ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ གཏེར་སྲུང་ཆེན་པོའི་མཆོད་སྒྲུབཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-075
Wylie title yang gsang thugs kyi thig le las gter srung chen po'i mchod sgrub
Location mdo mkhyen brtse bka' 'bum
Volume 7, Text 75, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod  ·  Sadhanas - Evocation Ritual - sgrub thabs
Colophon

ཅེས་ཀྱང་རྒྱུན་དུ་བྱའོ༔ མོས་དགུས་རྩ་གཅིག་བྱས་ནས་བསྐུལ་བར་བྱའོཿ འདོད་པའི་དངོས་གྲུབ་འབྱུང་བ་ཐེ་ཚོམ་མེདཿ དགེའོ།

ces kyang rgyun du bya'o:_mos dgus rtsa gcig byas nas bskul bar bya'o:_'dod pa'i dngos grub 'byung ba the tshom med:_dge'o/

[edit]
༄༅། །ཡང་གསང་ཐུགས་ཀྱི་ཐིག་ལེ་ལས༔ གཏེར་སྲུང་ཆེན་པོའི་མཆོད་སྒྲུབ་བཞུགསཿ ཿ

«བཛྲ་དྷ་ར་སཾ་ག་རཿ རྩ་གསུམ་འདུས་པའི་ངོ་བོ་ཉིདཿ དཔལ་ཆེན་ཡི་དམ་ལྷ་ལ་འདུདཿ ལྷོ་རྒྱལ་འཛམ་གླིང་སྲོག་གི་བདགཿ རྒྱལ་བསེན་གདུག་པའི་གཤེད་དུ་རྔམསཿ བཉན་ཆེན་རྡོ་རྗེ་འབར་བ་རྩལཿ མཚོད་སྒྲུབ་དྲག་པོའི་མཚོན་འཁོར་ནིཿ གཏོར་མ་དཀར་གསུམ་མངར་གསུམ་དང༔ ཤ་ཁྲག་ཟས་སྣ་འབྲུ་སྣའི་བརྒྱན༔ ཇ་ཆང་སྐྱེམས་དང་ཕུད་མདའ་དརཿ སྤྱན་གཟིགས་དངོས་འབྱོར་ཡིད་ཀྱི་སྤྲུལཿ རཾ་ཡཾ་ཁཾཿ ལན་གསུམཿ »མཆོད་གཏོར་རྫས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུསཿ བྷྲཱུྃཿ ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ལྷ་ཡི་ཞལ་ཟས་རོ་བརྒྱ་ནུས་པ་ཕུན་སུམ་ཚོགས་ཤིང་བཏུང་བ་རོ་བརྒྱ་ལྡན་པའི་བདུད་རྩི་འདོད་ཡོན་ལྔ་ཡི་སྤྲིན་ཕུང་འཕྲོ་བ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུརཿ ཨོཾ་ཨཱཿ་ཧུཾཿ྄ «གསུམཿ »ན་མ་ཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུརྒ་ཏེ་སྥ་ར་ཎཱ་ཧི་མ་ག་ག་ན་ཁཾ་སྭཱ་ཧཱཿ«གསུམཿ ལྟ་བ་གྱད་ཀྱི་ངར་ལྡན་པསཿ »ཀྱེཿ རི་མཐོ་ས་གཙང་གངས་རི་བརྗིད་ཆགས་པཿ རབ་དཀར་རིན་ཆེན་འཕྲུལ་གྱི་གཞལ་ཡས་ནསཿ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་སྲསཿ གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལཿ དཀར་གསལ་དུང་མདོག་དུང་གི་རི་བོ་ལཿ ཉི་མ་བྱེ་བས་འཁྱུད་པའི་གཟིད་བརྗིད་ཅནཿ ཕྱག་གཡས་བསྟན་པའི་སྲོག་ཤིང་མདུང་དར་ཕྱརཿ ལྷ་གཉན་ཀླུ་ཡི་བླ་རྡོ་ཡིད་བཞིན་གྱིཿ ནོར་བུ་རིན་ཆེན་ལྕག་ཚན་ཕྱག་མཛུབ་སྤྲསཿ གཡོན་པས་རིན་ཆེན་གཏེར་གྱི་བུམ་པ་བསྣམསཿ དབུ་ལ་དྲི་མེད་དུང་གི་ལ་ཐོད་ལཿ དགོས་འདོད་ཀུན་འབྱུང་ནོར་བུ་འབར་བས་བརྒྱནཿ ཟ་འོག་བེར་ཆེན་དགུ་བརྩེགས་སྐུ་ལ་གསོལཿ རིན་པོ་ཆེ་ཡིས་རྒྱན་ཆ་དུ་མས་སྤུདཿ སག་ཏི་ཕ་ལམ་འབར་བའི་ཞབས་ལྷྭམ་གསོལཿ རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་ངང་ཞུར་ལཿ རིན་པོ་ཆེ་ཡི་སྒ་སྲབ་ཟ་འོག་དངཿ དར་སྦྲུལ་འཇའ་ཚོན་སྣ་ལྔའི་གོང་སྨེད་སྙེདཿ བཙུན་མོ་ལྷ་མོ་རྡོ་རྗེ་ཀུན་སྐྱོང་མཿ ཀླུ་མོ་དངོས་གྲུབ་ཀུན་འབྱུང་ནོར་གྱི་བདག༔ གསང་བའི་བློན་པོ་གཉིས་དང་ནང་བློན་བཞིཿ ཕྱི་བློན་བརྒྱད་དང་ཡང་འཁོར་བྱེ་བ་འབུམཿ སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལཿ བཛྲ་ཐང་ཀ་ལ་མུ་ཉེ་དཱེ་ཝ་ཨ་ཀ་ལ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ ངོ་མཚར་སྤྲུལ་པའི་གཞལ་ཡས་ཆེན་པོ་འདིརཿ དགྱེས་པར་བཞུགས་ལ་འཛུམ་པའི་ཞལ་བཟང་སྟོནཿ སྔོན་གྱི་དམ་ཚིག་གཉན་པོ་དྲན་གྱིས་ལཿ བདག་གི་བཅོལ་པའི་ལས་ཀུན་ཐོགས་མེད་སྒྲུབསཿ ས་མ་ཡཿ དུང་དུང་ཏིཥྛ་ལྷནཿ ཀྱེཿ ཟུར་ཕུར་ལྔ་པའི་སྲསཿ འཕྲུལ་གྱི་མི་བོ་ཆེ༔ རྡོ་རྗེ་འབར་བ་རྩལ༔ དམ་ཚིག་ལྡན་པའི་གྲོགསཿ ཁྱེད་ལ་མཆོད་པ་འབུལཿ ལྷ་ཡི་ཞལ་ཟས་མཆོགཿ རོ་མཆོག་བརྒྱ་དང་ལྡནཿ ནུས་པ་ཕུན་སུམ་ཚོགསཿ བདུད་རྩི་སྨན་གྱི་ཕུདཿ ཕྱེ་མར་ཟས་སྣ་དང་ཿ འབྲུ་སྣ་ཤ་ཁྲག་རུསཿ དཀར་གསུམ་མངར་གསུམ་བཅུདཿ བཏུང་བའི་བྱེད་བྲག་རིགསཿ མ་ཚང་མེད་པར་བཀོདཿ གཉན་ཆེན་འཁོར་དང་བཅསཿ འབུལ་ལོ་དགྱེས་པར་བཞེསཿ སྤྱན་གཟིགས་དཀོར་ནོར་དང༔ གོ་མཚོན་སྲོག་ཆགས་རིགསཿ འདོད་པའི་ཡོན་ཏན་ལྔཿ དགོས་འདོད་ཆར་ལྟར་འབེབསཿ ནོར་བུ་དབང་གི་རྒྱལཿ རྟ་མཆོག་རིན་ཆེན་རྒྱནཿ གཡག་དཀར་འབྲི་སྔོན་ལུགཿ མ་ཧེ་འདོད་འཇོའི་བཿ ལྷ་མིའི་འདོད་ཡོན་རྫསཿ དངོས་འབྱོར་ཡིད་ཀྱིས་སྤྲུལཿ འཛམ་གླིང་སྲོག་གི་བདགཿ གཉན་ཆེན་དམ་ཚིག་ཅནཿ འཁོར་བཅས་ཐུགས་དམ་བསྐངཿ དགྱེས་སྐོང་ཕྲིན་ལས་སྒྲུབཿ དངོས་གྲུབ་ཆར་ལྟར་ཕོབཿ སྲོག་དང་དམ་ཚིག་བསྲེཿ ལས་བཞི་ལྷུན་གྲུབ་མཛོདཿ བསྟོད་ཅིང་ཕྲིན་ལས་བཅོལཿ ཧྲཱིཿ སྔོན་ཚེ་ལྕང་ལོ་ཅན་གྱི་གནས་ཆོག་ཏུཿ དྲི་མ་མེད་དང་གསང་བདག་རྡོ་རྗེ་འཛིནཿ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེཿ དབང་བསྐུར་ལུང་བསྟན་གསང་བའི་མཚན་ཡང་གསོལཿ གཏེར་གྱི་བདག་པོ་རྡོ་རྗེ་འབར་བ་རྩལཿ གསང་སྔགས་བཀའ་ཡི་སྲུང་མ་མཐུ་རྩལ་ཅནཿ ཁྱེད་ནི་སྔོན་ནས་ལས་དང་བག་ཆགས་མཐུསཿ རྒྱལ་འགོང་གདུག་པ་འདུལ་བའི་གཤེད་དུ་རྔམསཿ མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་གློག་ལྟར་མྱུརཿ རེ་འགའ་ཞི་བ་ལྷ་ཡི་ཆ་ལུགས་འཛིནཿ རེ་འགའ་གནོད་སྦྱིན་དྲག་པོ་ཁྲོས་པའི་ཉམསཿ སྲིད་པ་གསུམ་ན་ཁྱཽད་ལ་འགྲན་ཟླ་བྲལཿ གཉན་གྱི་རྒྱལ་པོ་མཐུ་བོ་ཆེ་ལ་བསྟོདཿ གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་བཞེས་ལཿ རྒྱལ་བསྟན་སྤྱི་དང་ཁྱད་པར་རྨད་བྱུང་བའིཿ ཚེ་གཅིག་སངས་རྒྱས་འགྲུབ་པ་ཨ་ཏིའི་ཆོསཿ ཡང་གསང་ཐིག་ལེ་སྐོར་གསུམ་བསྟན་པ་སྲུངསཿ དྲི་མེད་གཉིས་པ་པདྨ་རྒྱལ་པོ་ཡིཿ སྐུ་ཚེ་བསྲིངས་ཤིང་འགལ་རྐྱེན་བར་ཆད་སོལཿ མཛད་ཕྲིན་ཉི་འོག་གླིངབཞིར་ཁྱབ་པར་སྤེལཿ བདག་ཅག་དམ་ལྡན་རྣལ་འབྱོར་སྒྲུབ་པ་པོའིཿ བྱང་ཆུབ་ས་དང་ལམ་གྱི་འགལ་རྐྱེན་བཟློགཿ མཐུན་རྐྱེན་མཐུ་སྟོབས་ནུས་པ་དྲོད་རྟགས་སྤེལཿ ཚེ་ཆོས་བར་ཆད་དབང་དུ་མི་གཏོང་ཞིངཿ འཇའ་ལུས་མཁའ་སྤྱོད་འགྲུབ་པའི་ཐེམ་སྐས་ཚུགསཿ དམ་ལྡན་འཁོར་ཚོགས་ཡོན་བདག་བཅས་པ་ཀུནཿ ཚེ་བསྲིང་དཔལ་བསྐྱེད་བསོད་ནམས་རླུང་རྟ་སྤེལཿ མདོར་ན་ཞི་རྒྱས་དབང་དང་དྲག་པོའི་ལསཿ འབད་པ་མེད་པར་མྱུར་དུ་འགྲུབ་པ་དངཿ གཟུགས་ཅན་སྡང་བའི་དགྲ་དང་གནོད་པའི་བགེགསཿ ཁྱད་པར་སྨོན་ལམ་ལོག་པའི་དམ་སྲིའི་དཔུངཿ རྒྱལ་བསེན་གསར་བྱུང་རྒྱ་འདྲེ་འབྱུང་པོའི་སྡེཿ མངོན་སྤྱོད་དྲག་པོས་སྐད་ཅིག་མྱུར་བ་ཉིདཿ མིང་གི་ལྷག་མ་ཙམ་ཡང་མེད་པར་སྒྲོལཿ འདུ་བ་རྣམ་གསུམ་དབྱར་གྱི་ཆབ་ལྟར་སྤེལཿ འབར་བ་རྣམ་གསུམ་དུས་མཐའི་མེ་དཔུང་བཞིནཿ ཕྱོགས་ལས་རྣམ་རྒྱལ་དཔའ་རྟགས་རྒྱལ་རྔ་བརྡུངསཿ དུང་དུང་ལྷང་ལྷང་སྙན་སྙན་ལྷ་རྒྱལ་ལོཿ« ཨེ་མཿ བདག་འདྲ་པདྨ་ཐོད་ཕྲེང་གིཿ རྡོ་རྗེ་དམ་ཚིག་སྲུང་མ་འདིཿ བཀའ་གཉན་ལས་མྱུར་ཐོག་དང་འདྲཿ དགོས་འདོད་ཀུན་འབྱུང་ནོར་བུར་མཚུངསཿ སྙིང་ཉེ་ཕྲག་ཡང་འགོ་བར་སླཿ སྙིང་དང་འདྲ་བའི་བརྒྱུད་འཛིན་ལསཿ ཁྱབ་བརྡལ་མི་སྤེལ་དམ་ཚིག་རྒྱཿ མ་འོངས་ཁྲག་འཐུང་ཡབ་ཡུམ་དངཿ འཕྲད་ནས་བསྟན་པ་སྲུང་བར་ཤོགཿ ས་མ་ཡཿ དམ་ཚིག་གི་རྒྱཿ རྒྱ་རྒྱ། སྦས་རྒྱཿ དམ་རྒྱཿ བདག་འདྲ་ཁྲག་འཐུང་དཔའ་བོར་ཤིང་སྦྲུལ་ལོར་བརྡ་རྟགས་ཤར་ཡང་མི་ལོ་བཅུ་གཉིས་བར་གསང་རྒྱ་བཏབ་སྟེ་མེ་འབྲུག་རྒྱལ་གྱི་ཟླ་བ་ཉ་གང་བའི་ཚེས་ཌཱཀྐིས་བརྡ་བསྐུལ་བྱུང་ལྟར་བརྡ་རིས་ངོས་ནས་དག་པར་ཕབ་པ་སྟེ་ཡི་གེ་འདུ་བྱེད་ཉེར་གནས་འོད་ཟེར་མཐའ་ཡས་པ་སྟེ་ཞལ་དྲོ་ཕྲིན་ལས་མྱུར་བྱིན་རླབས་ཆེ་བའི་ཁྱབ་བརྡལ་མ་སྤེལ་ཅིགཿ » ཧཱུྃ་ཧཱུྃ། །རྒྱལ་བ་ཀུན་ཀྱི་མཐུ་སྟོབས་གཅིག་བསྡུས་པ། །དགྲ་བླའི་ཚུལ་བཟུང་ནག་ཕྱོགས་བདུད་ཀྱི་གཤེད། །རྒ་བདེ་ཆོས་སྐྱོང་ཆེན་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བདུད་བཞིའི་བར་ཅད་སོལ། །«ཅེས་པ་འདི་ཡང་ཨ་བྷ་ཡས་སོ། །རྣམ་སྲས་བདུང་དམར་ཅན་གྱི་བསྐང་གསོལ་ཉུང་བསྡུས་ནི།» ཧཱུཾ་ རི་རབ་ལྷུན་པོ་བྱང་ཕྱོགས་ལྕང་ལོ་ཅནཿ འཛད་མེད་རིན་ཆེན་གཏེར་གྱི་ཕོ་བྲང་ནསཿ རྣམ་མང་ཐོས་ཀྱི་རྒྱལ་པོ་མདུང་དམར་ཅནཿ ཡབ་ཡུམ་འཁོར་གཡོག་བཙུན་མོ་བློན་འབངས་བཅསཿ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལཿ ཡོ་བྱད་སྤྱན་གཟིགས་དཀོར་ཆས་སྣ་ཚོགས་དངཿ དཀར་གསུམ་མངར་གསུམ་ཕྱི་ནང་གསང་མཆོད་ཚོགསཿ རྒྱལ་ཆེན་རྣམས་སྲས་འཁོར་བཅས་ཐུགས་དམ་བསྐངཿ བདག་ཅག་དུས་འདིར་བྱང་ཆུབ་མ་ཐོབ་བརཿ འབྲལ་མེད་ཚེ་དང་བསོད་ནམས་དཔལ་འབྱོར་བསྐྱེདཿ ཁམས་གསུམ་སྲིད་གསུམ་མི་ནོར་ཡིད་འོང་རྫསཿ དབང་དུ་སྡུད་ཅིང་དངོས་གྲུབ་བདག་ལ་སྩོལཿ བསོད་ནམས་ལོངས་སྤྱོད་ཁྱེད་ཀྱི་དཔལ་འབྱོར་ལྟརཿ དེར་མཚུངས་བདག་གི་བསམ་དོན་འགྲུབ་པ་དངཿ འགྲོ་ཀུན་དབུལ་ཕོང་སྡུག་བསྔལ་ཀུན་བྲལ་ནསཿ བླ་མེད་བྱང་ཆུབ་ཐོབ་པའི་གྲོགས་མཛོད་ཅིགཿ རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོདཿ «ཅེས་ཀྱང་རྒྱུན་དུ་བྱའོ༔ མོས་དགུས་རྩ་གཅིག་བྱས་ནས་བསྐུལ་བར་བྱའོཿ འདོད་པའི་དངོས་གྲུབ་འབྱུང་བ་ཐེ་ཚོམ་མེདཿ དགེའོ།