བླ་མ་ཡང་གསང་ཁྲོས་པ་ལསཿ སྲོག་བདག་བེ་ཧར་མཆོད་སྒྲུབཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-077
Wylie title bla ma yang gsang khros pa las srog bdag be har mchod sgrub
Location mdo mkhyen brtse bka' 'bum
Volume 7, Text 77, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod  ·  Sadhanas - Evocation Ritual - sgrub thabs
Colophon

ཞེས་པ་འདིའང་བེ་ཧར་རང་གཟུགས་བསྟན་ཅིང་སྲོག་སྙིང་ཕུལ་བའི་ཚེཿ གསང་ཡུམ་ཌཱཀྐི་མའི་བརྡས་བསྐུལ་བ་ལྟརཿ རྒྱལ་པོ་སྲོག་བདག་རང་གི་མགུལ་གྭའི་བླ་དཔེ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བདེ་ཆེན་རིག་པའི་ཡེ་ཤེས་ཏེ་འདི་ནི་པེ་ཧར་སྲོག་གི་བླ་རྡོ་འཁྲུལ་མེད་དོཿ དགེའོ།

zhes pa 'di'ang be har rang gzugs bstan cing srog snying phul ba'i tshe: gsang yum DAk+ki ma'i brdas bskul ba ltar: rgyal po srog bdag rang gi mgul gwa'i bla dpe las dag par phab pa'i yi ge pa ni bde chen rig pa'i ye shes te 'di ni pe har srog gi bla rdo 'khrul med do:

[edit]
ཆཱྂ། །བླ་མ་ཡང་གསང་ཁྲོས་པ་ལསཿ སྲོག་བདག་བེ་ཧར་མཆོད་སྒྲུབ་བཞུགས་སོཿ ཿ

«ཙཀརྐ་མརྒརླ༔ པད་མ་དྲག་ཁྲོས་སྐུུ་ལ་འདུདཿ བདག་འདྲ་པདྨ་འབྱུང་གནས་ཀྱིཿ མ་འོངས་ང་སྤྲུལ་ཡབ་ཡུམ་སྲསཿ བསྟན་དང་འགྲོ་བའི་དོན་སྤྱོད་ཚེ༔ གཟུགས་ཅན་དམ་ཉམས་དགྲ་བོ་དང༔ གཟུགས་མེད་དམ་སྲི་རྒྱལ་བསེན་དཔུངཿ གནོད་པ་བཟློག་ཅིང་སྲོག་འཕྲོག་ཕྱིརཿ དམ་ལྡན་དྲེགས་པའི་གཙོ་བོ་ཆེཿ སྲོག་བདག་བེ་ཧར་མཆོད་སྒྲུབ་བསྟནཿ གཏོར་མ་མཁར་ཐབས་བཤོས་བུ་ལྔཿ རིན་ཆེན་སྨན་སྤོས་ཕབ་ཀྱིས་བྲནཿ ཟུར་བཞི་ཡིད་བཞིན་ནོར་བུ་བཞིཿ མཐའ་མར་བཤོས་བུ་ཟུར་གསུམ་བརྒྱདཿ བྷ་ལིཾ་གཏོར་མས་མཐའ་བསྐོར་ལཿ ཁྲག་ཆང་སྦྲུས་པའི་གཏོར་མ་སྟེཿ བྲིས་སྐུ་བརྟེན་པའི་རྫས་ཡིན་ནོ༔ གསང་ཕྱི་ཤ་ཁྲག་ཟས་སྐལ་ཏེཿ སྤོས་དཀར་ཐུགས་དམ་སྐོང་བའི་རྫསཿ རྟ་དཀར་ཁྱི་དཀར་ར་དཀར་བྱ༔ རྒྱལ་པོ་ལྔ་ཡི་ཐུན་རྫས་ཏེ༔ སྲོག་གི་སྙིང་པོ་སྔགས་ཡིན་ནོ༔ དེ་དག་སྐབས་དང་བསྟུན་པའོཿ གསོད་པའི་རྫས་ནི་ཤ་ཁྲག་དང༔ ནང་རོལ་མཆོད་ཅིང་བསྐུལ་བའོཿ རང་ཉིད་ལྷ་ཡི་ང་རྒྱལ་གྱིསཿ »ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ གཏོར་མཆོད་རྫས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྟོངས་པར་སྦྱངསཿ ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷ་རྨཿསྭཱ་བྷ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་རང་སྣང་རིན་ཆེན་འཕྲུལ་གྱི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་འདོད་ཡོན་ལོངས་སྤྱོ་དཀོར་ཆ་ཡིད་བཞིན་རིན་ཆེན་གཏེར་གྱི་སྤྲིན་འཕྲོ་བར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱེཿ སརྦ་ཏ་ཐཱ་ག་ཏ་མ་ཧཱ་སྤ་ར་ཎ་ག་ག་ན་ཁཾཿ ཨོཾ་ཨཱཿ་ཧཱུྃཿ ཐུགས་ཀའི་འོད་ཀྱིས་སྲོག་བདག་འཁོར་བཅས་སྤྱན་དྲངས་པར་གྱུརཿ ཧྲཱིཿ པདྨ་ཙཎྜ་བཛྲ་ཀྲོ་ཏ་རཱ་ཛ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ འོད་དཔག་མེད་མགོན་པད་མའི་སྡོང་པོར་འཁྲུངསཿ སྐྱེ་འཆི་གཉིས་སྤངས་ཚེ་ཡི་རིག་འཛིན་ཐོབཿ ལྷ་སྲིན་འདུལ་ཕྱིར་ཁྲོས་པའི་སྐུར་སྟོན་པཿ གུ་རུ་དྲག་པོའི་ལྷ་ལ་ཕྱག་འཚལ་བསྟོདཿ ཀྱེཿ དགུང་སྔོན་དབྱིངས་ཀྱི་གནས་མཆོག་ནསཿ གཡུ་འོད་འབར་བའི་ཕོ་བྲང་དབུསཿ འཛམ་གླིང་སྐྱེ་འགྲོའི་སྲོག་གི་བདག༔ དམ་ཚིག་ཅན་གྱི་ལྷ་ཆེན་པོ༔ རྒྱལ་པོ་་ལི་བྱིན་ཧ་ར་ནི༔ ཞལ་གསུམ་སྟོད་ཀྱི་མི་བོ་ཆེཿ སྐུ་མདོག་ནག་ལ་འོད་ཟེར་འཕྲོསཿ གཡས་དཀར་གཡོན་དམར་དབུས་རང་མདོགཿ ཕྱག་དྲུག་དགྲ་སྟྭ་ཞིང་དབྱུག་དང༔ སྤུ་གྲི་ནོར་བུ་ཞགས་ནད་རྐྱལཿ དོམ་ནག་སློག་པ་་བེར་ཆེན་དང༔ ཞིང་གི་གཡང་གཞི་སྙིང་ཕྲེང་གསོལཿ སག་ཞུ་གསོལ་ཞིང་སོག་ལྷྭམ་མནབསཿ ཆིབས་སུ་སེང་གེ་དཀར་མོ་བཅིབསཿ ཡུམ་ཆེན་ཤནྟ་རཀྵི་མཿ བློན་པོ་བྱ་ཁྲ་མིག་གཅིག་སྟེཿ གཡས་སུ་རྒྱལ་པོ་ཤིང་བྱ་ཅནཿ བློན་པོ་སྲོག་བདུད་ར་མ་ལཿ རྒྱབ་ཏུ་གཏུམ་ཆེན་དཔལ་འབར་མཿ བློན་པོ་ཁྲག་མདོག་ཀ་ལིང་ཀཿ གཡོན་དུ་རོག་ཏི་གང་བ་བཟངཿ བློན་པོ་ཡཀྴ་ནོར་གྱི་བདགཿ མདུན་དུ་ཚངས་པ་དུང་ཐོད་ཅནཿ བློན་པོ་ཐེའུ་རང་སྲོག་འཕྲོག་སྟེཿ སྟག་སེང་དོམ་ནག་སྨྱོན་པ་དངཿ བ་གླང་སྣ་རིང་ཞོན་པ་ཅནཿ འཁོར་ཚོགས་བྱེ་བ་གྲངས་མེད་པཿ གུ་རུ་དྲག་པོའི་བཀའ་བཞིན་དུཿ དམ་ཚིག་ལྡན་པའི་གནས་མཆོག་འདིརཿ སྐད་ཅིག་ཙམ་གྱིས་ད་ཚུར་བྱོནཿ ཏྲི་ལང་ཀིང་ཀ་ར་ས་མ་ཡ་ཛ་ཛཿ རང་མདུན་དམའ་བའི་ས་གཞིའི་ཁྱོནཿ བཀོད་ལེགས་གཞལ་ཡས་ཁང་མཛེས་དབུསཿ འཁོར་ཚོགས་སྤྲུལ་པར་བཅས་པ་ཀུནཿ དད་ཅིང་གུས་བས་དགྱེས་པར་བཞུགསཿ ཁྲག་ཆང་སྦྱར་བའི་སྐྱེམས་ཕུད་འབུལཿ ས་མ་ཡཿ ཨ་མྲྀ་ཏ་ཁཱ་ཧིཿ «མཆོད་ཅིང་ཐུགས་དམ་བསྐང་བ་ནིཿ »ཧཱུྃཿ ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཆེ༔ བེ་ཧར་ཁམས་གསུམ་སྲོག་གི་བདགཿ འཁོར་བཅས་དགྱེས་པའི་དམ་རྫས་ནིཿ འབྲུ་བཅུད་ངར་མའི་བཤོས་བུ་ཆེ༔ སྐུ་མཁར་དབྱིངས་ལྡན་མཁའ་ལ་ཟུགཿ རིན་ཆེན་ལྔ་དང་སྨན་སྤོས་བྲན༔ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང༔ ལི་བྱིན་ཧ་རའི་ཐུགས་དམ་བསྐངཿ སྤྲུལ་པ་རྣམ་བཞིའི་ཐུགས་དམ་བསྐངཿ བློན་པོ་ལྔ་ཡི་ཐུགས་དམ་བསྐང༔ བཙུན་མོ་འཁོར་བཅས་ཐུགས་དམ་བསྐང༔ དམ་རྫས་རྒྱན་གྱི་བཤོས་བུ་དང༔ འབྲུ་བཅུད་ཆང་དང་རཀྟ་ཁྲགཿ བཏུང་བ་སྐོམས་ལ་བྱེ་བྲག་རིགསཿ ཤ་ཁྲག་ཟས་སྣ་ལྔག་གཞིབ་སོགསཿ ཤིང་རྩི་སྤོས་དཀར་དུད་སྤྲིན་འཁྲིགསཿ ཆོས་སྐྱོང་འཁོར་དང་བཅས་ལ་འབུལཿ ལི་བྱིན་ཧ་རའི་ཐུགས་དམ་བསྐངཿ སྤྲུལ་པ་རྣམ་བཞིའི་ཐུགས་དམ་བསྐངཿ བློན་པོ་ལྔ་ཡི་ཐུགས་དམ་བསྐངཿ བཙུན་མོ་འཁོར་བཅས་ཐུགས་དམ་བསྐངཿ གཞན་ཡང་གཟུགས་སྒྲ་དྲི་རོ་རེགཿ གོ་མཚོན་གསེར་དངུལ་སྟག་གཟིག་དངཿ རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་སོགསཿ བྱ་ཁྱི་རྟ་ར་དཀར་པོ་དངཿ སྐུ་གཟུགས་བླ་རྡོ་ཆགས་པའི་རྟེནཿ དངོས་སམ་ཡིད་ཀྱིས་སྤྲུལ་པ་ཡིས༔ ལི་བྱིན་ཧ་རའི་ཐུགས་དམ་བསྐངཿ སྤྲུལ་པ་རྣམ་བཞིའི་ཐུགས་དམ་བསྐང༔ བློན་པོ་ལྔ་ཡི་ཐུགས་དམ་བསྐངཿ བཙུན་མོ་འཁོར་བཅས་ཐུགས་དམ་བསྐངཿ ལུག་དཀར་བསད་པའི་ཤ་ཁྲག་རུསཿ ནང་རོལ་དབང་པོ་རྣམ་ལྔ་དངཿ མི་ཁྱི་རྟ་ཡི་ཤ་ཁྲག་མདངསཿ གསུར་ཆེན་དུད་པ་སྤྲིན་ཆེན་འཕྲོསཿ ཁྲག་ཆང་སྐྱེམས་ཕུད་དམར་གཏོར་སོགསཿ དྲག་པོ་བསད་པའི་རྫས་སུ་འབུལཿ ལི་བྱིན་ཧ་རའི་ཐུགས་དམ་བསྐངཿ སྤྲུལ་པ་རྣམ་བཞིའི་ཐུགས་དམ་བསྐངཿ བློན་པོ་ལྔ་ཡི་ཐུགས་དམ་བསྐངཿ བཙུན་མོ་ ་འཁོར་བཅས་ཐུགས་དམ་བསྐངཿ དགྲ་བོ་ལས་ངན་སྡིག་ཅན་གྱིཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་དངཿ ཤ་ཁྲག་ནང་རོལ་ལྷ་བ་རྐངཿ ཁ་རྗེ་དབང་ཐང་ལོངས་སྤྱོད་ནོརཿ མངའ་ཐང་བདུན་རྒྱུད་བཅས་པ་ཀུནཿ ཆོས་སྐྱོང་ཁྱོད་ལ་ཟས་སྐལ་འབུལཿ ལི་བྱིན་ཧ་རའི་ཐུགས་དམ་བསྐངཿ སྤྲུལ་པ་རྣམ་བཞིའི་ཐུགས་དམ་བསྐངཿ བློན་པོ་ལྔ་ཡི་ཐུགས་དམ་བསྐངཿ བཙུན་མོ་འཁོར་བཅས་ཐུགས་དམ་བསྐངཿ ཐུགས་དམ་གཉན་པོ་དེས་སྐོང་ལཿ ཁྱོད་དང་འགལ་བའི་ལས་བགྱིས་བཤགསཿ དམ་ཚིག་གཉན་ལས་མ་འདའ་བརཿ དཀར་ཕྱོགས་བསྟན་པ་སྐྱོང་བ་དངཿ ནག་ཕྱོགས་བདུད་སྡེའི་དཔུང་འཇོམས་ཤིངཿ རང་གི་འཁོར་ལ་བཀའ་ནན་ཕྱུངསཿ རྣལ་འབྱོར་འདོད་དོན་ལྷུན་གྲུབ་མཛོདཿ «བསྟོད་པ་ནི༔ »ཀྱེཿ དབང་ཆེན་རྟ་ནག་སྤྲུལ་པའི་གར་སྒྱུར་བཿ ལི་ཡུལ་ལྕང་ར་སྨུག་པོར་དགེ་སློང་ཚུལཿ གཞོན་ནུ་འདོད་པའི་དབང་གིས་ཚུལ་ཁྲིམས་འཆལཿ ཁྲིམས་ཀྱིས་ཉེན་ཚེ་སྨོན་ལམ་ལོག་བཏབ་ཀྱིསཿ རང་སྲོག་བསྐྱལ་ནས་དྲེགས་པའི་སྐུར་བཞེངས་པཿ སྲོག་བདག་འོད་ཀྱི་རྒྱལ་པོ་བེ་ཧར་ཆེཿ ཐོད་ཕྲེང་དྲག་རྩལ་སྤྱན་སྔར་ཁས་བླངས་ཤིངཿ ཆོས་འཁོར་གཙུག་ལག་སྐྱོང་བའི་སྲུང་མར་བསྐོསཿ སླར་ཡང་བར་ཁང་གཡུ་གཞལ་འབར་བ་རུཿ མ་འོངས་བསྟན་པའི་ལུང་བྱང་གནང་བའི་ཚེཿ དབང་རྟགས་རྡོ་རྗེའི་ཅོད་པཎ་མགོ་ལ་བཞགཿ དམ་རྫས་བདུད་རྩི་འབར་བ་ལྕེ་ལ་མྱོངཿ ལྕགས་སྡིག་ཕོ་ཉ་སྲོག་གི་གཤེད་མར་བསྐོསཿ དམ་མནོས་བྲོ་བོར་སྲོག་གི་སྙིང་པོ་ཕུལཿ དེ་རྗེས་དཔལ་གྱི་བསམ་ཡས་མཆིམས་ཕུ་ཡིཿ བྲག་དམར་ཀེའུ་ཚང་དྲག་པོའི་གནས་མཆོག་ཏུཿ དབང་དྲག་ཁྲོ་བོ་འཆོལ་བའི་སྐུར་བཞེངས་ཚེཿ སྲོག་སྙིང་འགས་ཤིང་ཙིཏྟ་དམར་པོ་སྐྱུགཿ འཁོར་རྣམས་རྡུལ་དུ་བརླགས་ཤིང་ཤིར་ཉེ་ཚེཿ མ་འོངས་སློབ་དཔོན་བཀའ་བཞིན་སྒྲུབ་པ་དངཿ བླ་རྡོ་སྲོག་སྔགས་འབུལ་བར་དམ་བཅས་ཤིངཿ དམ་ལྡན་ཐོད་དུ་ཁུར་བར་བྲོ་ཡང་བོརཿ དམ་ཉམས་སྲོག་གི་ཤན་པར་ཁས་བླངས་བའིཿ མཐུ་ལྡན་ལི་བྱིན་ཧ་རར་བདག་བསྟོད་དོ༔ ཞི་བའི་ཆ་ལུགས་དགེ་སྦྱོང་གཞོན་ནུའི་ཚུལཿ ཡིད་བཞིན་ནོར་བུ་ཤེལ་དཀར་ཕྲེང་བ་འཛིནཿ གསེར་ཞྭ་ཆོས་གོས་གསོལ་ཞིང་རྟ་དཀར་བཅིབསཿ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་འབེབསཿ གནོད་སྦྱིན་ནོར་ལྷ་ཁྱོད་ལ་བདག་བསྟོད་དོཿ དྲག་པོའི་ཆ་ལུགས་བདུད་ནག་མི་བོ་ཆེཿ ཞལ་གསུམ་ཕྱག་དྲུག་སེང་གེ་དཀར་མོ་བཅིབསཿ ཕོ་ཉར་འགྱེད་ཅིང་རྒྱལ་ནད་སྨྱོ་འབོགས་གཏོངཿ གྲི་ཐབས་གཟེར་ནད་ཧུར་ཐུམ་ཆོ་འཕྲུལ་སྟོནཿ དགྲ་སྲོག་གཅོད་པའི་ཤན་པ་ཁྱོད་ལ་བསྟོདཿ བཙུན་མོ་བཞི་དང་སྤྲུལ་པའི་ཕོ་ཉ་བཞིཿ བློན་པོ་སྡེ་ལྔ་ཤན་པ་མཆེད་གསུམ་དངཿ བཀའ་འཁོར་ཕོ་ཉ་ལས་མཁན་དྲེགས་པའི་ཚོགསཿ ལྕགས་སྡིག་ཡབ་ཡུམ་སྤྱན་སྔར་ཁས་བླངས་པའིཿ དམ་ལྡན་སྲུང་མའི་ཚོགས་ལ་བདག་བསྟོད་དོཿ« སྲོག་སྔགས་བཟླ་བ་ནིཿ »རང་ཉིད་ཡི་དམ་གུ་རུ་དྲག་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྲོག་བདག་གི་སྙིང་ཁར་ཕོགཿ ཕྱག་འཚལ་བྲོ་བོར་སྲོག་སྙིང་ཕུལ་ཅིང་ཅི་བཅོལ་བའི་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལཿ དྷ་ཤ་གྷྲྀ་ཝ་ཏྲི་ལང་ཀིང་ཀཱ་ར་རུ་ཙུ་རནྜེ་རུ་མ་ཎ་ཏྲིག་ཤྭ་ཏྲིག་ཤྭ་ཙིཏྟ་ཏྲི་ཡང་ཤུ་ལ་གྷྲྀ་ཝ་དུང་དུང་ཛཿ་ཛཿ« དོ་གལ་ཆེ་ན་ཅུང་ཟད་བཟླཿ བེ་ཧར་སྲོག་གི་ཡང་སྙིང་སྟེཿ ཤིན་ཏུ་གསང་ངོ་དམ་ཚིག་རྒྱཿ མངའ་གསོལ་ཕྲིན་ལས་བཅོལ་བ་ནིཿ »ཧཱུྃཿ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིཿ བཀའ་ཉན་ཕོ་ཉ་བསྟན་སྲུང་མཐུ་བོ་ཆེཿ འཛམ་གླིང་སྲོག་བདག་ཆོས་སྐྱོང་རྒྱལ་པོ་ཁྱོདཿ ཡང་གསང་བསྟན་པའི་སྲུང་མར་མངའ་གསོལ་ལོཿ གསང་སྔགས་སྦྱོར་སྒྲོལ་སྤྱོད་པའི་རྣལ་འབྱོར་པཿ པདྨའི་ཐུགས་སྤྲུལ་སངས་རྒྱས་བསྟན་པའི་སྲོགཿ ཧེ་རུ་ཀ་དཔལ་སློབ་དཔོན་ཡབ་ཡུམ་གྱིཿ ལས་ཀྱི་ཕོ་ཉ་ཆེན་པོར་མངའ་གསོལ་ལོཿ པདྨའི་རིང་ལུགས་སྐྱོང་བའི་དམ་ལྡན་བུཿ ཐེ་ཚོམ་མེད་པར་གསང་སྔགས་ཟབ་མོར་སྤྱོདཿ རྩེ་གཅིག་སྒྲུབ་ལ་གཞོལ་བའི་རྡོ་རྗེའི་མཆེདཿ སྐྱོང་མཛད་གནོད་སྦྱིན་ཆེན་པོར་མངའ་གསོལ་ལོཿ སྨོན་ལམ་ལོག་པའི་དམ་སྲི་བདུད་ཀྱི་སྡེཿ རྒྱལ་བསེན་འབྱུང་པོ་རྒྱ་འདྲེ་གསར་བའི་རིགསཿ དམ་ཉམས་བསམ་ངན་སྦྱོར་རྩུབ་དགྲ་སྡེའི་དཔུངཿ འཇོམས་པའི་དམག་དཔོན་ཆེན་པོར་མངའ་གསོལ་ལོཿ ལྷོ་རྒྱལ་འཛམ་གླིང་ཡངས་པའི་ས་ཁྱོན་འདིརཿ མཐུ་ལྡན་དྲེགས་པའི་སྡེ་ཚོགས་དཔུང་མང་ཡང༔ རྒྱལ་དབང་པདྨའི་བཞེད་དོན་ཡོངས་འགྲུབ་པའིཿ སྐྱེ་འགྲོའི་སྲོག་གི་བདག་པོར་མངའ་གསོལ་ལོཿ བདག་ནི་དམ་ལྡན་རྣལ་འབྱོར་སྒྲུབ་པ་པོཿ གསུམ་ལྡན་རྡོ་རྗེ་སློབ་དཔོན་ཐོད་དུ་ཁུརཿ གུ་རུ་དྲག་པོའི་བསྐྱེད་རྫོགས་གདེངས་དང་ལྡནཿ ལྷ་སྔགས་ཏིང་ངེ་འཛིན་ལས་མ་གཡོས་ཤིངཿ སྐུ་གསུང་ཐུགས་ཀྱི་དམ་ལས་མ་ཉམས་སོཿ ཁྱོད་ནི་དྲག་རྩལ་ལྡན་པའི་བསྟན་སྲུང་སྟེཿ ཆོས་སྐྱོང་ཁྱོད་ལ་མཐུ་མེད་མི་སྲིད་པསཿ ཞི་བའི་ཕྲིན་ལས་ནད་གདོན་བར་ཆད་དང༔ རྨི་ལྟས་མཚན་ངན་བཀྲ་མི་ཤིས་པ་ཟློགཿ རྒྱས་པའི་ཕྲིན་ལས་ཚེ་བསོད་དཔལ་འབྱོར་དངཿ མངའ་ཐང་རིགས་རྒྱུད་འཁོར་དང་སྡེ་རིས་སྤེལཿ དབང་གི་ཕྲིན་ལས་ལྷ་འདྲེ་མི་གསུམ་པོའིཿ སྟོབས་དང་སྙན་གྲགས་ཟས་ནོར་རྩི་བཅུད་སྡུསཿ དྲག་པོའི་ཕྲིན་ལས་དགྲ་གདོན་བྱད་མ་དངཿ བསམ་ངན་སྦྱོར་རྩུབ་འཆང་བ་རྡུལ་དུ་རློགཿ ཞིང་བཅུའི་དགྲ་བོ་མ་གཏོང་ཤོར་ར་རེཿ ཐོད་ཕྲེང་དྲག་རྩལ་བཀའ་བསྒོས་ཇི་བཞིན་དུཿ གསང་སྔགས་བསྟན་དང་བདག་ལ་སྡང་བའི་དགྲཿ མ་བསྐུལ་བར་ཡང་ལོ་ཟླར་མི་འགྱང་བརཿ སྐད་ཅིག་སྲོག་སྙིང་འཕྲོག་པར་མ་ཆད་དམཿ དམིགས་པའི་ཡུལ་གྱུར་དམ་ཉམས་དགྲ་སྡེའི་དཔུངཿ ལོ་ཐོག་སྐྱིན་ཐང་སེར་བས་བཅོམ་པའམཿ སྒོ་ང་བྲག་ལ་བརྡབ་བཞིན་མྱུར་དུ་སྒྲོལཿ གཟུགས་མེད་བཀའ་ཡི་ཆད་པ་དྲག་པོས་གཟིརཿ རྣལ་འབྱོར་འདོད་པའི་དོན་ཀུན་འགྲུབ་པར་མཛོདཿ «མཆོད་གཏོར་གཤེགས་ཤིང་ཕྲིན་ལས་བཅོལཿ འདི་ཉིད་མཆོད་པ་ཙམ་གྱིས་ནི༔ མ་བསྐུལ་བར་ཡང་བསྟན་པའི་དགྲཿ བརླག་ཅིང་འཁོར་ལ་བུ་ལྟར་བྱམསཿ ལོངས་སྤྱོད»་«མངའ་ཐང་སྙན་གྲགས་འཕེལཿ སྙིང་ཉེ་ཕྲག་ཡངས་ཕྲིན་ལས་མྱུརཿ གང་འདོད་མྱུར་དུ་སྒྲུབ་པར་བྱེདཿ པདྨ་ང་ཡི་ཕོ་ཉ་སྟེཿ བརྒྱུད་འཛིན་སྙིང་གི་བུ་མཆོག་ལསཿ ཀུན་ལ་གཏད་པར་མ་བྱེད་ཅིགཿ ལི་བྱིན་ཧ་རའི་མཆོད་སྒྲུབ་པཿ འདི་ལྟའི་གཞན་དུ་ངས་མ་བཤད༔ མ་འོངས་རིག་འཛིན་ཡབ་ཡུམ་དངཿ འཕྲད་ནས་བཀའ་བཞིན་སྒྲུབ་བར་ཤོགཿ ས་མ་ཡཿ དམ་ཚིག་གཉན་པོ་བཀའ་ཡི་རྒྱཿ ཞེས་པ་འདིའང་བེ་ཧར་རང་གཟུགས་བསྟན་ཅིང་སྲོག་སྙིང་ཕུལ་བའི་ཚེཿ གསང་ཡུམ་ཌཱཀྐི་མའི་བརྡས་བསྐུལ་བ་ལྟརཿ རྒྱལ་པོ་སྲོག་བདག་རང་གི་མགུལ་གྭའི་བླ་དཔེ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བདེ་ཆེན་རིག་པའི་ཡེ་ཤེས་ཏེ་འདི་ནི་པེ་ཧར་སྲོག་གི་བླ་རྡོ་འཁྲུལ་མེད་དོཿ དགེའོ།

ཆཱྂཿ གཏེར་སྲུང་བེ་ཧར་སྲོག་བདག་གིཿ དྲག་བསྐུལ་དུས་མཐའི་མེ་དཔུང་བཞུགས་སོཿ རྡོ་རྗེ་སྲིན་པོའི་སྐུ་ལ་འདུདཿ ཡང་གསང་ཉམས་ལེན་རྣལ་འབྱོར་ལཿ སྡང་དགྲའི་བསམ་ངན་སྦྱོར་རྩུབ་གྱིསཿ མ་ཉེས་ཁ་ཡོགས་བྱུངབའི་དུསཿ སྲོག་བདག་ལས་ལ་བསྐུལ་བ་ནིཿ ཁྲག་ཆང་སྦྲུས་པའི་གཏོར་མ་ནིཿ ཟུར་གསུམ་བཤོས་ནག་བརྗིད་ལྡན་ལཿ བཤོས་ཕྲན་ཉི་ཤུའི་འཁོར་གྱིས་བསྐོརཿ ལིངྒ་སྙིང་དང་ཤ་ཁྲག་བརྒྱནཿ གསོལ་མཆོད་བསྐང་བ་བརྒྱ་སྟོང་གྲངསཿ ཤ་ཁྲག་མཆོད་པས་ཚིམ་པར་བྱཿ སྲོག་སྔགས་དམིགས་གནད་དང་ལྡན་པསཿ སྟོང་ཕྲག་བཟླ་ཞིང་ཁྲག་སྐྱེམས་འབུལཿ རང་ཉིད་ཁྲོས་པའི་ང་རྒྱལ་གྱིསཿ འགུགས་གཞུག་དྲག་པོ་ལན་དགུའི་མཐརཿ ཤ་ཁྲག་ཟས་སྐལ་བསྔོ་བ་ནིཿ »ཧོཿ འཛམ་བུ་གླིང་གི་སྲོག་བདགཿ བོད་ཡུལ་དབུས་ཀྱི་བསྟན་སྲུངཿ བྷ་ཏ་ཧོར་གྱི་སྒོམ་གྲྭ་ཆེན་པོ་ན་བཞུགས་པའིཿ ལི་ཡུལ་ལྕང་ར་སྨུག་པོ་ནས་དམོད་པ་བོར་བས་སྲོག་བདག་བེ་ཧར་ཞལ་གསུམ་སྟོད་ཀྱི་མི་བོ་ཆེཿ ཕྱག་དྲུག་མཚོན་ཆས་དགྲ་སྲོག་གཅོད་པཿ སེང་གེ་དཀར་མོ་ལ་བཅིབས་ཤིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱལ་པོ་བཞི་དངཿ ཐུགས་ཀྱི་བློན་པོ་བྱ་ཁྲ་མིག་གཅིགཿ ཡུམ་ཆེན་ཤནྟ་རཀྵིཿ གསང་བའི་བློན་པོ་བཞི་དངཿ སྲོག་བདུད་ཤན་པ་མཆེད་གསུམཿ བཙན་རྒོད་རོལ་པ་རྐྱ་བདུནཿ འཁོར་ཚོགས་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་དགོངས་སུ་གསོལ་ལོཿ ཐུགས་མ་ཡེངསཿ རྩལ་མ་ཞནཿ ལས་ལ་བསྐུལ་ལོཿ དམ་ཉམས་དགྲ་བོ་སྡིག་པོ་ཆེ་ཆེ་གེ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིགཿ དཀོན་མཆོག་གི་དབུ་འཕང་སྨདཿ དགེ་འདུན་གྱི་སྡེ་དཀྲུགསཿ གསང་སྔགས་ཟབ་མོར་ལོག་པར་བལྟསཿ རྣལ་འབྱོར་པ་བདག་ལ་དོ་བརྡོ་ཕོད་བཙུག་སྙད་བཙལ་གནོད་པ་སྣ་ཚོགས་དུག་ལྟར་གཡོསཿ འདི་ལ་མངོན་སྤྱོད་དྲག་པོས་བཀའ་ཆད་ཐོག་ལྟར་ཕོབ་ཅིགཿ ངས་དང་པོ་མ་ཉེས་སེམས་མ་ཉེསཿ བར་དུ་མ་ཉེས་ཁ་མ་ཉེསཿ ཐ་མ་མཉེས་ལག་མ་ཉེསཿ མ་ཉེས་དཔང་དུ་མཆོག་གསུམ་ཡོད་དོཿ ཁྱོད་ལ་དམ་ཉམས་ཀྱི་དགྲ་བོ་འདིའི་ཤ་ཁྲག་རུས་གསུམ་ཁ་རྗེ་དབང་ཐང་ཚེ་བླ་སྲོག་དབུགས་ཤ་ཁྲག་གཏོར་མ་དང་མཉམ་དུ་ཟས་སྐལ་དུ་གཏད་པས་ཟོཿ འཐུང་སྐལ་དུ་གཏད་པས་འཐུངསཿ གནང་བསྐལ་དུ་གཏད་པས་རོལཿ ལོ་དང་ལ་བར་མ་བཞགཿ ཞག་དང་ཟ་མར་མ་འགྱངསཿ ཐལ་བའི་རྡུལ་དུ་རློག་ཅིགཿ ཏྲི་ལིང་ཀིང་ཀཱ་ར་ཏྲིག་ཤྭ་ཏྲིག་ཤྭ་ཨ་ཡ་མ་དུ་རུ་ཙ་ཤ་ན་མཱཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིཾ་ནིརྟི་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བྷྱོཿ བསྐུལ་ལོ་མཐུ་ཆེན་དྲེགས་པའི་སྡེཿ རྦད་དོ་བེ་ཧར་སྲོག་གི་བདགཿ རྒྱུགས་ཤིག་འཁོར་ཚོགས་སྤྲུལ་བར་བཅསཿ སོད་ཅིག་དམ་ཉམས་ཞིང་བཅུའི་དགྲཿ རབ་ཁྲོས་དྲག་པོའི་ལས་ལ་ཡཿ བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམཿ ཆོས་འཁོར་དཀོར་སྲུང་བསྐོས་པའི་ཚེཿ དགྲ་སྲོག་གཅོད་པར་མ་ཆ་དམཿ ལས་མི་འགྱང་བར་དམ་བཅས་བཞིནཿ སྐུ་ཤུགས་ཕྱུངས་ལ་ཞེ་སྡང་སྐྱེདཿ རྣོ་མཚོན་བདོར་ལ་འགྱོགས་པར་ཞོནཿ ང་རྒྱལ་སྐྱེད་ལ་དམག་དཔོན་མཛོདཿ འཁོར་གྱི་དམག་དཔུང་བཀའ་ནན་སྒྲོགསཿ སྡེ་བརྒྱད་ཡོངས་ཀྱི་ཟ་ཁ་ཁྲིདཿ ཕུང་བྱེད་སྡང་དགྲ་ལས་ངན་འདིའིཿ སྲོག་དང་མ་ཕྲལ་བཞག་པ་ནཿ ཡང་གསང་བསྟན་པ་སྣུབ་བོ་ཞེསཿ བདག་ཅག་སྲོག་དང་བྲལ་ལོ་ཞེསཿ ཁྱོད་ཀྱི་གནས་རྟེན་འཕྲོག་གོ་ཞེསཿ པདྨའི་རིང་ལུགས་སྐྱོང་བ་ཀུནཿ ཁོ་ཡིས་དམངས་སུ་འབེབས་སོ་ཟེརཿ འདི་ལ་བཟོད་པ་སྒོམ་བྱེད་དམཿ མ་བསྐུལ་བར་ཡང་སྡང་བའི་དགྲཿ སྒྲོལ་བར་ཁས་བླངས་དམ་བཅས་ནཿ ད་བར་དམ་བཅའ་གང་དུ་ཐལ༔ བསྐུལ་ཚེ་ཁྱོད་ཀྱི་ལས་འགྱངས་ནཿ ཁྱོད་ཉིད་དམ་ཚིག་ཉམས་པ་ཡིསཿ པདྨ་དྲག་པོའི་ཐུགས་ཁྲོས་ནསཿ གནམ་ལྕགས་སྡིག་པ་དམར་ནག་གིསཿ ཁྱོད་ཀྱི་སྲོག་འཕྲོག་སྙིང་ཁྲག་འཐུངས་ཿ རྡོ་རྗེ་དམྱལ་བར་འཕེན་ཏ་རེཿ དེ་བས་དམ་ལས་མ་འདའ་བརཿ ཞེ་སྡང་མེ་ལྟར་འབར་ཞིང་རྒྱུགསཿ འདོད་ཆགས་ཆུ་ལྟར་འཁྲུགས་ཤིང་རྒྱུགསཿ གཏི་མུག་མུན་ལྷར་འཐིབས་ཤིང་རྒྱུགསཿ ང་རྒྱལ་རི་ལྟར་བསྙིལ་ཞིང་རྒྱུགཿ ཕྲག་དོག་རླུང་ལྟར་འཚུབས་ཤིང་རྒྱུགསཿ དམག་དཔོན་དྲག་རྩལ་མ་ཆུང་ཞིགཿ ལིངས་པ་ལིངས་ལ་མ་ཞན་ཅིགཿ ཤན་པའི་སྤུ་གྲི་མ་རྡུལ་ཞིགཿ ལག་དམར་མྱུར་མགྱོགས་མ་ཆུང་ཞིགཿ གཏོར་མ་འདི་དང་དམ་ཉམས་དགྲཿ མཉམ་པོར་བཞེས་ལ་མེད་པར་མཛོདཿ ཡས་གསུམ་ཡས་ཀྱི་འཇུ་ཐག་ཆོདཿ མས་གསུམ་མས་ཀྱི་རྟེན་ཕུར་ཕུད༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངསཿ ལེགས་དང་ཕྲོལ་ལ་ཉེས་དང་སྤྲོདཿ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོགཿ མོ་རྒྱུད་མངལ་ནས་སྐོམས་ལ་ཤོགཿ བུ་ཚ་ཚོང་ཁང་ནང་ནས་སོདཿ སྐྱེས་པ་གྲི་འཐབ་མཚོན་ཁར་ཐོངསཿ རྒན་བུ་ཕོ་མོ་སྨྱོ་འབོགས་ཐོངསཿ མི་རབས་བདུན་རྒྱུད་ཚུན་ཆད་ཀུནཿ རྩྭ་ཕུང་མེ་ལ་བསྲེགས་པའམཿ ཐལ་བ་རླུང་གིས་གཏོར་བ་བཞིནཿ ཕུང་ཤུལ་ཙམ་ཡང་མེད་པར་གྱིསཿ རང་ཤ་རང་ཟ་རང་ཁྲག་འཐུངཿ རང་རྒྱུད་གསོད་དང་རང་ཁྱིམ་བསྲེགསཿ ཁ་ནས་སྨྲེ་སྔགས་རང་མཚང་འདོནཿ རྒྱལ་པོ་ཁྱོད་ཀྱི་ཆོ་འཕྲུལ་ཏེཿ རྟགས་དང་མཚན་མ་མྱུར་དུ་སྟོནཿ བྲེང་བྲེང་ཤག་ཤག་ད་རྒྱུགས་ཤིགཿ འུར་འུར་ཆེམ་ཆེམ་ལས་ལ་ཡཿ ཀི་བསྭོ་ཆ་འོ་དམག་དཔུང་དེངསཿ བརྒྱ་བྱིན་གཡུལ་ངོར་ཆས་པ་བཞིནཿ ཕྱི་འཁོར་མེད་པར་ད་སོང་ཞིགཿ ཞོ་འཐུང་མཚོན་ཆ་འཕང་བ་བཞིནཿ བཟློག་ཏུ་མེད་པར་ཕུང་དུ་ཆུགཿ ཞག་གསུམ་མཚན་གྱི་གུང་ཐུན་ལཿ དགྲ་བོའི་དོན་སྙིང་དམར་པོ་དངཿ ཚེ་བསོད་མངའ་ཐང་ནོར་གྱི་དབྱིགཿ དཔའ་བའི་རྒྱལ་རྟགས་ཁྱེར་ལ་ཤོགཿ དགྲ་བོའི་སྲོག་དང་མ་བྲལ་བརཿ ཁྱོད་ལ་མཆོད་དང་གཏོར་མ་མེདཿ དེ་ཚེ་གཏང་རག་མཆོད་པ་འབུལཿ བསྟན་སྲུང་གཙོ་བོར་མངའ་གསོལ་ལོཿ དྲག་པོའི་ཐུགས་ཀའི་འོད་ཟེར་གྱིསཿ ལྷ་སྲིན་སྡེ་བརྒྱད་ཀུན་དེད་ནསཿ དགྲ་བོའི་ཡུལ་དུ་བྷྱོ་བྷྱོ་བྷྱོཿ ཏྲི་ལང་ཀིང་ཀཱ་ར་ཏྲིག་ཤྭ་ཏྲིག་ཤྭ་ཧུར་ཧུརཿ བྲེང་བྲེངཿ རྒྱུག་རྒྱུགཿ ཤུ་ལ་གྷྲྀ་ཝ་ཏྲི་ཤུ་ལ་སྲོག་ལ་ཡ་ཡཿ རྦད་རྦདཿ སོད་སོདཿ ས་མ་ཡཱཿ ན་རཀྐནཿ« ཅེས་བརྗོད་བསྐུལ་གཏོར་དགྲ་ཕྱོགས་འཕངསཿ ངུ་འབོད་སྒྲོགས་ཞིང་དུལ་མོ་རྡེབཿ བྲིས་སྐུ་ཡོད་ན་མགོ་མཇུག་ལྡོགཿ ཞག་གསུམ་བསད་རྟགས་འབྱུང་བར་ངེསཿ དེ་ནས་བྲིས་སྐུ་རང་སར་བཞགཿ རང་ཉིད་དྲག་པོའི་བསྙེན་སྒྲུབ་གནདཿ དམིགས་པའི་དགྲ་བོ་གང་ཡང་རུངཿ ཚངས་པའི་ཚེ་དང་ལྡན་གྱུར་ཀྱངཿ ཟླ་གཅིག་མི་འགྱང་མ་ཤི་ནཿ པདྨས་བསླུས་སོ་རིགས་ཀྱི་བུཿ འདི་ནི་ཤིན་ཏུ་སྡུག་ཐུག་ལསཿ གལ་ཆུང་བྱ་བ་མ་ཡིན་ཏེཿ སྡེ་བརྒྱད་ཟ་ཁ་དོད་པའི་ཕྱིརཿ ལོ་གསུམ་ན་འཆིའི་རྒྱུན་མི་ཆདཿ ཐ་མར་རིགས་རྒྱུད་ཕུང་བར་ངེསཿ དེ་ཕྱིར་གཅེས་པར་ཟུངས་ཤིག་ལཿ དགོས་པའི་དུས་སུ་ཐོག་ལྟར་རོཿ ཕྲན་བུའི་མཐུ་ལས་གསོལ་ཁས་འགྲུབཿ ལྷ་ལྕམ་སྤྲུལ་པའི་ཌཱཀྐི་མཿ བརྒྱུད་འཛིན་བུ་ཡི་མཚོན་ཆརགྱིསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ན་རཀྐནཿ བདག་འདྲ་གཏེར་སྨྱོན་དྲག་པོ་རྩལ་གྱིས་སྲོག་བདག་རང་གི་བླ་རྡོའི་དཔེ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་པདྨ་དྲག་པོའི་རྣལ་འབྱོར་པ་བདེབའི་རྡོ་རྗེས་བགྱིས་པ་བཀའ་གཉན་ཞིང་ཤིན་ཏུ་གསང་བའི་མན་ངག་གུ་ཧྱཿ དགེའོ། །དགེའོ། །དགེའོ།། »

༄༅། །«བཙན་རྒོད་བསྐང་གསོལ་ནིཿ »ཧྲཱིཿ ལྗོན་ཤིང་བྲག་རིར་རྟེན་བཅས་བཙན་རྒོད་བདུན༔ ནང་ལྟར་དགེ་བསྙེན་གསང་བ་གནོད་སྦྱིན་ཚུལཿ ཁྱེད་ཅག་གཙོ་འཁོར་སྤྲུལ་དང་ཡང་སྤྲུལ་ཚོགསཿ གནས་འདིར་གཤེགས་ལ་དམ་ཚིག་དྲན་པར་གྱིས༔ ཕྱི་ནངགསང་མཆོད་འདོད་ཡོན་སྤྱན་གཟིགས་རྫས༔ ཤ་ཁྲག་དམར་གྱིས་བརྒྱན་པའི་བཱ་ལིང་ཏ༔ དམ་རྫས་བདུད་རྩི་དམར་ཆེན་རཀྟའི་མཚོ༔ མཆོད་དོ་འབུལ་ལོ་ཐུགས་དམ་གཉན་པོ་བསྐང༔ འགལ་འཁྲུལ་ནོངས་བཤགས་གུས་པས་བདག་བསྟོད་དོ༔ རྡོ་རྗེ་འཆང་དང་པདྨ་ཐོད་ཕྲེང་དྲུང༔ ཞལ་བཞེས་ཇི་བཞིན་སངས་རྒྱས་བསྟན་པ་སྲུངས༔ རྣལ་འབྱོར་བདག་ལ་ལུས་དང་གྲིབ་བཞིན་འགྲོགས༔ འདོད་དོན་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ «ཤིན་ཏུ་ལས་མྱུར་རོ༔ ཅེས་པའང་འཇའ་ལུས་རྡོ་རྗེས་སོ༔ དགེའོ། །

༄༅། །གཉིས་པ་གཏོར་མ་འབུལ་བ་ནི༔ གཙང་མའི་གནས་སུ་བཙན་བཤོས་དང༌། གསེར་སྐྱེམས་བཤམས་ལ་བསང་ཀྱིས་བདུག »ཨོཾ་སྭཱ་བྷ་ཝ་«ས་སྟོང་པར་སྦྱངས།» སྟོང་པའི་ངང་ལས་མདུན་དུ་བཙན་རྒོད་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་གནས་པར་གྱུར། རཾ་ཡཾ་ཁཾ་ཨོཾ་ཨཱཿ་ཧཱུཾ། གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ «ལན་གསུམ་བརྗོད་ཅིང་འདི་སྐད་བརྗོདཿ »ཧྲཱི༔ སྔོན་ཚེ་སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པ། །བཙན་རྒོད་ཆེན་པོ་གནོད་སྦྱིན་ཡང་ལེ་བེར། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ་ཛཿ «བཞུགས་གསོལ་ཕྱག་འཚལ་མཆོད་པ་འབུལ་བ་ནི»།« »ཧྲཱི༔ །བཙན་རྒོད་ཆེན་པོ་གནོད་སྦྱིན་འཁོར་དང་བཅས། །གནས་འདིར་དགྱེས་བཞུགས་བླང་དོར་མེད་ཕྱག་འཚལ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༌། །དམ་ཚིག་བདུད་རྩི་དམར་གྱི་ཨརྒྷཾ་སོགས། །འདོད་ཡོན་ལོངས་སྤྱོད་སྣ་ཚོགས་མཆོད་པར་བཅས། །བཙན་རྒོད་ཆེན་པོ་འཁོར་དང་བཅས་རྣམས་ལ། །འབུལ་ལོ་རྣམ་བཞིའི་ཕྲིན་ལས་འགྲུབ་བར་མཛོད། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་བསྔོ་བའི་གནས་ནི་དགེ་བསྙེན་ཆེན་པོ་བཙན་རྒོད་ཡང་ལེ་བེར་ལས་མཁན་པུ་ཊ་མིང་སྲིང༌། བཙན་དམག་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས་པའི་ཞལ་དུ་ཨེ་དམ་བ་ལིཾ་ཏ་ཁ་ཁ་ཁྷཱི་ཁྷཱི། ཨོཾ་ཡཀྴ་ཙ་ན་ཨེ་དམ༴ «ལན་བདུན་འབུལ་ཞིང་བསྐང་བ་ནི། »ཧྲཱིཿ དམར་ཆེན་རྒྱན་གྱི་གཏོར་མ་དང༌། །དམ་རྫས་སྨན་གྱི་ཨ་མྲྀ་ཏ། །རཀྟ་དམར་གྱི་ཨརྒྷཾ་སོགས། །རྨད་དུ་བྱུང་བའི་མཆོད་པའི་ཚོགས། །ཕྱི་ནང་གསང་བའི་རྟེན་རྫས་དང༌། །སྤྱན་གཟིགས་འདོད་ཡོན་སྣ་ཚོགས་ཀྱིས། །དགེ་བསྙེན་ཆེན་པོའི་ཐུགས་དམ་བསྐང༌། བཙན་རྒོད་ཆེན་པོའི༴ ལས་མཁན་གཉིས་ཀྱི༴ བཙན་དམགས་འཁོར་བཅས༴ ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །«བསྟོད་པ་བྱ་བ་ནི།» ཧྲཱིཿ སངས་རྒྱས་བསྟན་སྲུང་གནོད་སྦྱིན་མཐུ་བོ་ཆེ། །བཙན་རྒོད་ཆེན་པོ་སྤྲུལ་པ་སྣ་ཚོགས་བདག །ཞི་བ་དགེ་བསྙེན་རྡོ་རྗེ་འབར་བ་རྩལ། དཀར་གསལ་ཕྱག་གཡས་བ་དན་དཀར་པོ་འཛིན། གཡོན་པས་གཏེར་བུམ་འཛིན་ཅིང་རྟ་དཀར་བཅིབས། །དགེ་བསྙེན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །དྲག་གཏུམ་མི་བཟད་གནོད་སྦྱིན་ཆེན་པོ་ནི། །སྐུ་མདོག་དམར་ནག་མཆེ་གཙིགས་ཁྲོས་བའི་ཉམས། །ཕྱག་གཡས་མདུང་དམར་གཡོན་པ་དགྲ་སྙིང་དང༌། །བཙན་གྱི་ཞགས་པ་དམ་ཉམས་སྐེ་ནས་ཆིངས། །བཙན་རྟ་དམར་པོ་ཆིབས་ཤིང་མྱུར་དུ་རྒྱུག །བཙན་རྒོད་ཆེན་པོའི་སྐུ་ལ་བསྟོད་པར་བགྱི། །བཀའ་ཉན་ལས་བྱེད་པུ་ཊ་མིང་སྲིང་དང། བཙན་དམག་སུམ་བརྒྱ་དྲུག་ཅུ་སྤྲུལ་འཁོར་བཅས། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་སོགས། །སྤྲུལ་འཁོར་ཕོ་ཉར་བཅས་ལ་བསྟོད་པར་བགྱི། །ཤ་ཁྲག་དམར་གྱི་གཏོར་མ་འདི་ཞེས་ལ། དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས། །རྡུལ་དུ་རློག་ལ་རྣལ་འབྱོར་བདག་ཅག་གི །འགལ་རྐྱེན་སོལ་ལ་མཐུན་རྐྱེན་འགྲུབ་པ་དང༌། །རྟག་ཏུ་བཅོལ་པའི་ཕྲིན་ལས་མྱུར་འགྲུབ་མཛོད། «ཅེས་བརྗོད་གཏོར་མ་གཙང་སར་གཤེགས། གཏོར་འབུལ་ཕྲིན་མྱུར་འགྲུབ་བ་འདི། མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཕབ། རྒྱ་རྒྱ་རྒྱ།» «

རྨ་རྒྱལ་བོམ་ར་མཆོད་གསོལ་ནིཿ »ཧཱུཾ༔ གཏེར་སྲུངརྨ་རྒྱལ་བོམ་ར་ནིཿ སྐུ་མདོག་དཀར་པོ་ཆས་དང་ལྡནཿ གཡས་པ་མདུང་དར་གཡོན་བུམ་པཿ ཆིབས་སུ་རྟ་དཀར་འཕུར་ཤེས་བཅིབསཿ རྨ་རིགས་སུམ་སྟོངདྲུག་བརྒྱས་བསྐོར༔ ཤར་ཕྱོགས་གངས་རིའི་རྩེ་རྒྱལ་ནས༔ འདིར་གཤེགས་བརྒྱན་པའི་བསང་མཆོད་བཞེསཿ རིགས་རྒྱུད་བཙན་དར་ཆེ་བ་དངཿ མངའ་ཐང་སྟོབས་འབྱོར་དངོས་གྲུབ་སྩོལཿ ཡུལ་ཁམས་ཐམས་ཅད་དབང་དུ་སྡུསཿ སྡང་དགྲའི་དམག་ཚོགས་ཆམ་ལ་ཕོབསཿ སྔོན་ཚེ་སློབ་དཔོན་བཀའ་མ་བཅགཿ ད་ལྟ་སྔགས་འཆང་དམ་མ་བཀྲལཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཨོཾ་ཨཿབཛྲ་ཀུ་ལི་མིལ་མན་པ་ཤིང་ཀུ་རུ་ཡེ་སྭཱ་ཧཱ༔ «གཉན་ཆེན་ཐང་ལྷ་མཆོད་གསོལ་ནིཿ» ཧཱུྃཿ ཐང་ལྷ་རྡོ་རྗེ་འབར་བ་ནིཿ སྐུ་མདོག་དཀར་གསལ་འཁོར་གསུམ་བསྐོར༔ གཡས་པའི་སྦ་ལྕག་གཡོན་ཤེལ་ཕྲེངཿ ཆིབས་སུ་དུང་རྟ་གཡུ་རྔོག་བཅིབསཿ མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོརཿ འདམ་ཤོད་ལྷ་བུའི་སྙིང་དྲུང་ནཿ འདིར་གཤེགས་ཕུད་མཆོད་བསང་མཆོད་བཞེས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིཿ མི་མཐུན་རྐྱེན་སོལ་མཐུན་རྐྱེན་སྒྲུབས༔ སྤྲུལ་པ་དུང་གི་བྱ་ཁྲ་དང༔ དུང་གཡག་ལྕགས་སྡིག་མགོ་དགུ་བཅས༔ རྒྱལ་འགོང་སྨྱོ་འདྲེའི་ལུས་སེམས་ཕྲོལཿ དམ་ལ་མ་འདའ་ས་མ་ཡཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཨོཾ་ཨཱཿ་ཧཱུྃ་ཧྲཱི༔བཛྲ་འབར་བ་རྩལ་བིག་ནན་རཱ་ཛ་མ་ར་ཡ་ཕཊཿ «གངས་དཀར་ཏི་སེ་མཆོད་གསོལ་ནིཿ »ཧཱུྃཿ གངས་དཀར་ལྷ་ཡི་བཙན་རྒོད་རྒྱལ༔ དུང་མདོག་ཞི་འཛུམ་དཔའ་ཆས་ཅནཿ ཕྱག་གཉིས་མདུངདཀར་འཕྲུལ་ཞགས་བསྣམསཿ ཆིབས་སུ་དུང་རྟ་རྔོག་སྔོན་བཅིབས༔ བཙན་འཁོར་སུམ་བརྒྱ་དྲུག་ཅུས་བསྐོརཿ གངས་རིའི་གནས་ནས་འདིར་གཤེགས་ལཿ ཕྱི་ནང་གསང་བའི་བསང་མཆོད་བཞེསཿ ནད་གདོན་བར་ཆད་ཀུན་སོལ་ལཿ ཚེ་བསོད་དཔལ་འབྱོར་རྒྱས་པར་སྤེལཿ སྣང་སྲིད་ལྷ་མི་དབང་དུ་སྡུསཿ སྡང་བའི་དགྲ་བོའི་སྲོག་རྩ་ཆོདཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཨོཾ་མ་ཧཱ་དྷེ་ཝ་ཤུ་ལ་རཱ་ཙ་ཡཾ་ཛ་ཤིནྟིཾ་པུཥྟཾ་ཝ་ཤང་མཱ་ར་ཡ་ཕཊཿ གསེར་སྐྱེམས་ནིཿ རཾ་ཡཾ་ཁཾཿ གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ ཨོཾ་ཨཱཿ་ཧཱུྃཿ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༔ བདེར་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷཿ ཁྱད་པར་དབང་དྲག་རོལ་པའི་ལྷ་ཚོགས་རྣམསཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོདཿ མ་མགོན་ལྕམ་དྲལ་གཟའ་བདུད་འཁོར་བཅས་དངཿ སྨན་བཙུན་ཆེན་མོ་ཚེ་རིང་མཆེད་ལྔ་མཿ དམ་ཅན་རྡོར་ལེགས་རྒྱལ་ཆེན་རྣམ་ཐོས་སྲསཿ དྲེགས་པའི་སྡེ་དཔོན་བཀའ་ཉན་བྲན་འཁོར་བཅསཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོདཿ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དངཿ ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདགཿ ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོདཿ མཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང༔ རྒྱུད་སྡེ་རྒྱ་མཚོ་གནས་གསུམ་མཁའ་འགྲོའི་ཚོགས༔ མ་མགོན་གཟའ་རྡོར་བཙན་རྒོད་འཁོར་བཅས་ལཿ མཆོད་གསོལ་བསྟོད་དོ་བསམ་དོན་ལྷུན་འགྲུབ་མཛོདཿ གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱངཿ འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡིཿ ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིསཿ བདག་གི་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོདཿ སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུཿ ཚུལ་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལཿ མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའིཿ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོདཿ སྐྱབས་མཆོག་རིན་ཆེན་གསུམ་གྱི་བདེན་པ་དངཿ རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང༔ ཆོས་ཉིད་རྣམ་དག་བདེན་པའི་བྱིན་རླབས་ཀྱིསཿ བདག་གིས་ཕྲིན་ལས་གང་བཅོལ་འགྲུབ་པར་ཤོགཿ སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དངཿ བསྟན་པ་ཉི་འོད་བཞིན་དུ་གསལ་བ་དངཿ བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིཿ བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོགཿ རྒྱལ་བ་ཀུན་ཀྱི་ཉེ་ལམ་གཅིག་པུ་རུཿ རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེཿ རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་པའིཿ རྒྱལ་བསྟན་ཕྱོགས་བརྒྱར་རྒྱས་པའི་བཀྲ་ཤིས་ཤོགཿ སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོའི་བསྒྱུརཿ འགྲོ་ལ་ཐེག་མཆོག་སྒྲ་སྒྲོགས་རྫོགས་ཆེན་པཿ དོན་ཀུན་གྲུབ་པ་དཔལ་ལྡན་བླ་མ་ཡིཿ བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིགཿ སངས་རྒྱས་ཀྱི་བསྟན་པ་དར་བ་དང༔ སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༔ རྣལ་འབྱོར་བདག་ཅག་བསྒྲུབ་པ་པོའིཿ ཞི་བའི་ལས་དངཿ རྒྱས་པའི་ལས་དངཿ དབང་གི་ལས་དངཿ དྲག་པོའི་ལས་དང༔ ལས་རབ་འབྱམས་གང་བརྩམ་པ་ཐམས་ཅད་ཐོགས་པ་མེད་ཅིང་མྱུར་བ་ཉིད་དུ་འགྲུབ་པའི་སྡོང་གྲོགས་དང་ཕྲིན་ལས་གྲུབ་པར་མཛད་དུ་གསོལཿ ཁྱད་པར་དུའང་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པའི་ནད་གདོན་འགལ་རྐྱེན་བར་ཆད་ཆགས་ཆེན་ཉམས་ང་ལོ་ཀེག་ཟླ་གཤེད་ལ་སོགས་མི་འདོད་པའི་ཉེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ཞིང་ཟློག་པའི་ཕྲིན་ལས་མཛད་དུ་གསོལཿ མདོར་ན་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་སྡེ་བཞིའི་དཔལ་ཕུན་སུམ་ཚོགས་པ་ལ་རང་དབང་བསྒྱུར་ནས་རྟག་ཏུ་དགེ་བ་བཅུའི་ཆོས་ཡང་དག་པ་ལ་སྤྱོད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དབུགས་འབྱིན་པའི་ཕྲིན་ལས་དམ་པ་འགྲུབ་པར་མཛད་དུ་གསོལཿ «ཅེས་མཆོད་གཏོར་གཙང་སར་གཤེགས་སོ་སྨྲས་པ། །རྩ་གསུམ་དྲག་པོའི་སྐུར་བཞེངས་ཆོས་སྐྱོང་གི །མཆོད་རིམ་ཕྲིན་ལས་གློག་གི་ཞགས་པ་འདི། །དམ་ལྡ་རྣམ་རྒྱལ་སྟོབས་ལྡན་ཐུགས་དམ་དུ། །ཁྲག་འཐུང་ལས་ཀྱི་དཔའ་བོས་བཀོད་པའོ། །རང་ཉིད་ཉམས་སུ་ལེན་ཞིང་གཞན་ཤིན་ཏུ་གསང་བ་གལ་ཆེའོ། །ས་མ་ཡཱ། རྒྱ། དགེའོ། བཀྲ་ཤིས།