རྗེ་བཙུན་འཇམ་དཔལ་ཁྲོ་བོ་ནག་པོའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམཿ

From Khyentse Lineage - A Tsadra Foundation Project
Wylie title rje btsun 'jam dpal khro bo nag po'i sgrub thabs rdo rje pha lam
Location mdo mkhyen brtse bka' 'bum
Volume 3, Text 27, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Deity 'jam dpal khro bo nag po
Colophon

རང་ཉིད་སྲུང་བ་ཁོ་ན་ལས། །གཞན་ལ་སྔགས་སོགས་གདབ་མི་བྱ། །ཅི་ཕྱིར་སྔགས་ནུས་ཅུང་ཟད་ཉམས། །དགྲ་གསོད་ལས་མཐའ་ཐུགས་ལ་གབ། །སྐྱེས་བུ་རང་གི་ཉམས་ལེན་ནོ།།

rang nyid srung ba kho na las/_/gzhan la sngags sogs gdab mi bya/_/ci phyir sngags nus cung zad nyams/_/dgra gsod las mtha' thugs la gab/_/skyes bu rang gi nyams len no//

[edit]
༄༅། །རྗེ་བཙུན་འཇམ་དཔལ་ཁྲོ་བོ་ནག་པོའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་བཞུགས་སོཿ

