དཔལ་མགོན་ཚོགས་ཀྱི་བདག་པོའི་བསང་མཆོད་འདོད་དགུའི་ལྷུན་གྲུབ།

From Khyentse Lineage - A Tsadra Foundation Project
Wylie title dpal mgon tshogs kyi bdag po'i bsang mchod 'dod dgu'i lhun grub
Location mdo mkhyen brtse bka' 'bum
Volume 7, Text 7, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Deity ma hA kA la
Colophon

།ཅེས་དཔལ་མགོན་ཚོགས་ཀྱི་བདག་པོའི་བསང་མཆོད་འདི་ཡང་རང་ལ་དགོས་པ་བྱུང་བའི་དུས་སུ་རྗེ་བླ་མའི་གསུང་གི་གསོལ་མཆོད་རྣམས་ཚིག་བསྒྱུར་ཏོ། །ཨ་བྷྱ་ཡ་ཛྙཱ་ན་བཛྲ་གྱིས་སྦྱར་བའི་མཐུས་བརྟན་བསྲུང་ལུས་དང་གྲིབ་བཞིན་འགྲོགས་པའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་བྱང་ཆུབ་རྒྱལ་མཚན་ནོ།།

/ces dpal mgon tshogs kyi bdag po'i bsang mchod 'di yang rang la dgos pa byung ba'i dus su rje bla ma'i gsung gi gsol mchod rnams tshig bsgyur to/_/a b+h+ya ya dz+nyA na badz+ra gyis sbyar ba'i mthus brtan bsrung lus dang grib bzhin 'grogs pa'i rgyur gyur cig_/yi ge pa ni byang chub rgyal mtshan no//

[edit]
༄༅། །དཔལ་མགོན་ཚོགས་ཀྱི་བདག་པོའི་བསང་མཆོད་འདོད་དགུའི་ལྷུན་གྲུབ་བཞུགས།

༄༅། ན་མོ་མ་ཧཱ་ཀཱ་ལ་ཡེ། དཔལ་མགོན་ཚོགས་ཀྱི་བདག་པོ་ལ། བསང་མཆོད་བྱ་བར་འདོད་ནཿ གཙང་སྦྱར་བསང་དང་གསེར་སྐྱེམས་ཆབ་ཀྱིས་སྦྱངས་ཤིང༌། རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱཿཧཱུྃ། ༣ བསང་རྫས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ྄་མཚོར་གྱུར། བྱིན་གྱིས་བརླབ་ནས་འདི་སྐད་བརྗོད། ཧཱུྃ་གདོད་ནས་འཁོར་འདས་དབྱེར་མེད་ཀྱང༌། །ལྷུན་འགྲུབ་རྩལ་ལས་སྲིད་ཞི་ཡི། །སྒྱུ་འཕྲུལ་རོལ་བ་མཐའ་ཡས་པ། །མངོན་རྟོགས་རྣམ་འགྱུར་བསམ་ལས་འདས། །དེ་ཕྱིར་རྒྱལ་ཀུན་བསྟན་སྲུང་མཆོག །རྒྱལ་བའི་བཀའ་སྡོད་ཚུལ་འཛིན་པ། །ཚོགས་བདག་མ་ཧཱ་ལའི་ཚོགས། །ཡབ་ཡུམ་གཙོ་འཁོར་སྤྲུལ་པ་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །སྨན་སྤོས་ཤིང་རྩི་སྣ་ཚོགས་དང༌། །ཕྱེ་མར་ཟས་སྣ་ཕུད་སྐྱེམས་སོགས། །བསྲེགས་པའི་དྲི་ཞིམ་དུད་པའི་སྤྲིན། །བསང་མཆོད་འདོད་ཡོན་རྒྱ་མཚོ་འདིས། །མ་ཧཱ་ཀ་ལ་འཁོར་བཅས་བསང༌། །ཚོགས་ཀྱི་བདག་པོ་ཡབ་ཡུམ་བསང༌། །སྐུ་གསུང་ཐུགས་ཀྱི་མགོན་པོ་བསང༌། །ཕྱོགས་བཅུའི་མགོན་པོ་འཁོར་བཅས༴ སྡེ་བརྒྱད་མགོན་པོ་འཁོར་བཅས༴ །དཔལ་མགོན་བདུན་ཅུ་རྩ་ལྔ༴ །མགོན་པོ་དགྲ་བླ་བཅུ་གསུམ༴ །དགྲ་བླ་ཝེར་མའི་ཚོགས་བཅས༴ །འགོ་བའི་ལྷ་ལྔ་འཁོར་བཅས༴ །ནག་པོ་སྟོང་དང་ཤ་ཟ་འབུམ། །ལྷ་དམག་བྱེ་བ་དུང་ཕྱུར་བསང༌། །གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང༌། །ཕོ་ཉ་ཡང་འཁོར་ཚོགས་བཅས་བསང༌། །བསང་ཞིང་མཆོད་པའི་མཐུ་སྟོབས་ཀྱིས། །དམེ་རྨུག་མནོལ་གསུམ་རོ་བག་དང༌། །མི་གཙང་གྲིབ་ཀྱིས་ཕོག་པ་བསང༌། །བཀྲག་མདངས་ཕྱུང་ལ་གཟི་བརྗིད་བསྐྱེད། །དབུ་འཕང་བསྟོད་ཅིང་དགྱེས་ཞལ་སྟོན། །དམ་ཚིག་ཉམས་ཆགས་བསྐང་བ་དང༌། །ཞི་རྒྱས་དབང་དྲག་ལ་སོགས་པའི། རབ་འབྱམས་འཕྲིན་ལས་གང་བཅོལ་ཀུན། །ཐོགས་མེད་འགྲུབ་པའི་སྡོང་གྲོགས་དང༌། །འཕྲལ་ཕུག་དགའ་བདེའི་དཔལ་ཡོན་གྱིས། །གཡེལ་མེད་སྐྱོང་ཞིང་མེལ་ཚེ་མཛོད། །ཀྭི་བསྭོ་ཆའོ་ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ཅེས་དཔལ་མགོན་ཚོགས་ཀྱི་བདག་པོའི་བསང་མཆོད་འདི་ཡང་རང་ལ་དགོས་པ་བྱུང་བའི་དུས་སུ་རྗེ་བླ་མའི་གསུང་གི་གསོལ་མཆོད་རྣམས་ཚིག་བསྒྱུར་ཏོ། །ཨ་བྷྱ་ཡ་ཛྙཱ་ན་བཛྲ་གྱིས་སྦྱར་བའི་མཐུས་བརྟན་བསྲུང་ལུས་དང་གྲིབ་བཞིན་འགྲོགས་པའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་བྱང་ཆུབ་རྒྱལ་མཚན་ནོ།། །།