངས་གཟིང་བརྗིད་རྒྱས་ཤིང་ཆགས་པ་འཕེལཿ ཐིག་ལེ་འཕོ་མེད་བཟོད་པའི་གོ་ཆ་གྱོནཿ ཐ་མ་རྩ་འབྱོངས་རླུང་ཆུན་ཐིག་ལེར་དབངཿ ཡེ་ཤེས་ཆེན་པོའི་འབྲས་བུ་མངོན་དུ་གྱུརཿ མངོན་ཤེས་རྫུ་འཕྲུལ་རྟགས་མཚན་དཔག་མེད་འབྱོངསཿ ཏིང་འཛིན་དང་ལྡན་འབྱུང་བཞི་རང་དབང་བསྒྱུརཿ འབྲས་བུའི་ཡོན་ཏན་བརྗོད་ཀྱིས་མི་ལང་ངོཿ ཡེ་ཤེས་མཁའ་འགྲོ་ཐུགས་ཀྱི་བརྣག་བྱས་ཆོསཿ ཆོས་ཀྱི་བདག་མོའི་བསྐུལ་བ་ལན་གསུམ་བརཿ ལས་ལྡན་བུ་ཡི་དོན་དུ་མཛད་བཞིན་དུཿ བཻཌཱུརྱ་ཡི་ཡི་གེའི་བརྡའ་རིས་དོནཿ སྟོན་པ་དྲི་མ་མེད་པའི་དགོངས་ཟབ་གནདཿ གསང་བདག་དགའ་རབ་དཔའ་བོས་བརྡའ་བཀྲོལ་བཞིནཿ བརྟུལ་ཞུགས་ཨ་ཙར་དམར་པོའི་དག་པར་ཕབཿ ཤིན་ཏུ་ཟབ་པའི་མན་ངག་བཀའ་རྒྱ་ཅནཿ དམ་ཉམས་སྣོད་མིན་ལག་ཏུ་ཤོར་ར་རེཿ སྔགས་སྲུང་གཟའ་དང་ཤ་ཟ་མཆེད་ལྔ་ཡིཿ ཉིན་མཚན་དུས་དྲུག་མ་གཡེལ་བྱ་ར་གྱིསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ ཟབ་རྒྱཿ སྦས་རྒྱཿ མེ་མོ་སྦྲུལ་གྱི་ལོའི་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ལ་དག་པར་ཕབ་པའི་ཡེ་གེའི་འདུ་བྱེད་རང་སློབ་ར་སྨྲིས་མིང་འཛིན་གྱིས་བགྱིས་པ་བྱིན་རླབས་ཡ་མཚན་ཨེ་མ་ཧོཿ