«༄༅། །ན་མོ་མཉྫུ་ཤྲི་ཡེ། རྗེ་བཙུན་འཇམ་དཔལ་ནག་པོ་གསང་བའི་སྒྲུབ་ཐབས་ལ། རང་ཉིད་རྡོ་རྗེའི་གོ་ཆ་བཙན་པོའི་ལུས་བསྲུང་ཞིང༌། ཕ་རོལ་གནམ་ལྕགས་རལ་གྲིའི་འཁྲུལ་འཁོར་གྱིས། རྡུལ་དུ་བརླག་པར་འདོད་པའི་རྣལ་འབྱོར་པས། སྐྱབས་སེམས་སྔོན་དུ་འགྲོ་ཞིང༌། »ཨོཾ་སྭ་བྷ་ཝ«ས་སྟོང་པར་སྦྱང༌།» སྟོང་པའི་ངང་ལ་བཾཿལས་པདྨ་ཨཿ ལས་ཟླ་བ་མ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་རང་གི་རྣམ་པར་ཤེས་པ་ཧྲཱིཿཡིག་མཐིང་ནག་མེ་འབར་བ་གཅིག་ཏུ་གྱུར་པ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པ་ཁྲོ་བོའི་ཆ་ལུགས་ཅན་དབུ་སྐྲ་སྤྱི་བོར་བཅིངས་ཤིང་སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་གཅིག་ཕྱག་གཉིས་གཡས་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་ནམ་མཁའ་ལ་ཕྱར་བས་དགྲ་བགེགས་ཐམས་ཅད་བརླག་པར་བྱེད་ཅིང་གཡོན་ཞལ་ཤེས་ཡོད་ཨུཏྤལའི་ཡུ་བ་སྡིག་མཛུབ་ཀྱིས་ཐུགས་ཀར་འཛིན་ཅིང་འདབ་མ་སྙན་གཡོན་གྱི་ཐད་དུ་ཁ་ཕྱེས་པའི་སྟེང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ། ལྟོ་བ་ཆེ་ཞིང་རྡོ་རྗེ་འཇིགས་རུང་གྱེན་དུ་སྒྲེང་བའི་རྩེ་མོ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསྒོམ། «འདི་ལ་ཡེ་ཤེས་འགུགས་གཞུག་སོགས་བྱ་མི་དགོས་སོ། »དེའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུཾ་སྔོན་པོ་དྷཱིཿཡིག་མཐིང་ནག་དང་བཅས་པའི་མཚན་པར་གྱུར། སྙིང་ཁར་ཉི་མའི་སྟེང་དུ་དྷཱིཿཡིག་གི་མཐའ་སྐོར་དུ་སྔགས་ཀྱིས་འཁོར་བ་ལས་འོད་ཟེར་འཕྲོས་ནད་གདོན་སྡིག་སྒྲིབ་རྣམ་རྟོག་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག་པར་བསམ། ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། དུར་མི་སོད། སྙིང་མགོ་ལ་ཆོད། ཁ་ལ་ཛཿ ཀཾ་ཤཾ་ཊཾ་རྦད་ཕཊཿསྭཱ་ཧཱ།« སྔགས་འདི་ཁྲི་ཚོ་འམ་འབུམ་ཐེར་བཟླ་བ་གོང་བསྙེན་ཏེ། རྒྱུན་དུ་ཞག་རེར་བརྒྱ་རྩའམ་ཉེར་གཅིག་རེ་བཟླའོ། ཿཿ ཐུན་མཐར། »ཨོཾ་ཨརྱ་མཉྫུ་ཤྲི་ས་པ་རི་ཝ་ར་ཨརྒྷཾ་«ནས་»ཤབྷ་པྲ་ཏིཙྪ་སྭཱ་ཧཱ། «དེ་བཞིན་དུ་སྦྱར་ཏེ་མཆོད་ལ། »གཞོན་ནུའི་ཆ་ལུགས་འཆང་བ་སོགས། «ཞེས་པའི་བསྟོད་ལ། »སྣོད་བཅུད་འོད་ཞུ་བདག་ལ་ཐིམ། །རང་ཡང་མི་དམིགས་སྟོང་པར་གྱུར། །སླར་ཡང་འཕགས་པའི་སྐུ་རུ་གསལ། དགེ་དེའི་དོན་གཉིས་མཐར་ཕྱིན་ཤོག «།གཏོར་མ་འབུལ་བར་འདོད་ན་མཆོད་བསྟོད་ཀྱི་མཇུག་ཏུ།» རཾ་ཡཾ་ཁཾ་«་དང་»ཧ་ཧོ་ཧྲཱིས«་བྱིན་གྱིས་བརླབས་ལ། »ཨོཾ་མཉྫུ་ཤྲི་པྲ་ཛྙཱ་ཝརྡྷ་«ནི་ས་པ་རི་ཝ་ར་ཨེ་དཾ་བཱ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་བསྔོ་ཞིང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་འབུལ་བ་དང༌། འཇིགས་པ་བརྒྱད་སྐྱོབས་སོགས་ཀྱིས་དངོས་གྲུབ་ལེན་པ་ནི་སྤྲོ་ན་བསྙེན་མཚམས་སོགས་ཀྱི་སྐབས་སུ་བྱ་བ་སྟེ། མ་ནུས་ནའང་ཆད་པའི་སྐྱོན་མེད། འདི་ཡི་ལས་སྦྱོར་གྱི་ཚེ་ཞལ་གདམས་གནད་བཅུ་གཅིག་སྟེ། དྲན་པ་དུས་ཀྱི་གནད། ཐོ་རངས་སྐར་ཆེན་ཤར་དུས་སོ། ལྟ་བ་ཕྱོགས་ཀྱི་གནད། རང་ཀ་ཤར་དུ་བལྟ། བཅའ་བ་ལུས་ཀྱིས་གནད། སྒལ་ཚིགས་དྲང་པོ་བསྲོང༌། འབུད་པ་རླུང་གི་གནད༌། རླུང་སྣ་བུག་གཡས་ནས་དྲང་པོར་གཡོན་དུ་འབུད། བསྒོམ་པ་བྱིན་རླབས་ཀྱིས་གནད། རང་ཉིད་འཕགས་པ་འཇམ་དཔལ་ཁྲོ་བོར་བསྒོམ་པའི་སྤྱི་བོར་རྩ་བའི་བླ་མ་བསྒོམ། བཟླས་པ་སྔགས་ཀྱི་གནད། དྲག་སྔགས་འབྲུག་ལྟར་སྒྲོག །རྟེན་འབྲེལ་རྫས་ཀྱི་གནད། རང་གི་རྐང་པས་རྒྱུད་ཁུགས་གཉིས་སུ་མཆིལ་མ་བཏབ་སྟེ་འཕུར་བའི་དྲེག་པ་ལག་གཡོན་པའི་སྲིན་ལག་གིས་བླངས་ཏེ། བྱུགས་པ་བུ་གའི་གནད་བུ་ག་དགུ་དང༌། །བཅུ་དྲུག་འཛོམ་ཞེས་དྲུག་མདོར་བྱུག་གོ །འབྱེད་གཅོད་སྒོའི་གནད། །ཕྱི་སྒོག་མ་ཕྱེ་ཟས་མ་ཟོས་བའི་གོང་དུ་བྱའོ། །གདབ་པ་སྒྲའི་གནད། །སྐན་སྒྲ་དྲག་པོ་ལན་གསུམ་བརྡབ། །ཕྱིར་བཟློག་ཐེབས་ཀྱི་གནད། སྤྱི་བོར་ཐལ་མོ་ལན་གསུམ་བརྡབ། རྐང་པ་གཡས་པའི་མཐེ་བོང་གིས། གཡོན་པའི་མཐེ་བོང་གི་རྩེ་མོ་མནན། ཚངས་པའི་འཇིག་རྟེན་མན་ཆོད་ཀྱི་རང་ལ་གནོད་པ་ཐམས་ཅད་དང་སྲིད་གསུམ་ཟིལ་གྱི་མནན་པར་བསྒོམ། ཤིན་ཏུ་རྟོག་པ་ཆེ་ན་གོས་མགོ་མཇུག་ལྡོག །བཟླས་སྒོམ་རྒྱུན་ཆད་མེད་པར་བྱས་ན་ཉམ་ང་བའི་གནོད་པ་ཐམས་ཅད་ཐུབ་པར་ངེས་པའི་གདམས་པ་ཟབ་མོ་ཡིན་ནོ། །དགྲ་གདོན་བགེགས་ཀྱི་གནོད་པ་དང༌། བྱད་ཕུར་རྦོད་གཏོང་ཐན་ལྟས་རྨི་ལམ་ངན་པ་གཟའ་སྐར་དུས་སྦྱོར་ཕྱོགས་ངན་པ། གྲིབ་དང་མི་གཙང་འོག་གི་ནད་རིམས་ཡམ་རིམས་དུག་དང་མནོལ་བཙོག་ཟས་གོས་ལ་སོགས། མདོར་ན་འཇིགས་ཤིང་ཉམ་ང་བག་ཚ་བ་ཐེ་ཚོམ་དང་རྣམ་རྟོག་སྐྱེ་ཞིང་ཁུ་འཕྲིག་ཟ་བའི་རིགས་གང་གིས་ཀྱང་མི་ཐུབ་ཅིང་འཇོམས་པར་མི་འགྱུར་ན་ར་ཀན། ས་མ་ཡཱཿ རང་ཉིད་སྲུང་བ་ཁོ་ན་ལས། །གཞན་ལ་སྔགས་སོགས་གདབ་མི་བྱ། །ཅི་ཕྱིར་སྔགས་ནུས་ཅུང་ཟད་ཉམས། །དགྲ་གསོད་ལས་མཐའ་ཐུགས་ལ་གབ། །སྐྱེས་བུ་རང་གི་ཉམས་ལེན་ནོ།། །།