ཡང་གསང་ཐུགས་ཐིག་ཆ་ལག་ལསཿ དགྲ་བླའི་རྒྱལ་པོའི་བསང་མཆོདཿ

From Khyentse Lineage - A Tsadra Foundation Project
Wylie title yang gsang thugs thig cha lag las dgra bla'i rgyal po'i bsang mchod
Location mdo mkhyen brtse bka' 'bum
Volume 7, Text 8, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Deity ge sar
Colophon

ཟོ་དོར་གཙོ་བོ་གཉན་གྱི་རྒྱལ་པོ་འདིཿ པདྨའི་ལས་མཁན་གསང་སྔགས་གཏེར་སྲུང་མཆོགཿ བསྐལ་མང་གོང་ནས་བདག་དང་ལས་ཀྱིས་འབྲེལཿ སྲིད་གསུམ་འགྲན་ཟླ་བྲལ་བའི་ལྷ་ཡིན་ཏེཿ ངོ་སྲུང་ཟས་ཕྱིར་མི་འབྲངས་ཐ་ཚིག་བཙནཿ བསང་མཆོད་ཞོ་འཐུང་རུས་པའི་མཚོན་ཆ་འདིཿ དུར་མོ་ཆུ་ལོ་དབོ་ཟླའི་ཚེས་བཅུ་ལཿ གཉན་གྱི་རྒྱལ་པོས་གཟུགས་བསྟན་བསྐུལ་བ་དངཿ ཌཱཀྐིའི་བཀའ་བྱུང་དབང་མོའི་རྟེན་འབྲེལ་བསྒྲིགསཿ འོད་དཀར་ཉ་རྒྱས་ཡར་ཚེས་དགེ་བ་ལཿ ཁྲག་འཐུང་ལས་ཀྱི་རྡོ་རྗེས་གསང་མཛོད་བརྡོལཿ ཡང་གསང་ཐིག་ལེ་སྐོར་གསུམ་ཆ་ལག་གོཿ དམ་མེད་ཉམས་སུ་བླངས་ན་སྲོག་ལ་བསྡིགཿ དམ་ལྡན་སྲོག་ལྟར་བསྲུང་བའི་སྐལ་བར་ཤོགཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་བགྱིསཿ དགེ་ལེགས་འཕེལ། །

zo dor gtso bo gnyan gyi rgyal po 'di: pad+ma'i las mkhan gsang sngags gter srung mchog: bskal mang gong nas bdag dang las kyis 'brel: srid gsum 'gran zla bral ba'i lha yin te: ngo srung zas phyir mi 'brangs tha tshig btsan: bsang mchod zho 'thung rus pa'i mtshon cha 'di: dur mo chu lo dbo zla'i tshes bcu la: gnyan gyi rgyal pos gzugs bstan bskul ba dang : DAk+ka'i bka' byung dbang mos rten 'brel bsgrigs: 'od dkar nya rgyas yar tshes dge ba la: khrag 'thung las kyi rdo rjes gsang mdzod brdol: yang gsang thig le skor gsum cha lag go: dam med nyams su blangs na srog la bsdig: dam ldan srog ltar bsrung ba'i skal bar shog: yi ge'i 'du byed rig pa'i ye shes bgyis: dge legs 'phel/

[edit]
ཡང་གསང་ཐུགས་ཐིག་ཆ་ལག་ལསཿ དགྲ་བླའི་རྒྱལ་པོའི་བསང་མཆོད་བཞུགསཿ ཁྲག་འཐུང་དྲག་པོའི་སྐུ་ལ་འདུདཿ འཛམ་གླིང་ཟོ་དོར་ཀུན་གྱི་གཙོཿ གཏེར་གྱི་སྲུང་མ་དམ་ཚིག་ཅནཿ གཉན་གྱི་རྒྱལ་པོ་འཁོར་དང་བཅསཿ བསང་མཆོད་བྱ་བའི་རིམ་པ་ནིཿ ཤིང་རྩི་ཕྱེ་མར་སྨན་སྤོས་བསྲེགསཿ ཟས་སྣ་གསེར་སྐྱེམས་ཕུད་རྒོད་བཤམསཿ ལྟ་བ་གྱད་ཀྱི་ངར་ལྡན་པསཿ རཾ་ལས་མེ་བྱུང་མ་དག་བསྲེགསཿ ཨ་ལས་རླུང་གིས་མི་གཙང་གཏོརཿ ཁཾ་ལས་ཆུ་ཡིས་དྲི་མ་བཀྲུསཿ རྃ་ཡྃ་ཁྃཿ ལན་གསུམཿ སླར་ཡང་ཨོཾ་དཀར་ཨཱཿདམར་དངཿ ཧཱུྃ་མཐིང་འོད་དུ་ཞུུ་བ་ལསཿ བསང་མཆོད་འདོད་ཡོན་ལྔ་ལྡན་སྤྲིནཿ རྫས་རྣམས་ཡེ་ཤེས་བདུད་རྩིར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་བདུན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རླབསཿ ཀྱེ་ཀྱེཿ འཛམ་གླིང་སྲིད་པ་གསུམ་ལ་དབང་བསྒྱུར་བའིཿ ཟུར་ཕུད་ལྔ་ལྡན་གཉན་ཆེན་གཏུམ་པོའི་སྲསཿ མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུཿ དབང་བསྐུར་དམ་ལ་བཞག་པའི་ཐ་ཚིག་ཅནཿ ཡབ་ཆེན་གཉན་གྱི་རྒྱལ་པོ་ཐོད་པ་རྩལཿ བཻཌཱུའི་མདོག་ལྡན་ཟབ་བེར་དགུ་བརྩེགས་གསོལཿ ཕྱག་གཡས་བ་དན་གཡོན་པས་གཏེར་སྒྲོམ་འཛིནཿ རིན་ཆེན་སྲོག་ཞུ་དགོས་འདོད་ཀུན་འབྱུང་གསོལཿ གཡུ་འབྲུག་བཅིབས་ཤིང་སྟོང་གསུམ་སྐད་ཅིག་བསྐོརཿ བཙུན་མོ་མཁའ་འགྲོ་ལྷ་གཉན་ཀླུ་མོ་བཞིཿ སྲས་མཆོག་འོད་ལྡན་བཞི་དང་ཡབ་སྲས་བརྒྱདཿ གསང་བ་ཐུགས་ཀྱི་བློན་པོ་མཐུ་ལྡན་བཞིཿ ནང་བློན་མཆེད་བརྒྱད་བར་བློན་བཅུ་དྲུག་དངཿ ཕྱི་བློན་སོ་གཉིས་བཀའ་འཁོར་བྱེ་བ་འབུམཿ བཀའ་ཉན་ཀླུ་ཡི་དམག་ཚོགས་དུང་ཕྱུར་བདུནཿ སྲིད་དང་ཞི་བའི་མགྲོན་ལ་གཤེགས་སུ་གསོལཿ དྷ་ཤ་གྷྲི་ཝ་སརྦ་ས་མ་ཡཱ་ཛ་ཛཿ རིན་ཆེན་ཟ་འོག་བཀྲམ་པའི་ཁྲི་ལ་བཞུགསཿ འཁོར་བཅས་དགྱེས་པ་བསྐྱེད་ལ་བརྩེ་བར་དགོངསཿ རྣལ་འབྱོར་མོས་གདུང་ཡིད་བརྩེས་མཆོད་ཅིང་བསྟོདཿ སྔོན་གྱི་གཡར་དམ་ཐ་ཚིག་དྲན་པར་གྱིསཿ བྷྲཱུྃཿ ཡུམ་ཆེན་འབྱུང་བ་ལྔ་ཡི་སྤྲུལ་སྒྱུར་བའིཿ བྱིན་ཟའི་དྭངས་མ་འདོད་ཡོན་ལྔ་ལྡན་གྱིསཿ དུད་པ་ཕུན་ཚོགས་ས་བླའི་གནས་ཀུན་ཁྱབཿ ཟེག་མ་འདོད་ཡོན་ལོངས་སྤྱོད་ཆར་འབེབ་ཅིངཿ དྲི་མཆོག་ཉེས་པའི་སྐྱོན་ཀུན་ཡོངས་སེལ་བའིཿ དངོས་གྲུབ་ཀུན་འབྱུང་བྱིན་རླབས་བསང་མཆོད་ཕུལཿ དཀར་གསུམ་མངར་གསུམ་འབྲུ་སྣ་ལྡག་གཞིབ་དངཿ ཤ་ཁྲག་རུས་གསུམ་དྲག་པོ་དམར་གྱི་རྫསཿ ཇ་ཆང་འོ་ཞོ་ཞིམ་མངར་བཏུང་བའི་ཚོགསཿ མགྲོན་རིགས་དགྱེས་པ་སྐོང་བའི་བདུད་རྩིའི་མཚོཿ གཞན་ཡང་ཡིད་སྤྲུལ་མཆོད་པས་འཇིག་རྟེན་ཁྱབཿ རང་རང་ཡིད་ལ་གང་འདོད་འཛད་མེད་གཏེརཿ འཛམ་གླིང་དྲེགས་ཚོགས་ཡོངས་ཀྱི་སྲོག་གི་བདགཿ གཉན་གྱི་སྲས་པོ་རྡོ་རྗེ་དྲག་པོ་རྩལཿ བརྔན་ནོ་མཆོད་དོ་དྲི་ཞིམ་དུད་བས་བསངཿ ཡུམ་ཆེན་མཁའ་འགྲོ་སྲིད་གསུམ་དབང་བསྒྱུར་མཿ ལྷ་སྨན་ཆེན་མོ་གཡུ་ཡི་སྒྲོལ་མ་དངཿ ཀླུ་ཡི་རྒྱལ་མོ་དགོས་འདོད་ཀུན་འབྱུང་མཿ གཉན་གྱི་རྒྱལ་མོ་སྲིད་གསུམ་སྲོག་འཕྲོག་མཿ བསང་ངོ་བརྔན་ནོ་དྲི་ཞིམ་དུད་པས་བསངཿ སྲས་མཆོག་དྲེགས་པའི་གཙོ་བོ་གཡུ་འོད་འབརཿ ཞིང་ཁམས་དབང་སྒྱུར་འོད་ལྡན་འབར་བ་རྩལཿ འཇིག་རྟེན་དབང་བསྒྱུར་འོད་འབར་དྲག་རྩལ་ལྡནཿ ཡིད་བཞིན་དབང་རྒྱལ་དགོས་འདོད་ཀུན་འབྱུང་གཏེརཿ བརྔན་ནོ་མཆོད་དོ་དྲི་ཞིམ་དུད་པས་བསངཿ གོད་ནོན་བྱིན་རླབས་ལྷ་གསུམ་གསང་བློན་བཞིཿ ནང་བློན་གཏེར་མཛོད་ལས་ཀྱི་གཉེར་ཁ་འཛིནཿ བར་བློན་རྣམ་བཞིའི་ཕྲིན་ལས་བྱ་ར་བྱེདཿ ཕྱི་བློན་འཛམ་གླིང་དབང་བསྒྱུར་མཐུ་བོ་ཆེཿ བརྔན་ནོ་མཆོད་དོ་དྲི་ཞིམ་དུད་པས་བསངཿ སྤྲུལ་པའི་ལྷ་གཉན་ཀླུ་ཡི་དམག་དཔུང་དངཿ བཀའ་ཡི་འཁོར་ཚོགས་བྱེ་བ་འབུམ་སྡེར་བཅསཿ འཛམ་གླིང་དྲེགས་པ་སྡེ་བརྒྱད་ཟོ་དོར་ཀུནཿ དཀར་ཕྱོགས་སྐྱོང་ཞིང་དམ་ལ་གནས་པའི་ཚོགསཿ བརྟན་ནོ་མཆོད་དོ་དྲི་ཞིམ་དུད་པས་བསངཿ དྲི་ཞིམ་འདོད་ཡོན་ལྔ་ལྡན་དུད་སྤྲིན་གྱིསཿ མ་དག་ཉེས་པའི་ཚོགས་ཀུན་བསང་གྱུར་ཅིགཿ ཟས་སྣ་ཤ་ཁྲག་སྐྱེམས་དང་སྤྱན་གཟིགས་ཀྱིསཿ བརྔན་ནོ་འབུལ་ལོ་དགྱེས་པ་སྐོང་གྱུར་ཅིགཿ མངའ་གསོལ་དབང་བསྟོད་བཀྲག་མདངས་གཟི་བྱིན་བསྐྱེདཿ མཐུ་སྟོབས་རྫུ་འཕྲུལ་དཔའ་རྩལ་སྟོབས་ཤུགས་ལྡནཿ འཇིགས་མེད་རྡོ་རྗེའི་གོ་ཆ་སྲ་བརྟན་ཤོགཿ ཧྲཱིཿ སྔོན་ཚེ་རྡོ་རྗེ་འཆང་དང་ཧེ་རུ་ཀཿ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིསཿ མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུཿ དབང་བསྐུར་མིང་བཏགས་ཐ་ཚིག་དྲན་པར་གྱིསཿ བར་དུ་དཔལ་གྱི་བསམ་ཡས་མཆིམས་ཕུ་དངཿ དབུ་རྩེ་རིགས་གསུམ་ཧས་པོ་རིའི་རྩེ་མོརཿ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་རྩལ་གྱིསཿ དབང་བསྐུར་རྡོ་རྗེའི་དམ་ནོད་དྲན་པར་གྱིསཿ ཐ་མ་འོད་གསལ་སྒྱུ་མའི་གྲོང་ཁྱེར་དུཿ ཡང་གསང་ཐུགས་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེཿ ཨ་ཙར་དམར་པོ་ཆགས་པའི་རྡོ་རྗེ་དངཿ རྡོ་རྗེ་རྣལ་འབྱོར་མ་ཡི་ཐ་ཚིག་བཞིནཿ པདྨའི་རིང་ལུགས་བསྟན་པ་སྐྱོང་པ་དངཿ ཡང་གསང་ཐིག་ལེ་སྐོར་གསུམ་གཉེར་ཁ་སྲུངཿ གསང་སྔགས་སྦྱོར་སྒྲོལ་ཨ་ཏིའི་འགྲོ་དོན་སྤེལཿ མཆོག་འཛིན་ལོག་ལྟ་དུག་ལྔའི་བསྟན་པ་བསྣུབསཿ ལེགས་སྨོན་དད་དམ་ལྡན་པའི་སྡོང་གྲོགས་མཛོདཿ དམ་ཉམས་ལོག་ལྟ་སྐུར་འདེབས་སྲོག་དབུགས་ལོངསཿ ཁྱད་པར་ཁྱོད་ལ་ལས་ཀྱི་གཉེར་གཏད་པཿ རྡོ་རྗེ་སློབ་དཔོན་ཐུགས་ཀྱི་བཞེད་དོན་སྒྲུབསཿ བདག་ཅག་དམ་ལྡན་ཚོགས་ཀྱི་སྲུང་མར་གྱིསཿ ལས་ཀྱིས་འབྲེལ་བའི་དམ་ལྡན་བུ་བཞིན་སྐྱོངཿ ཡིད་ལ་བརྣག་པའི་སྡང་དགྲ་བསམ་ངན་ཅནཿ སྲོག་ཆོད་དབུགས་ལོངས་བསོད་ནམས་ལོངས་སྤྱོད་ཀུནཿ ཁྱོད་ཀྱི་ཟས་སྐལ་གཏད་དོ་མ་ཤོར་ཅིགཿ ལོ་ཟླ་ཞག་དུས་མ་འགྱངས་མྱུར་དུ་སོདཿ གསར་བྱུང་གདུག་འདྲེ་འབྱུང་པོ་ཐལ་བར་རློགསཿ བདག་ཅག་འཁོར་བཅས་ཚེ་བསོད་དཔལ་འབྱོར་དངཿ མངའ་ཐང་ལོངས་སྤྱོད་སྙན་གྲགས་རླུང་རྟ་སྤེལཿ ཁམས་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་གཡངཿ དབང་བསྡུས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོདཿ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་སྒྲུབསཿ དགྲ་བླ་མཆོད་བསྟོད་བརྔན་ནོ་དབུ་འཕང་བསྟོདཿ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོགཿ ཀྭི་ཀྭི་བསྭོ་བསྭོ་ལྷ་རྒྱལ་ངོ་སོ་བསྟོདཿ ཟོ་དོར་གཙོ་བོ་གཉན་གྱི་རྒྱལ་པོ་འདིཿ པདྨའི་ལས་མཁན་གསང་སྔགས་གཏེར་སྲུང་མཆོགཿ བསྐལ་མང་གོང་ནས་བདག་དང་ལས་ཀྱིས་འབྲེལཿ སྲིད་གསུམ་འགྲན་ཟླ་བྲལ་བའི་ལྷ་ཡིན་ཏེཿ ངོ་སྲུང་ཟས་ཕྱིར་མི་འབྲངས་ཐ་ཚིག་བཙནཿ བསང་མཆོད་ཞོ་འཐུང་རུས་པའི་མཚོན་ཆ་འདིཿ དུར་མོ་ཆུ་ལོ་དབོ་ཟླའི་ཚེས་བཅུ་ལཿ གཉན་གྱི་རྒྱལ་པོས་གཟུགས་བསྟན་བསྐུལ་བ་དངཿ ཌཱཀྐིའི་བཀའ་བྱུང་དབང་མོའི་རྟེན་འབྲེལ་བསྒྲིགསཿ འོད་དཀར་ཉ་རྒྱས་ཡར་ཚེས་དགེ་བ་ལཿ ཁྲག་འཐུང་ལས་ཀྱི་རྡོ་རྗེས་གསང་མཛོད་བརྡོལཿ ཡང་གསང་ཐིག་ལེ་སྐོར་གསུམ་ཆ་ལག་གོཿ དམ་མེད་ཉམས་སུ་བླངས་ན་སྲོག་ལ་བསྡིགཿ དམ་ལྡན་སྲོག་ལྟར་བསྲུང་བའི་སྐལ་བར་ཤོགཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་བགྱིསཿ དགེ་ལེགས་འཕེལ། །