བླ་མ་ཡང་གསང་ཐུགས་བཅུད་ལསཿ ཚོགས་མཆོད་དངོས་གྲུབ་རོལ་མཚོཿ

From Khyentse Lineage - A Tsadra Foundation Project
Wylie title bla ma yang gsang thugs bcud las tshogs mchod dngos grub rol mtsho
Location mdo mkhyen brtse bka' 'bum
Volume 3, Text 30, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Feast Offering - tshogs mchod - tshogs kyi 'khor lo
Cycle བླ་མ་ཡང་གསང་ཐུགས་བཅུད (bla ma yang gsang thugs bcud)
Colophon

བརྡ་རྟགས་མེ་ཕོ་རྟ་ཡི་ལོ་ལ་ཤརཿ ལོ་དགུའི་བར་དུ་དམ་དུ་གསང་རྒྱས་བཏབཿ ཤིང་ཁམས་ཡོས་ལོ་རྟེན་འབྲེལ་དུས་བབ་ཚེཿ ཁྲག་འཐུང་རིག་འཛིན་ནུས་ལྡན་རྡོ་རྗེ་ཡིསཿ འཇའ་ཚོན་བརྡ་རིས་ངོས་ནས་དག་པར་ཕབཿ ཡུམ་ཆེན་ཞབས་བརྟན་ཐུགས་དགོངས་རྫོགས་ཕྱིར་ཕུལཿ སྐུ་ཚེ་འགྲོ་དོན་མཐའ་རུ་ཕྱིན་པར་ཤོགཿ ཡི་གེའི་འདུ་བྱེད་ཌཱཀྐིའི་ཉེ་གནས་སྲསཿ འོད་ཟེར་མཐའ་ཡས་ཞེས་བྱས་བགྱིས་པ་དགེཿ

brda rtags me pho rta yi lo la s lo dgu'i bar du dam du gsang rgyas btab: shing khams yos lo rten 'brel dus bab tshes: khrag 'thung rig 'dzin nus ldan rdo rje yis: 'ja' 'tshon brda ris ngos nas dag par phab: yum chen zhabs brtan thugs dgongs rdzogs phyir phul: sku tshe 'gro don mtha' ru phyin par shog: yi ge'i 'du byed DAk+ki'i nye gnas sras: 'od zer mtha' yas zhes byas bgyis pa dge:

[edit]
༁ྃཿ བླ་མ་ཡང་གསང་ཐུགས་བཅུད་ལསཿ ཚོགས་མཆོད་དངོས་གྲུབ་རོལ་མཚོ་བཞུགསཿ

«༁ྃཿ ྅྅྅྅ཿ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལཿ རྟག་ཏུ་གུས་པས་འདུད་དོ་དངོས་གྲུབ་སྩོལཿ ལས་ཀྱི་གཞུང་ཤིང་རྣལ་འབྱོར་ཚོགས་བསགས་ཐབསཿ སྤྲོས་བཅས་ལས་ཀྱི་རིམ་པ་ཅུང་ཟད་བསྟནཿ ཐོག་མར་སྔོན་དུ་འགྲོ་བའི་རིམ་པ་ནིཿ དཀྱིལ་འཁོར་ཡོ་བྱད་བཀོད་མཛེས་ཕུན་ཚོགས་ཀྱིསཿ དབུས་སུ་བྷནྡྷ་མྱོང་གྲོལ་བཅུད་ཀྱིས་གཏམསཿ ཤར་དུ་མེ་ཏོག་ལ་སོགས་མཆོད་པ་ལྔཿ ལྷོ་རུ་དམ་རྫས་བདུད་རྩི་ཨ་མྲྀ་ཏཿ ནུབ་ཏུ་གཏོར་མ་པདྨ་སྤུངས་འདྲའི་དབྱིབསཿ བྱང་དུ་དམར་གྱི་རཀྟ་བམ་ཆེན་རོཿ བྱང་ཤར་སྔགས་སྲུང་ཤར་ལྷོ་ལྷ་ཆེན་པོཿ ལྷོ་ནུབ་དྲང་སྲོང་ནུབ་བྱང་དགེ་བསྙེན་དངཿ གྲྭ་ཟུར་སྡེ་བརྒྱད་མཆོད་གཏོར་དང་བཅས་བཀོདཿ མདུན་དུ་ཞལ་ཟས་ཚོགས་ཀྱི་གཏོར་མ་ནིཿ རཱུ་ཏྲའི་སྙིང་གཟུགས་བཟའ་བཅའ་བཏུང་བས་བསྐོརཿ དམ་ལྡན་ཕོ་མོ་བདེ་བའི་སྟན་ལ་འཁོདཿ སྦྱོར་སྒྲོལ་སྔགས་ལ་ལོག་པར་ལྟ་བ་དང་ཿ མུ་སྟེགས་ལྟ་སྤྱོད་མི་མཐུན་གསང་སྒོ་འཚོལ༔ སྐལ་ངན་སྣོད་མིན་ཚོགས་ཀུན་ཕྱིར་བསྐྲད་ཅིངཿ ཁོང་ཁྲོ་ཐེ་ཚོམ་སྡུག་བསྔལ་སེམས་བྲལ་ཞིངཿ མོས་གུས་དགའ་སྤྲོ་ཆགས་པའི་སེམས་ལྡན་ཀྱིསཿ སྔོན་འགྲོས་རྒྱུད་སྦྱངས་བླ་མའི་རྣལ་འབྱོར་བསྒོམཿ བདག་བསྐྱེད་གསལ་གདབ་བསྙེན་སྒྲུབ་གནད་དུ་བསྣུནཿ དངོས་གཞི་ཚོགས་ཀྱི་འཁོར་ལོར་འཇུག་པ་ལཿ ཐོག་མ་དཀར་ཕྱོགས་གཏོར་མས་བརྔན་པ་ནིཿ དཀར་དམར་གཏོར་མ་སྔགས་ཀྱིས་བྱིན་གྱིས་བརླབཿ »ཀྱཻཿ འཇིག་རྟེན་དབང་བསྒྱུར་ཚངས་དབང་བརྒྱ་བྱིན་དངཿ རྒྱལ་ཆེན་སྡེ་བཞི་གཙང་རིས་དཔལ་མགོན་བཅསཿ མཐུ་ལྡན་སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དངཿ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་འཁོརཿ འཛམ་གླིང་དཀར་ཕྱོགས་སྐྱོང་བའི་ཟོ་དོར་དངཿ དྲེགས་པ་སྡེ་བརྒྱད་གནས་རིའི་སྲུང་མར་བཅསཿ ཁྱད་པར་སྔགས་འཆང་རྣལ་འབྱོར་བདག་ཅག་གིསཿ སྒོས་སུ་ལས་ཀྱིས་འབྲེལ་ཞིང་མཐུན་རྐྱེན་སྒྲུབཿ འགོ་བའི་ལྷ་ལྔ་སྐྱོབས་པའི་ལྷ་དགུར་བཅསཿ ཡུལ་ཕྱོགས་འདིར་གནས་དཀར་ཕྱོགས་གཞི་བདག་སོགསཿ དཀར་དམར་རོ་བཅུད་ལྡན་པའི་ཞལ་ཟས་དངཿ བཅུད་ལྡན་གསེར་སྐྱེམས་མཆོད་པ་འདི་འབུལ་ལོཿ སྔོན་ཚེ་ཧེ་རུ་ཀ་དང་གསང་བའི་བདགཿ རྡོ་རྗེ་ཕག་མོ་པདྨ་ཐོད་ཕྲེང་རྩལཿ ཡབ་ཡུམ་དྲུང་དུ་ཁས་བླང་དམ་བཅས་བཞིནཿ གསང་སྔགས་བསྟན་པ་འཛིན་སྐྱོང་སྤེལ་བ་དངཿ རྣལ་འབྱོར་འདོད་པའི་དོན་ཀུན་ཡོངས་འགྲུབ་ཅིངཿ ལས་བཞིའི་ཕྲིན་ལས་མྱུར་འགྲུབ་ནུས་མཐུ་རྒྱསཿ ཐུགས་ཐིག་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོདཿ «ཅེས་འབུལ་བགེགས་ལ་གཏོར་མ་སྦྱིན་པ་ནིཿ »རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གསང་སྔགས་སྦྱོར་སྒྲོལ་གྱི་དཀྱིལ་འཁོར་དང་ཚེ་ཆོས་འགྲོ་དོན་ལ་བར་དུ་གཅོད་པར་བྱེད་པའི་འཁྲུལ་སྣང་གི་དབང་གྱུར་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་ལེན་པའི་ཕྱིར་དུ་ཨཾ་ཀུ་ཤ་ཡ་ཛཿ རཾ་ཡཾ་ཁཾ༔ བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ཞུ་བ་ལས་བགེགས་ཀྱི་གཏོར་མ་འདོད་ཡོན་གྱི་ཕུང་པོ་རི་རབ་དང་རྒྱ་མཚོ་མཉམ་པར་གྱུརཿ ཨོཾ་ཨཱཿཧཱུྃཿ «ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབཿ སཾ་བྷ་ར་ལན་གསུམ་གྱིས་བསྔོ་ཞིངཿ རང་ཉིད་ལྷའི་ང་རྒྱལ་དང་ལྡན་པསཿ »ཧཱུྃཿ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགསཿ ང་ཡི་བཀའ་ལས་མ་འདའ་བརཿ འདོད་ཡོན་ལྔ་ལྡན་གཏོར་མ་ནིཿ རྒྱ་ཆེ་ཟད་མི་ཤེས་པའི་གཏེརཿ ལོངས་ལ་ཡུལ་གཞན་འགྲོ་བར་གྱིསཿ སྔགས་ལ་སྡང་བར་མ་བྱེད་ཅིགཿ གལ་ཏེ་བཀའ་ལས་འདས་གྱུར་ནཿ ཐོད་ཕྲེང་དྲག་རྩལ་ཐུགས་ཁྲོས་ནསཿ ཁྲོ་བོ་ཁྲོ་མོའི་མཚོན་ཆའི་ཆརཿ མེ་དཔུང་དྲེགས་པའི་དམག་ཚོགས་ཀྱིསཿ ལུས་ངག་རྡུལ་དུ་བརླག་ནས་ཀྱངཿ རྣམ་ཤེས་མནར་མེད་གྱུར་ཏ་རེ། དེ་བས་དམ་ལ་མ་འདའ་ཞིགཿ སརྦ་བྷིགྷྣགཙྪ༔ «ཧཱུྃ་བཞིའི་སྔགས་བརྗོད་དྲག་པོས་གཟིརཿ དེས་ན་མཚམས་གཅོད་སྲུང་བའི་འཁོར་ལོ་བསྒོམཿ »ཧཱུྃཿ ཐུགས་ལས་འཕྲོས་པའི་ཁྲོ་བོ་ཁྲོ་མོ་ཡིསཿ ནམ་མཁའ་བར་སྣང་ས་གཞི་ཀུན་གང་ཞིངཿ བགེགས་རྣམས་མཐར་བསྐྲད་ཁྲོ་བོ་ཁྲོ་མོའི་གུརཿ དེ་ཕྱིར་རྡོ་རྗེ་འཁོར་ལོ་རལ་གྲི་དངཿ རྒྱ་གྲམ་མེ་རླུང་གུར་གྱིས་རབ་གཏམས་ཤིངཿ སྣང་སྲིད་དག་པ་རབ་འབྱམས་གཞལ་ཡས་ཁངཿ སྐུ་གསུམ་མ་བཅོས་ལྷུན་གྲུབ་ཕོ་བྲང་གྱུརཿ བཛྲ་ཀྲོ་ཏ་ཙཀྲ་ཛྭ་ལ་རཀྵ་རཀྵཿ ཀུ་རུ་བྷྲཱུྃ་ཧཱུྃཿ «བྱིན་འབེབས་ཐུགས་དམ་རྒྱུད་བསྐུལ་ནིཿ »ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལཿ དབང་ཆེན་རྟ་ཕག་ཡབ་ཡུམ་གྱིསཿ བདུད་ཕོ་མ་ཏྲཾ་རཱུ་ཏྲ་བསྒྲལཿ ཁོག་པ་དཔལ་གྱི་ཕོ་བྲང་ཆེཿ མགོ་བོ་མཚན་མ་ཡན་ལག་བཞིཿ སྙིང་དང་ནང་རོལ་བཀྲམ་པ་ལསཿ ཚོགས་བརྒྱད་དག་པའི་དུར་ཁྲོད་བརྒྱདཿ མཆོག་གི་རིག་འཛིན་རྣམ་བརྒྱད་ཀྱིསཿ གྲུབ་པ་བརྙེས་ཤིང་བྱིན་བརླབས་ལྟརཿ རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་འདིརཿ ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་ནསཿ ཀུན་བཟང་རིགས་ལྔ་ཞི་བའི་ལྷཿ དཔལ་ཆེན་ཆེ་མཆོག་འདུས་པ་རྩལཿ ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་ཚོགསཿ དྲི་མེད་དགའ་རབ་ཤྲཱི་རི་སེངཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ རྡོ་རྗེ་ཕག་མོ་གསང་ཡེ་མཿ ལས་ལ་དབང་བསྒྱུར་ཌཱཀྐིའི་གཙོཿ འབུམ་ཕྲག་ཡོངས་པའི་བདེ་ཆེན་འཁོརཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགསཿ དམ་ཅན་སྲུང་མར་བཅས་པ་ཀུནཿ གནས་འདིར་གཤེགས་ལ་བྱིན་ཆེན་ཕོབཿ ཕྱི་སྣོད་དུར་ཁྲོད་གཞལ་ཡས་ཁངཿ ནང་བཅུད་རིག་འཛིན་ཕོ་མོ་དངཿ ཚོགས་གཏོར་ཡེ་ཤེས་བདུད་རྩིའི་བཅུདཿ སྲིད་གསུམ་རྣམ་དག་ཞིང་དུ་གྱུརཿ བྱིན་ཆེན་བྱིན་ཕོབ་རྩ་གསུམ་ལྷཿ དབང་ཆེན་དབང་བསྐུར་རྩ་གསུམ་ལྷཿ དངོས་གྲུབ་མཆོག་སྩོལ་རྩ་གསུམ་ལྷཿ རྟགས་དང་མཚན་མ་སྟོན་པ་དངཿ མཐུ་དང་རྫུ་འཕྲུལ་བསྟན་དུ་གསོལཿ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ སརྦ་སིདྡྷི་ཕ་ལ་ཧཱུྃཿ «མོས་གུས་བསྐྱེད་ཅིང་བྱིན་ཆེན་དབབཿ དེ་ནས་ཚོགས་གཏོར་མཆོད་པའི་རྫསཿ བྱིན་གྱིས་བརླབ་པའི་རིམ་པ་ནིཿ »རྃ་ཡྃ་ཁྃཿ «ལན་གསུམཿ »ཐོད་ཕྲེང་དྲག་རྩལ་ཐུགས་ཀ་ནསཿ རྃ་ལས་ཡེ་ཤེས་མེ་བྱུང་བསཿ མཆོད་གཏོར་ཚོགས་ཀྱི་མ་དག་བསྲེགསཿ ཡྃ་ལས་རླུང་བྱུང་བག་ཆགས་གཏོརཿ ཁྃ་ལས་ཆུ་བྱུང་ཉེས་ཚོགས་བཀྲུསཿ དབྱིངས་ལས་ཡི་གེ་འབྲུ་གསུམ་བབཿ ཚོགས་གཏོར་མཆོད་པའི་རྫས་རྣམས་ཀུནཿ བྷནྡྷ་འབར་བའི་སྣོད་ཡངས་སུཿ ཡེ་ཤེས་བདུད་རྩིའི་རང་བཞིན་ལཿ རོ་བརྒྱ་ནུས་པ་སྟོང་དང་ལྡནཿ ཟག་མེད་ཤ་ལྔའི་ཞལ་ཟས་ལཿ བདུད་རྩི་ལྔ་ཡི་བཏུང་བར་གྱུརཿ ནམ་མཁར་རིགས་ལྔ་ཡབ་ཡུམ་སྦྱོརཿ བྱང་སེམས་བདུད་རྩིའི་ཁུ་འཕང་བབསཿ བཅུད་དང་འདྲེས་ཤིང་དངོས་གྲུབ་ཀྱིཿ རྫས་མཆོག་བླ་ན་མེད་པ་དངཿ ཆགས་པའི་ལྷ་མོའི་མཁའ་གསང་ནསཿ རཀྟའི་རྒྱ་མཚོ་ཆེན་པོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་གསུམ། »ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨམྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷུཔྤེ་ཨཱཿཧཱུྃཿ ཨོཾ་བཛྲ་ཨཱ་ལོ་ཀེ༴ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ནཻ་ཝི་དྱ༴ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃཿ སརྦ་པཱུ་ཙ་ཧོཿ «དངོས་གཞི་མདུན་བསྐྱེད་དཀྱིལ་འཁོར་སྤྱན་འདྲེན་ནིཿ »རང་ཉིད་པདྨ་ཐོད་ཕྲེང་རྩལ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཌཱཀྐིའི་གཙོ་མོ་ཞིང་ཁམས་ཀུན་ལ་དབང་བསྒྱུར་མ་རྡོ་རྗེ་ཕག་མོ་གསང་བ་ཡེ་ཤེས་རྣམ་གསུམ་སྤྱན་དྲངས་ཤིང་དཀྱིལ་འཁོར་གྱི་དབུས་སུ་བཞུགསཿ དེའི་ཐུགས་ཀའི་འོད་ཟེར་གྱིས་ཞིང་ཁམས་རབ་འབྱམས་ཀྱི་རྩ་གསུམ་རྒྱལ་བ་རབ་འབྱམས་ཐུགས་རྒྱུད་བསྐུལ་ཞིང་སྤྱན་དྲངས་པར་མོས་ལཿ «སྦོས་རོལ་གདུང་བའི་དབྱངས་ཀྱིས་འདི་སྐད་དོཿ »ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བའི་ཞིངཿ སྟུག་པོ་བཀོད་ཞིང་གངས་ཆེན་མཚོ་ཡི་གནསཿ ཁྲག་འཐུང་རོལ་པ་ཧེ་རུ་ཀ་ཡི་དྲུངཿ ངེས་པ་ལྔ་ལྡན་ཕྱེད་སྤྲུལ་ལོངས་སྐུའི་ཞིངཿ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མུ་མཐའ་མེདཿ རྔ་ཡབ་དཔལ་རི་སྐུ་གསུམ་བདེ་ཆེན་ཞིངཿ དུར་ཁྲོད་བརྒྱད་དང་གནས་ཡུལ་མཁའ་འགྲོའི་གྲོངཿ མཁའ་དང་ས་སྤྱོད་སྤྲུལ་པའི་ཞིང་ཁམས་ནསཿ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་སངས་རྒྱས་དངཿ བླ་མ་ཡི་དམ་མཁའ་འགྲོ་ཞི་ཆགས་ཁྲོཿ རིག་འཛིན་སར་བཞུགས་དཔའ་བོ་དཔའ་མོ་དངཿ པདྨ་ཐོད་ཕྲེང་མཁའ་འགྲོ་རྒྱ་མཚོས་བསྐོརཿ ལས་ལ་དབང་བསྒྱུར་དམ་ཅན་སྲུང་མར་བཅསཿ ཚོགས་ཁང་སྤྲུལ་པའི་ཞིང་ཁམས་ཉམས་དགའ་བརཿ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལཿ དབུ་སྐྲ་མཛེས་པའི་ཐོར་ཚུགས་ལྡེམས་སེ་ལྡེམཿ རིན་ཆེན་རུས་པའི་རྒྱན་ཆ་སི་ལི་ལིཿ རིག་འཛིན་དཔའ་བོའི་བྲོ་རྡུང་ཁྲབས་སེ་ཁྲབཿ མ་ཚོགས་མཁའ་འགྲོའི་བརྡ་སྐད་སངས་སེ་སངཿ ཁྲག་འཐུང་ཁྲོ་བོའི་ངར་སྒྲ་དི་རི་རིཿ ཁྲོ་མོ་མ་ཚོགས་གླུ་ལེན་དི་རི་རིཿ གིང་ཕོ་གིང་མོའི་བཤུགས་གླུ་ཀྱུ་རུ་རུཿ སྐུ་ལས་མཛེས་པའི་དྲི་ཞིམ་ཐུ་ལུ་ལུཿ སྟོང་གསུམ་འཇིག་རྟེན་ཡོམ་ཡོམ་ཤིག་ཤིག་འགུལཿ གཟུགས་ཅན་གཟུགས་མེད་སྔངས་སྐྲག་འདར་ཞིང་བརྒྱལཿ རྣལ་འབྱོར་ཕོ་མོ་ཉམས་སྣང་འལ་མ་འོལཿ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་ནོནཿ དག་པ་རབ་འབྱམས་ཆེན་པོ་བྱིན་ཕོབ་ཅིགཿ སྦྱོར་སྒྲོལ་གསང་བ་མཆོག་གི་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱ༔« སྤྱན་དྲངས་སྣང་བ་འགྱུར་བའི་ཚེ༔ »ཀྱཻཿ ཚོགས་ཁང་རིན་ཆེན་ཕོ་བྲང་དམ་པ་རུཿ རིན་ཆེན་པདྨ་ཉི་ཟླ་བམ་ཆེན་ཁྲིརཿ ལྷ་ཚོགས་རང་རང་དགྱེས་པའི་གདན་ཁྲི་ལཿ དགྱེས་པར་བཞུགས་གསོལ་བདག་དང་འདུ་འབྲལ་མེདཿ ཧེ་རུ་ཀ་དཔལ་དཀྱིལ་འཁོར་གཙོ་བོར་བསྒོམཿ «དེ་ནས་བརྡ་ཕྱག་འཚལ་བའི་རིམ་པ་ནིཿ »ན་མོཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་ལསཿ སྤྲུལ་པའི་དཔའ་བོ་དཔའ་མོའི་ཚོགས་རྣམས་ཀྱིས༔ རྣམ་རོལ་དུ་མའི་གར་གྱིས་བརྡ་ཕྱག་འཚལཿ འོད་ལུས་ཡེ་ཤེས་སྙིང་པོར་རོ་གཅིག་གྱུརཿ ན་མོ་ན་མ་ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «མཆོད་དང་འབུལ་བའི་རིམ་པ་ནིཿ »ཧྲཱིཿ པདྨ་ཐོད་ཕྲེང་རྩ་གསུམ་ལྷ་ཚོགས་ལཿ མཛེས་པའི་མེ་ཏོག་དྲི་ཞིང་བདུག་སྤོས་དངཿ སྣང་གསལ་མར་མེ་བཟང་དྲུག་དྲི་ངད་ཆབཿ རོ་ལྡན་ཞལ་ཟས་སྣ་ཚོགས་རོལ་མོའི་སྒྲཿ སྲིད་ཞིའི་འདོད་ཡོན་སྣ་ཚོགས་མཆོད་པ་འབུལཿ བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་པཱུ་ཙ་ཨཱཿཧཱུྃཿ མཾ་ས་རྡོ་རྗེ་པདྨའི་ཟིལ་པ་དངཿ དྲི་ཆེན་དྲི་ཆུ་ལ་སོགས་རྩ་བ་བརྒྱདཿ ཡན་ལག་སྟོང་སྦྱར་དམ་རྫས་བདུད་རྩི་སྨནཿ དཀྱིལ་འཁོར་ལྷ་ལ་འབུལ་ལོ་གཟི་བྱིན་བསྐྱེདཿ ཨོཾ་སརྦ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧིཿ ཕྱི་སྣོད་བྷནྡྷ་འབར་བའི་གཏོར་གཞོང་དུཿ ནང་བཅུད་ཕུང་པོ་ལྔ་ཡི་གཏོར་མར་བཤམསཿ ཡུམ་ཆེན་འབྱུང་བ་ལྔ་ཡི་བཅུད་དང་ལྡནཿ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་བསྐྱེད་ཕྱིར་འབུལཿ ཨོཾ་མ་ཧཱ་བཱ་ལིངྟ་ལ་ཁ་རཾ་ཁཱ་ཧིཿ རང་བྱུང་པདྨ་རཀྟ་མཱུ་ལ་དངཿ སྲིད་གསུམ་ཡོངས་གྲོལ་འབྲུ་རྩིའི་དམར་མདངས་བཅུདཿ དམར་ཆེན་རཀྟ་ཁྲག་གིས་མཆོད་པ་འབུལཿ རྔམས་བརྗིད་ལྷ་ཚོགས་མཐུ་སྟོབས་ནུས་པ་བསྐྱེདཿ ཨོཾ་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧིཿ བཅུ་དྲུག་དགའ་སྟེར་ལྷ་མོ་ཡིད་འཕྲོག་མཿ འདོད་ལྡན་དགའ་བ་སྟེར་བའི་དཔའ་བོའི་ཚོགསཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ལེགས་སྦྱར་ནསཿ ལྷན་སྐྱེས་ཡེ་ཤེས་རྩལ་ཆེན་རྫོགས་ཕྱིར་བཞེསཿ མ་ཧཱ་ར་ག་སུ་ཥ་ཏ་ན་ཨ་ལ་ལ་ཧོཿ «ཚོགས་མཆོད་འབུལ་པའི་རིམ་པ་ནིཿ »ཧྲཱིཿ དཔལ་གྱི་ཕོ་ཉ་མཛེས་ལྡན་མཿ རྡོ་རྗེའི་གླུ་དང་གར་སྟབས་བསྒྱུརཿ དགྱེས་ཤིང་ཆགས་པའི་རྣམ་འགྱུར་གྱིསཿ དཀྱིལ་འཁོར་ལྷ་ཚོགས་ཚོགས་ཀྱིས་མཆོདཿ «ཚོགས་ཕུད་རིམ་པ་གསུམ་དུ་འབུལཿ »བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམཿ བླ་མ་ཡི་དམ་མཁའ་འགྲོ་ལཿ ཞལ་ཟས་ཚོགས་ཀྱི་མཆོད་པ་དང༔ རོ་ལྡན་བཟའ་བཏུང་ལོངས་སྤྱོད་གཏེརཿ འདོད་པའི་ཡོན་ཏན་ལྔ་ཡིས་མཆོདཿ དགྱེས་པ་ཆེན་པོའི་གར་གྱིས་རོལཿ མ་ཧཱ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧིཿ «བར་དུ་བསྐང་ཞིང་བཤགས་པ་ནིཿ རྩ་གསུམ་སྲུང་མ་ཀུན་མཆོད་ཅིངཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་གཏེརཿ »ཧཱུྃ་ཧྲཱིཿ ཀ་དག་སྤྲོས་བྲལ་ཆོས་སྐུའི་རང་མདངས་ལསཿ ལྷུན་གྲུབ་ཟེར་ལྔའི་འོད་ཀྱིས་ཞིང་ཁམས་ཁྱབཿ སྤྲུལ་བསྒྱུར་ལོངས་སྐུའི་ཞིང་གི་མཆོད་སྤྲིན་འཁྲིགསཿ ལྷ་མིའི་བསྐང་རྫས་འདོད་ཡོན་ཆར་ལྟར་འབེབསཿ བཱ་ལིང་རྒྱན་གྱི་གཏོར་མ་རི་ལྟར་སྤུངསཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་མཚོ་ལྟར་འཁྱིལཿ རང་བྱུང་བསད་པའི་རཀྟ་རྦ་རླབས་འཁྲུགསཿ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་བྲག་ལྟར་སྙིལཿ འདོད་ཡོན་མཆོད་པའི་དམ་རྫས་ནམ་མཁའ་གངཿ རྟེན་པའི་དམ་རྫས་ཡེ་གྲོལ་གཉིས་མེད་གཤིསཿ སྒྲུབ་པའི་དམ་རྫས་རིག་པ་ལུ་གུ་རྒྱུདཿ བསྐང་བའི་དམ་རྫས་སྟོང་སྒྲོན་ཟེར་མདངས་ལསཿ ཡེ་ཤེས་ལྔ་ཡི་ཞིང་བཀོད་བསམ་མི་ཁྱབཿ མཆོད་པའི་དམ་རྫས་དགའ་བཞིའི་ཡེ་ཤེས་ཀྱིཿ དཀར་དམར་ཁམས་ཀྱིས་བསྐྱེད་པའི་རྩ་བཅུད་གསོསཿ སྦྱོར་སྒྲོལ་ཚོགས་ཀྱི་དམ་རྫས་བླ་མེད་ལསཿ གཞོན་ནུ་བུམ་སྐུའི་རང་གདངས་དོན་གྱི་ལྷཿ ཀུན་བཟང་ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐངཿ ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ངོ་བོ་ཉིདཿ གངས་ཆེན་མཚོ་རྒྱལ་རིགས་ལྔའི་ཐུགས་དམ་བསྐངཿ འཁོར་འདས་ཀུན་ཀྱི་སྤྲུལ་གཞི་བླ་ན་མེདཿ སྟོབས་ལྡན་དཔའ་བོའི་ལྷ་ཚོགས་ཐུགས་དམ་བསྐངཿ སྤྲུལ་བསྒྱུར་འགྲོ་བའི་དོན་དུ་རང་ཤར་བཿ ཕྱེད་སྤྲུལ་ལོངས་སྐུའི་ལྷ་ཚོགས་ཐུགས་དམ་བསྐངཿ སྙིང་དབུས་མི་ཤིགས་ཐིག་ལེའི་གཞལ་ཡས་ནསཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་ཐུགས་དམ་བསྐངཿ དུང་ཁང་མེ་རི་དགུ་ཀློང་འབར་བ་ནསཿ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐངཿ མཁའ་སྤྱོད་ས་སྤྱོད་སྤྲུལ་པའི་གནས་མཆོག་ནསཿ རིག་འཛིན་དཔའ་བོ་དཔའ་མོའི་ཐུགས་དམ་བསྐངཿ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནསཿ ཐོད་ཕྲེང་རིགས་ལྔའི་ལྷ་ཚོགས་ཐུགས་དམ་བསྐངཿ དུར་ཁྲོད་གནས་ཡུལ་མཆོད་རྟེན་བདེ་བྱེད་བརྩེགསཿ མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐངཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ནསཿ གར་གྱི་དབང་ཕྱུག་འཁོར་བཅས་ཐུགས་དམ་བསྐངཿ ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་ནསཿ རྡོ་རྗེ་ཕག་མོའི་ལྷ་ཚོགས་ཐུགས་དམ་བསྐངཿ གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་ནསཿ བདེ་ཆེན་འབར་བའི་ལྷ་ཚོགས་ཐུགས་དམ་བསྐངཿ དཀྱིལ་འཁོར་གསེར་ཁྱམ་ཁྲག་ཁྱམ་སྐྱོང་མཛད་པའིཿ དམ་ཚིག་ཤ་ཟ་ཕྲ་མེན་ཐུགས་དམ་བསྐངཿ སྐུ་གསུམ་ཞིང་ལ་དབང་བསྒྱུར་མཐུ་མོ་ཆེཿ སྔགས་སྲུང་རལ་གཅིག་འཁོར་བཅས་ཐུགས་དམ་བསྐངཿ ཐར་པ་ནག་པོ་སྔགས་བཟློག་མཁན་གྱི་གཤེདཿ དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐངཿ བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེདཿ བྱ་རོག་གདོང་ཅན་འཁོར་བཅས་ཐུགས་དམ་བསྐངཿ འདོད་པའི་ཁམས་ལ་དབང་བསྒྱུར་མཐུ་བོ་ཆེཿ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐངཿ གླིང་བཞི་སྲིད་པ་གསུམ་ལ་དབང་བསྒྱུར་བའིཿ གཟའ་བདུད་རཱ་ཧུ་ལ་ཡི་ཐུགས་དམ་བསྐངཿ བྱད་མ་དགྲ་གདོན་འབྱུང་པོའི་སྲོག་ལ་རྔམསཿ གཏེར་སྲུང་བསྙོ་ཁ་ནག་པོའི་ཐུགས་དམ་བསྐངཿ ཐིག་ལེ་བསྐོར་གསུམ་གཏེར་གྱི་གཉེར་ཁ་འཛིནཿ སྟོབས་ལྡན་གནོད་སྦྱིན་སྡེ་བཞིའི་ཐུགས་དམ་བསྐངཿ འཁོར་བཅས་ཐུགས་དམ་བསྐངས་ལ་དགྱེས་པ་བསྐྱེདཿ བཀྲག་མདངས་གཟི་བྱིན་མཐུ་སྟོབས་ནུས་པ་སྟོནཿ མ་རིག་སྙོམས་ལས་གཏི་མུག་དབང་གྱུར་པའིཿ ལྟ་བ་ཆོས་སྐུའི་རང་ཞལ་མཇལ་བའི་ཚེཿ ཡེངས་འཁྲུལ་རྟག་ཆད་བལྟས་པ་མཐོལ་ལོ་བཤགསཿ བསྒོམ་པ་འོད་གསལ་རིག་པ་ལུ་གུ་རྒྱུདཿ ཐེ་ཚོམ་ཡེངས་འཁྲུལ་གྱུར་པ་མཐོལ་ལོ་བཤགསཿ སྤྱོད་པ་གསང་སྔགས་སྦྱཽར་སྒྲོལ་འགྲོ་བའི་དོནཿ སྤང་བླངས་ཞི་བདེར་གཞོལ་བ་མཐོལ་ལོ་བཤགསཿ བླ་མ་ཡི་དམ་རང་རིག་འདུ་འབྲལ་མེདཿ ལྷུན་གྲུབ་སྣང་ཆ་སྒྱུ་མའི་རོལ་གར་ཀུནཿ ཡེ་གྲོལ་ཀ་དག་ཆོས་སྐུའི་ཀློང་དུ་བཤགསཿ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ «ཡི་གེ་བརྒྱ་པ་ལན་གསུམ་བརྗོདཿ ཚོགས་ཀྱི་ཐ་མ་བསྒྲལ་བ་ནིཿ ཞིང་གི་བམ་ཆེན་ཁྲག་ཐང་ཟནཿ »ཨེ་རྃཿ སྐུ་གསུམ་ཐར་མེད་ལས་ཀྱི་བཙོན་ཁང་ནངཿ དུག་གསུམ་མ་རིག་རཱུ་ཏྲ་དགྲ་གདོན་གཟུགསཿ མངོན་སུམ་མགོན་མེད་སྐྱབས་བྲལ་སྙིང་དབུས་སུཿ ཚེ་བསོད་རྣམ་ཤེས་ཨ་ནྲྀའི་གཟུགས་སུ་གསལཿ «འགུགས་གཞུག་དྲག་པོས་རྟགས་ཐོན་ལན་གྲངས་བསྐྱརཿ རྣལ་འབྱོར་ལག་ན་ཕུར་པ་བསྒྲིལཿ »ཧཱུྃཿ བདག་ཉིད་པདྨ་ཐོད་ཕྲེང་གིཿ ཕྱག་སོར་རིགས་ལྔ་ཡབ་ཡུམ་བཅུསཿ སྲས་མཆོག་བཛྲ་ཀཱི་ལ་ཡཿ སྐུ་སྟོད་ཁྲོ་བོ་ཆེན་པོ་ལཿ སྐུ་སྨད་གནམ་ལྕགས་ཟུར་གསུམ་དབལཿ དགྲ་གདོན་སྙིང་ལ་བཏབ་པ་ཡིསཿ བླ་སྲོག་རཀྟའི་དྭངས་མ་སྐམཿ ཚེ་བསོད་ནྲྀཿཡིག་བདག་ལ་ཐིམཿ རྣམ་ཤེས་ཨཿདཀར་ཕུར་བ་ཡིཿ ཁོང་སེང་ནས་བརྒྱུད་ཞལ་ནས་ཐོནཿ ཐོད་ཕྲེང་དྲག་རྩལ་ཞལ་དུ་ཞུགསཿ སྐུ་ཡི་དབྱིབས་བརྒྱུད་ཡུམ་མཁར་བབསཿ ཡུམ་གྱི་ཆགས་པས་རྒྱུད་བསྐུལ་བསཿ ཡབ་ཀྱི་འདོད་པ་རབ་མྱོས་ཏེཿ སྒྲ་དང་བཅས་ཏེ་དྲག་སྦྱོར་བའིཿ ཁྲོ་བོ་ཡུམ་གྱི་གཏུན་ཁུང་དུཿ རྡོ་རྗེ་འབར་བའི་ཐོ་བས་བརྡུངཿ མ་རིག་གཟུང་འཛིན་དུག་ལྔ་བཅོམཿ བྱང་ཆུབ་སེམས་ཀྱི་དབང་བསྐུར་ཞིངཿ ཡེ་ཤེས་ལྔ་རྫོགས་འབྲས་བུ་ཐོབཿ ཡུམ་གྱི་སྐུ་ཡི་དབྱིབས་བརྒྱུད་དེཿ དཔལ་ཆེནཡབ་ཡུམ་ཐུགས་ཀར་འཕངཿ སླར་ཡང་རྒྱལ་བའི་སྲས་སུ་གྱུརཿ ཧཱུྃ་ཧཱུྃ་ཧཱུྃཿ ཧ་ཧ་ཧཿ ཕཊ་ཕཊ་ཕཊཿ ཨཱཿ «ལས་མཁན་ཚོགས་ཀྱིས་བེམ་པོ་བསྒྲལཿ »ཧཱུྃཿ རྔམས་བརྗིད་རྒྱལ་པོ་ཧེ་རུ་ཀཿ རྩ་གསུམ་ལྷ་ཚོགས་ཞལ་ཕྱེས་ཤིགཿ དུག་ལྔ་བསྒྲལ་བའི་ཤ་ཁྲག་རུསཿ དབང་པོ་དོན་ལྔ་སྣོད་དྲུག་དངཿ དཀར་དམར་ཁམས་ཀྱི་རོ་བཅུད་བཅསཿ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧིཿ དགྱེས་པར་རོལ་ཅིག་ཨ་ལ་ལཿ འགྲོ་ཀུན་ཚོགས་རྫོགས་སྒྲིབ་སྦྱངས་ནསཿ མངོན་རྫོགས་ཞིང་དུ་སངས་རྒྱས་ཤོགཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧིཿ མ་ཧཱ་པཉྩ་ཨམྲྀ་ཏ་ལ་ཁ་རཾ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁཱ་ཧིཿ «ཞེས་བསྟབས་ལྟ་བའི་ངང་མདང་སྐྱོང་ཿ རྣལ་འབྱོར་ཕོ་མོའི་དགའ་སྟོན་ནིཿ རིག་མ་རྣམས་ཀྱིས་ཚོགས་དྲངས་ཤིང་ཿ »ཀྱཻཿ སྦྱོར་སྒྲོལ་གསང་བའི་དཀྱིལ་འཁོར་འདིརཿ རྡོ་རྗེ་སློབ་དཔོན་ཐོད་ཕྲེང་རྩལཿ བདེ་ཆེན་རྡོ་རྗེ་རྣལ་འབྱོར་ཡུམཿ དཀྱིལ་འཁོར་ལྷ་ཚོགས་མཆེད་ལྕམ་དྲལཿ ཤ་ཆེན་ལྔ་དང་བདུད་རྩི་ལྔཿ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་འདིཿ དགྱེས་པ་ཆེན་པོས་རྟག་ཏུ་རོལཿ དངོས་གྲུབ་ཀུན་ཀྱི་གཞི་མ་འོཿ «ལེན་པ་པོས་པད་སྐོར་དང་བཅསཿ »ཧཱུྃཿ བདག་གི་ཁྲག་འཐུང་ཧེ་རུ་ཀཿ ཕུང་ཁམས་སྐྱེ་མཆེད་རྩ་གནས་ཀུནཿ ཡེ་ནས་དཔའ་བོ་མཁའ་འགྲོའི་གྲོངཿ བདུད་རྩི་ལྔ་ལ་ལོངས་སྤྱོད་དོཿ ཨ་ལ་ལ་ཧོཿ «སྟོན་འཁོར་ཀུན་ཀྱིས་དགའ་སྟོན་ཚིམ་པར་རོལཿ རྡོ་རྗེ་གླུ་གར་དགྱེས་པ་ཆེན་པོས་བསྐྱེདཿ དེ་ནས་ཚོགས་ཀྱི་ལྷག་མ་ཀུན་བསྡུས་ཤིང་ཿ དཔལ་ཆེན་ཧེ་རུ་ཀ་ཡི་ཁ་ཕྲུ་བཏབཿ སྨན་རཀ་བྲན་ཞིང་བཤུགས་གླུའི་སྒྲ་དང་བཅསཿ »པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ དཔལ་གྱི་ཕ་འབབ་ལྷག་མའི་གཏོར་མ་ཤ་ལྔ་དང་བདུད་རྩི་ལྔ་སོགས་འདོད་ཡོན་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་གྱུརཿ ཨོཾ་ཨ་ཀཱ་རོ་«སོགས།» ཧཱུྃཿ དཀྱིལ་འཁོར་མུ་རན་སྐྱོང་བ་ཡིཿ དམ་ཚིག་མཁའ་འགྲོ་མཐུ་མོ་ཆེཿ ཤ་ཟ་འཇིག་རྟེན་མཁའ་འགྲོ་མཿ གིང་དང་ལང་ཀ་དབང་ཕྱུག་སོགསཿ འབུམ་ཕྲག་ཡངས་པའི་ཚོགས་དང་བཅསཿ ཕ་འབབ་ལྷག་གཏོར་འདོད་ཡོན་གྱིཿ ལོངས་སྤྱོད་གཏེར་ཆེན་འདི་རོལ་ལཿ ཧེ་རུ་ཀ་ཡི་བདག་བཞིན་དུཿ ཞི་རྒྱས་དབང་དང་དྲག་པོ་ཡིཿ ཕྲིན་ལས་རྣམ་བཞི་འགྲུབ་པ་དངཿ སྦྱོར་སྒྲོལ་གསང་སྔགས་བསྟན་པ་སྐྱོངཿ ཨུཥྩི་ཊ་པཉྩ་བཱ་ལིངྟ་ཁཱ་ཧིཿ «ཕྱི་རོལ་འབུལ་ཞིང་ཆང་གི་བཤལ་ཆུ་དོརཿ »རྩ་བ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་འདིརཿ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིསཿ རིག་འཛིན་ཡབ་ཡུམ་མཆེད་དང་ལྕམ་དྲལ་ཀུནཿ ཚོམ་བུ་གཅིག་ཏུ་མངོན་རྫོགས་ཞིང་འཁོད་ཤོགཿ ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིསཿ མི་ཟད་གཏེར་ལ་ལོངས་སྤྱོད་ཅིངཿ ཡེ་ཤེས་སྣང་བ་རབ་རྫོགས་ནསཿ ཀ་དག་ཆེན་པོའི་ས་ཐོབ་ཤོགཿ «སྨོན་ལམ་བཏབ་ཅིང་མཉམ་པར་བཞགཿ དེ་ནས་རྗེས་ཀྱི་རིམ་པ་བྱ་བ་ལཿ དཔལ་གྱི་ཕོ་ཉ་ལས་ལ་བསྐུལ་པ་ནིཿ དྲག་པོའི་གཏོར་མ་སྨན་དང་རཀྟས་བྲནཿ བྱིན་གྱིས་རླབས་ཅིང་ལྟ་བའི་ངར་གདངས་བཅསཿ »ཧཱུྃ་བྷྱོཿ འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་དུཿ དཔལ་ཆེན་ཧེ་རུ་ཀ་ཡི་དཀྱིལ་འཁོར་དྲུངཿ དབུས་ལ་མི་གནས་དཀྱིལ་འཁོར་མུ་རན་སྐྱོངཿ མཐའ་ལ་མི་གནས་དཔལ་གྱི་ཕྲིན་ལས་སྒྲུབཿ སྦྱོར་སྒྲོལ་གསང་བ་མཆོག་གི་དམ་ཚིག་བླངསཿ ཐུགས་རྗེ་གློག་ལྟར་མྱུར་བའི་རྫུ་འཕྲུལ་ལྡནཿ ཁྲོ་རྒྱལ་འབར་བ་གིང་ཆེན་སྡེ་བཞི་པོཿ འདིར་གཤེགས་དམ་རྫས་བདུད་རྩིའི་གཏོར་མ་བཞེསཿ འཁོར་འདས་དབང་བསྒྱུར་མཐུ་དང་རྫུ་འཕྲུལ་སྟོནཿ ལྔ་ཕྲག་ཐ་མའི་འགྲོ་བ་ལས་ཉོན་གྱིསཿ དབང་གྱུར་སྡུག་བསྔལ་དྲག་པོ་སྤྱད་པའི་ཚེཿ མ་གཡེལ་མངོན་སྤྱོད་དྲག་པོའི་རོལ་པ་ཡིསཿ མ་རུང་བསྟན་དགྲ་ལས་ངན་འདུལ་བ་དངཿ མཐའ་དམག་འཇིགས་པའི་དམག་དཔུང་རྡུལ་དུ་རློགཿ བྱད་ཕུར་རྦོད་གཏོང་རང་གཤེད་རང་ལ་ཕོབཿ རྒྱལ་བསེན་འབྱུང་པོའི་རྣམ་ཤེས་དབྱིངས་སུ་སྦོརཿ དམ་སྲི་སྤུན་དགུ་ཕྱག་རྒྱ་བཞི་ཡིས་ཆིངསཿ རྣལ་འབྱོར་ཕོ་མོའི་ཚེ་ཆོས་བསོད་ནམས་སྤེལཿ ཡང་གསང་ཐུགས་ཐིག་བསྟན་པ་རྒྱས་པ་ཡིཿ ཕྲིན་ལས་དུས་ལ་བབ་པོ་ས་མཱ་ཡཿ« བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིཿ གཏོར་འབུལ་ཆད་ཐོ་བསྒྲགས་པ་ནིཿ འགུགས་གཞུག་དྲག་པོས་བྱིན་གྱིས་བརླབཿ »ཧཱུྃ་ཧྲཱིཿ ང་ནི་དཔལ་ཆེན་བདུད་འདུལ་དྲག་པོ་རྩལཿ སྔོན་ཚེ་རྒྱ་གར་ཡུལ་གྱི་གནས་ཆེན་དུཿ དབང་བསྐུར་བཀའ་བསྒོས་དམ་ལ་བཞག་པ་ཡིཿ འབར་མ་བདུན་དང་སྔགས་སྲུང་རལ་གཅིག་མཿ མགོན་པོ་ལྷ་ཀླུ་གཉན་དང་གཟའ་བདུད་ནགཿ བསྙོ་ཁ་ལ་སོགས་བསྟན་སྲུང་དྲེགས་པའི་ཚོགསཿ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལཿ ཡང་གསང་ཐུགས་ཐིག་བསྟན་པའི་གཉེར་ཁ་ཟུངསཿ སྡང་དགྲའི་སྲོག་དབུགས་ཕྲོལ་ལ་དོན་སྙིང་ལོངསཿ འདྲེ་རྒོད་འབྱུང་པོ་མིང་གི་ལྷག་མར་ཐོངསཿ དམ་ཉམས་མངོན་སྤྱོད་དྲག་པོའི་མཐུ་ཡིས་སྒྲོལཿ དམ་ལྡན་རིག་འཛིན་ཕོ་མོར་མེལ་ཚེ་གྱིསཿ ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་མཛོདཿ «གཏེར་སྲུང་མཆོད་གཏོར་བྱིན་རླབས་བདུད་རྩི་བྲནཿ »ཀྱཻཿ རྒྱ་གར་ཨ་སུ་ར་ཡི་བྲག་ཕུག་ཏུཿ རྗེ་བཙུན་གུ་རུ་པདྨ་ཐོད་ཕྲེང་དངཿ འཁོར་འདས་དབང་བསྒྱུར་རྡོ་རྗེ་རྣལ་འབྱོར་མཿ ཤེས་རབ་ཡུམ་མཆོག་མནྡ་ར་བའི་དྲུངཿ གསང་བའི་དབང་བསྐུར་དམ་བཅའ་བྲོ་བོར་བའིཿ འཛམ་གླིང་དབང་བསྒྱུར་གནོད་སྦྱིན་གཉན་ཆེན་བཞིཿ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་ལོངསཿ སྦྱོར་སྒྲོལ་བསྟན་པ་ཕྱོགས་བཅུར་རྒྱས་པ་དངཿ ཡང་གསང་ཐུགས་ཐིག་མི་ནུབ་རྒྱལ་མཚན་ཚུགསཿ འཛམ་གླིང་བསྟན་འགྲོའི་བདེ་སྐྱིད་སྤེལ་བ་དངཿ རྡོ་རྗེ་སློབ་དཔོན་སྐུ་ཚེ་རྫུ་འཕྲུལ་སྤེལཿ དམ་ལྡན་རིག་འཛིན་ཕོ་མོའི་མཐུ་སྟོབས་ནུསཿ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་བསྒྲུབཿ «བཤལ་ཆུ་གཅིག་བསྒྲིལ་བྱིན་བརླབས་ལཿ »བོད་སྐྱོང་བསྟན་མ་བཅུ་གཉིས་བྲན་གཡོག་འཁོརཿ འཛམ་གླིང་དཀར་ཕྱོགས་སྐྱོང་བའི་ཚོགས་དང་བཅསཿ དམ་རྫས་བཤལ་ཆུ་གཏོར་མ་འདི་ལོངས་ལཿ འཛམ་གླིང་སྐྱེ་འགྲོར་བདེ་སྐྱིད་སྤེལ་བར་མཛོདཿ མ་མ་སྲིང་འགྲོ་མ་བྷྱོཿཛཿཛཿབྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «སླར་ཡང་རྟ་བྲོ་བྱ་བ་ནིཿ »ཧཱུྃ་ཧཱུྃ་ཧཱུྃཿ དཔལ་ཆེན་ཧེ་རུ་ཀ་ཡི་དཀྱིལ་འཁོར་འདིརཿ བདུད་འདུལ་ཁྲོ་བོ་ཁྲོ་མོའི་ལྷ་ཚོགས་ཀྱིསཿ དམ་སྲི་རྒྱལ་གདོན་འབྱུང་པོ་རཱུ་ཊའི་ཚོགསཿ ཞབས་གཡས་རྔམས་པའི་བྲོ་བརྡུང་འོག་ཏུ་མནནཿ མོ་སྲི་བསེན་མོ་ལྟེ་ཕུར་ནག་མོ་སོགསཿ ཞབས་གཡོན་གདུག་པའི་བྲོ་བརྡུང་འོག་ཏུ་མནནཿ འཇིག་རྟེན་མཁའ་འགྲོ་མ་རུང་དྲེགས་པའི་ཚོགསཿ ཞབས་གཉིས་མཉམ་པའི་བྲོ་བརྡུང་འོག་ཏུ་མནནཿ མ་རིག་ཉོན་མོངས་བག་ཆགས་རྡུལ་དུ་རློགཿ རྣམ་ཤེས་ཤེས་རབ་ཡུམ་གྱི་མཁའ་ཀློང་སྦསཿ སླར་ཡང་ལྡང་མེད་སྐུ་གསུམ་རྒྱས་གདབ་བོཿ ཨོཾ་ལཾ་ཨ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནནཿ ཨཿཨཿཨཱཿ «སླར་ཡང་མཆོད་བསྟོད་ནོངས་པ་བཤགས་པ་ནིཿ »དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ལཿ ལྷ་རྫས་ཕྱི་ཡི་མཆོད་པ་འབུལཿ སྨན་གཏོར་རཀྟ་ནང་མཆོད་འབུལཿ སྦྱོར་སྒྲོལ་རྨད་བྱུང་གསང་མཆོད་འབུལཿ མཉམ་ཉིད་དོན་གྱི་མཆོད་པ་འབུལཿ ཨོཾ་བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་མ་ཧཱ་པཉྩ་རཀྟ་བཱ་ལིངྟ་ཏ་ན་ག་ན་དྷརྨ་དྷརྟུ་པཱུ་ཙ་ཧོཿ ཧྲཱིཿ སྐྱེ་འཆི་གཉིས་སྤང་རྡོ་རྗེའི་སྐུ་ཐོབ་ཅིངཿ རྫུ་འཕྲུལ་མངའ་བརྙེས་ལྷ་སྲིན་སྡེ་བརྒྱད་འདུལཿ འཁོར་འདས་དབང་བསྒྱུར་མཁའ་འགྲོའི་སྲོག་གི་བདགཿ ཁྲག་འཐུང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོདཿ ཞི་བའི་སྐུར་སྟོན་རྡོ་རྗེ་ཐོད་ཕྲེང་རྩལཿ རྒྱས་པའི་སྐུར་སྟོན་རཏྣ་ཐོད་ཕྲེང་རྩལཿ དབང་གི་སྐུར་སྟོན་པདྨ་ཐོད་ཕྲེང་རྩལཿ དྲག་པོའི་སྐུར་སྟོན་ཀརྨ་ཐོད་ཕྲེང་རྩལཿ མཆོག་གི་སྐུར་སྟོན་བྷུདྡྷ་ཐོད་ཕྲེང་རྩལཿ གསང་ཆེན་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོདཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལས་སྤྲུལ་པའིཿ རིག་འཛིན་དཔའ་བོ་ཌཱཀྐི་བྱེ་བ་འབུམཿ མཚན་བརྒྱད་ལ་སོགས་སྤྲུལ་པ་སྣ་ཚོགས་ཀྱིསཿ འགྲོ་དོན་རྒྱ་ཆེན་མཛད་ལ་ཕྱག་འཚལ་བསྟོདཿ ཆོས་ལོངས་སྤྲུལ་སྐུའི་རྣམ་རོལ་མཐའ་ཡས་པའིཿ རྩ་གསུམ་ལ་སོགས་ཞི་ཆགས་ཁྲོབོའི་གརཿ རྔམས་བརྗིད་རྒྱལ་པོའི་དཀྱིལ་འཁོར་ལྷ་ཚོགས་དངཿ ཌཱཀྐི་དམ་ཅན་སྲུང་མར་བཅས་ལ་བསྟོདཿ དབང་དྲག་རོལ་བའི་དཀྱིལ་འཁོར་ཆེན་པོ་རུཿ བསྐྱེད་རིམ་མ་གསལ་རྫོགས་རིམ་རྣམ་པར་གཡེངཿ སྦྱོར་སྒྲོལ་ཏིང་འཛིན་བག་མེད་དབང་གྱུར་ཞིངཿ བསྙེན་སྒྲུབ་ཆོ་གའི་ཡན་ལག་ཉམས་པ་དངཿ ཚོགས་གཏོར་སེར་སྣ་འབགས་བཙོག་ཤོར་བ་སོགསཿ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཤགསཿ «ཡི་གེ་བརྒྱ་པ་ལནགསུམ་དག་པར་བརྗོདཿ ཨོཾ་བཛྲ་ས་ཏྭ་ཧཱུྃཿ» «ལན་བདུན་བརྗོད་ཅིང་ཕྱག་འཚལ་ཐལ་མོ་སྦྱརཿ དབང་དང་དངོས་གྲུབ་བྱིན་རླབས་ལེན་པ་ནིཿ »ཧཱུྃ་ཧྲཱིཿ དཀྱིལ་འཁོར་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལཿ བྱིན་རླབས་དངོས་གྲུབ་ཡ་མཚན་མཆོག་གི་གནསཿ རྡོ་རྗེའི་ནམ་ལངས་བྱིན་རླབས་ཉི་མ་ཤརཿ དངོས་གྲུབ་སྩོལ་བའི་དུས་ལ་ད་བབས་ནཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངསཿ དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་མཉམ་སྦྱོར་བའིཿ བྱང་སེམས་དཀར་དམར་ཡེ་ཤེས་བདུད་རྩིའི་རྒྱུནཿ བདག་གི་སྤྱི་མགྲིན་སྙིང་ཀ་གསུམ་དུ་བབསཿ ལུས་ནང་གང་ཞིག་ལས་ཉོན་སྡིག་སྒྲིབ་དགཿ དབང་བཞི་ཡོངས་རྫོགས་རིག་འཛིན་རྣམ་བཞིར་སྨིནཿ སྐུ་ལྔ་ཡེ་ཤེས་འབྲས་བཟང་མངོན་གྱུར་ནསཿ པདྨ་ཐོད་ཕྲེང་རྩལ་དང་དབྱེར་མེད་གྱུརཿ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་ཛྙཱ་ན་སུ་ཥ་སརྦ་སིདྡྷི་ཕ་ལ་ཨཱཿཧཱུྃཿ «བསྡུ་རིམ་བསྔོ་སྨོན་ཤིས་པ་བརྗོད་པ་ནིཿ »ཧཱུྃ་ཧྲཱིཿ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམཿ དཀྱིལ་འཁོར་ལྷ་ཚོགས་གཙོ་བོ་ཡབ་ཡུམ་ལཿ དེ་ཡང་ཐུགས་ཀའི་ཧཱུྃ་ནས་ན་དཱའི་བརཿ རང་ཡལ་ཀ་དག་གདོད་མའི་གཤིས་སུ་ཨཱཿ དར་གཅིག་སྤྲོས་བྲལ་ངང་དུ་མཉམ་པར་བཞགཿ སླར་ཡང་རྗེས་ཐོབ་གཉུག་མ་དོན་གྱི་ལྷཿ རང་རིག་པདྨ་ཐོད་ཕྲེང་རྩལ་དུ་གསལཿ ཕྱི་སྣོད་གཞལ་ཡས་ནང་བཅུད་མཁའ་འགྲོ་མཿ སྒྲ་གྲགས་ཧཱུྃ་གླུ་དྲན་རྟོགས་ཡེ་ཤེས་ངངཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ འདིས་མཚོན་དུས་གསུམ་བསགས་པའི་དགེཿ མ་གྱུར་སེམས་ཅན་ཐམས་ཅད་ཀུནཿ སྡུག་བསྔལ་གནས་ངན་ལས་ཐར་ནསཿ སྐུ་གསུམ་ཞིང་ཁམས་ཐོབ་ཕྱིར་བསྔོཿ བདག་ཀྱང་རྡོ་རྗེའི་གོས་གོན་ནསཿ རང་དོན་ཞི་བདེར་མི་གཞོལ་བརཿ སེམས་ཅན་དོན་དུ་ལུས་སྲོག་ཀྱངཿ བཏང་བའི་སྙིང་སྟོབས་དང་ལྡན་ནསཿ གསང་སྔགས་བསྟན་པ་སྤེལ་བ་དངཿ འགྲོ་བའི་དོན་ལ་བརྩོན་པར་སྨོནཿ བྱིན་རླབས་དངོས་གྲུབ་མཆོག་སྩོལ་བའིཿ བླ་མ་དམ་པའི་བཀྲ་ཤིས་ཤོགཿ དངོས་གྲུབ་ནུས་མཐུའི་དཔལ་འབར་བའིཿ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོགཿ ས་དང་ལམ་གྱི་གྲོགས་མཛད་མཿ ཌཱཀྐི་རྣམས་ཀྱི་བཀྲ་ཤིས་ཤོགཿ ཕྲིན་ལས་ཐོགས་མེད་བུ་བཞིན་སྐྱོང༔ དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོགཿ རྗེ་ལྟར་བཀུར་ཞིང་ལེགས་ཚོགས་སྤེལཿ གནོད་སྦྱིན་དྲེགས་པའི་བཀྲ་ཤིས་ཤོགཿ གཞན་དོན་རྒྱ་ཆེ་རྒྱུན་མི་ཆདཿ སྤྲུལ་པ་སྐུ་ཡི་བཀྲ་ཤིས་ཤོགཿ འཕོ་མེད་འཇའ་ལུས་མཆོག་གི་སྐུཿ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོགཿ གཞོན་ནུ་བུམ་སྐུའི་ངོ་བོ་ཉིདཿ ཀུན་བཟང་ཡབ་ཡུམ་བཀྲ་ཤིས་ཤོགཿ བླ་མའི་སྐུ་ཚེ་བརྟན་པ་དངཿ སྒྲུབ་པོའི་ས་ལམ་ཡོན་ཏན་འཕེལཿ མཁའ་འགྲོ་རྣམས་ཀྱིས་བུ་ལྟར་བརྩེཿ སྲུང་མའི་མཐུ་སྟོབས་འབར་བར་ཤོགཿ ཡངས་པའི་རྒྱལ་ཁམས་ཆེན་པོ་འདིརཿ མི་ཕྱུགས་ནད་རིམས་སད་སེར་ཐནཿ མི་འདོད་ཕྱོགས་རྣམས་ཡོངས་ཞི་ཞིངཿ ཚེ་ཆོས་བསོད་ནམས་མཐུ་ནུས་དཔལཿ འབྲུ་ནོར་ལོངས་སྤྱོད་ཀུན་འཕེལ་ཞིངཿ རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོགཿ «གཞན་ཡང་ཤིས་པ་བརྗོད་ཅིང་མེ་ཏོག་འཐོརཿ དམ་གཙང་ཕོ་མོའི་ཚོགས་ཀུན་སྤྲོ་བ་བསྐྱེདཿ མུ་སྟེགས་བོན་དང་དམ་ཉམས་ཀུན་ལ་གསངཿ དེ་མིན་དམ་རྫས་མྱོང་གྲོལ་རེག་པ་ཀུནཿ པདྨ་འོད་དུ་གྲོལ་པ་གདོན་མི་ཟཿ རྗེས་ཀྱི་བྱ་བ་གསང་སྔགས་སྤྱི་ལྟར་སྟེཿ སྟོང་ཉིད་སྙིང་རྗེའི་ངང་དུ་ལ་བཟླའོཿ ཨེ་མཿ བདག་འདྲ་ཨ་ཙར་པདྨ་ཐོད་ཕྲེང་རྩལཿ རྒྱ་གར་ཡུལ་དུ་མི་ལོ་སུམ་སྟོང་དངཿ དྲུག་བརྒྱ་ཉི་ཤུའི་བར་དུ་གནས་བྱས་ཤིང་ཿ ཐེག་པ་རིམ་དགུའི་སྒྲོ་འདོགས་མ་ལུས་བཅདཿ དྲི་མེད་དགའ་རབ་ཤྲཱི་སེང་ཧ་དངཿ འཇམ་དཔལ་བཤེས་གཉིས་བཱི་མ་མི་ཏྲ་སོགསཿ གྲུབ་བརྙེས་མཁས་གྲུབ་བཤེས་གཉེན་དུ་མ་བསྟེནཿ དགེ་སློང་ཀུན་དགའ་མོ་ལས་དབང་བཞི་ཐོབཿ ཡེ་ཤེས་ཌཱཀྐི་མནྡཱར་བར་འཕྲདཿ ཡབ་ཡུམ་ཚེ་ལ་དབང་བའི་རིག་འཛིན་ཐོབཿ ལྷུན་གྲུབ་རིག་པ་འཛིན་པའི་རྩལ་རྫོགས་ཤིངཿ སླར་ཡང་བསིལ་ཚལ་འཇིགས་རུང་དུར་ཁྲོད་དུཿ རིག་འཛིན་བརྒྱད་ལ་དབང་བཞི་བསྐུར་བའི་ཚེཿ ཞིང་ཁམས་རབ་འབྱམས་སྤྲིན་ལྟར་འདུས་ནས་ཀྱངཿ ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་བསྐོར་དུསཿ རང་གི་གསང་སྒྲུབ་བདུད་རྩིའི་བཅུད་འདྲེན་སྐོརཿ ལྷ་ལྕམ་ཌཱཀྐི་མ་ཡི་ཟླ་མཚན་གྱིསཿ གང་སྨྲས་བཱི་མ་མི་ཏྲས་ཡི་གེར་བཏབཿ དཀྱིལ་འཁོར་གཙོ་བོ་མཁའ་འགྲོ་གསུམ་པ་གཏདཿ མ་འོངས་རྩུབ་འགྱུར་དུས་ཀྱི་ཐ་མ་ལཿ པྲེ་ཏ་པུ་རིའི་བྱང་ཕྱོགས་བྷོ་ཊའི་ཡུལཿ སེམས་ཅན་ནད་མཚོན་མུ་གེས་མནར་བའི་དུསཿ ང་སྤྲུལ་ཧེ་རུ་ཀ་དང་འཕྲད་ནས་ཀྱངཿ ལྷ་ལྕམ་ཚེ་དཔལ་འགྲོ་དོན་མཐར་ཕྱིན་ནསཿ སྐལ་ལྡན་ལ་སོགས་གཟུགས་ཅན་གཟུགས་མེད་འགྲོཿ བྱེ་མའི་གྲངས་ལྡན་གདུལ་བྱར་གྲོལ་བར་ཤོགཿ བཀའ་འདི་མ་མོ་ཁྱབ་འཇུག་བསྙོ་ཁ་ནགཿ ཀླུ་བདུད་ནག་པོ་ཧ་ལ་མགོ་དགུ་དངཿ གཉེན་ཆེན་དྲེགས་པའི་ཚོགས་ཀྱིས་དམ་དུ་སྲུངཿ སྐལ་མེད་ལོག་ལྟ་མཆོག་འཛིན་ཅན་དག་ལཿ རླུང་ཕྱོགས་ཙམ་དུ་མ་བསྒྲག་དམ་ཚིག་རྒྱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ སྲོག་གི་རྒྱཿ ཁ་ཐཾཿ གུ་ཧྱཿ ན་ར་ཀནཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྐལ་ལྡན་ལས་ཅན་སྔགས་ལ་དད་གུས་ལྡནཿ འཕྲད་པ་ཙམ་གྱིས་གྲོལ་བར་ཐེ་ཚོམ་མེདཿ བསྐལ་པ་མ་སྟོངས་པར་དུ་མ་རྫོགས་སོཿ སྡིག་ལྡན་ཉོན་མོངས་ཅན་རྣམས་གྲོལ་བར་ངེསཿ ཨེ་མ་ཧོཿ ཨ་ལ་ལཿ བརྡ་རྟགས་མེ་ཕོ་རྟ་ཡི་ལོ་ལ་ཤརཿ ལོ་དགུའི་བར་དུ་དམ་དུ་གསང་རྒྱས་བཏབཿ ཤིང་ཁམས་ཡོས་ལོ་རྟེན་འབྲེལ་དུས་བབ་ཚེཿ ཁྲག་འཐུང་རིག་འཛིན་ནུས་ལྡན་རྡོ་རྗེ་ཡིསཿ འཇའ་ཚོན་བརྡ་རིས་ངོས་ནས་དག་པར་ཕབཿ ཡུམ་ཆེན་ཞབས་བརྟན་ཐུགས་དགོངས་རྫོགས་ཕྱིར་ཕུལཿ སྐུ་ཚེ་འགྲོ་དོན་མཐའ་རུ་ཕྱིན་པར་ཤོགཿ ཡི་གེའི་འདུ་བྱེད་ཌཱཀྐིའི་ཉེ་གནས་སྲསཿ འོད་ཟེར་མཐའ་ཡས་ཞེས་བྱས་བགྱིས་པ་དགེཿ ཿ