ཡང་གསང་འཛིན་པ་རང་གྲོལ་ལསཿ བྱིན་རླབས་དབང་ཆོག་སྡུག་བསྔལ་ནད་སེལཿ

From Khyentse Lineage - A Tsadra Foundation Project
DKYD-DZINDROL-057
Wylie title yang gsang 'dzin pa rang grol las byin rlabs dbang chog sdug bsngal nad sel DKYD-DZINDROL-057.pdf
Location mdo mkhyen brtse 'dzin grol
Volume 1, Text 57, Pages 643-659 (Folios 1a1 to 9a5)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. Yang gsang 'dzin pa rang grol las byin rlabs dbang chog sdug bsngal nad sel. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 643-659. Delhi: Shechen Publications, 2020.
Genre Empowerment Ritual - dbang chog - dbang skur
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ཨ་ཙར་དམ་པ་ནག་པོས་གསུང་བཞིན་དག་པར་བསྒྱུར་བའི་ཡི་གེའི་འདུ་བྱེད་སློབ་བུ་འོད་ཟེར་མིང་གི་བགྱིས་པ་ཤིན་ཏུ་བྱིན་རླབས་ཆེའོ། དགེའོ།།

bdag 'dra dus mtha'i gter smyon khrag 'thung a tsar dam pa nag pos gsung bzhin dag par bsgyur ba'i yi ge'i 'du byed slob bu 'od zer ming gi bgyis pa shin tu byin rlabs che'o/_dge'o//

[edit]

༄༅། །སུ ཥྛུ གོ ཧྱཾ དྷཱ ར ཡ མུ ཀྟ བེ ཤ ནྟ ཿ ཨི ནྡྲ ཥི ཉྩ དུ ཿ ཁཾ གོ ར ཡ ཝི བི ཧ ར ཏི སྨ ། །།

ྈ ཡང་གསང་འཛིན་པ་རང་གྲོལ་ལསཿ བྱིན་རླབས་དབང་ཆོག་སྡུག་བསྔལ་ནད་སེལ་བཞུགསཿ ཿ

ྈ ཡེ་ཤེས་ཌཱཀྐི་གསང་ཡེ་མརཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ འགྲོ་བའི་སྡུག་བསྔལ་སེལ་བའི་སྨནཿ བྱིན་རླབས་དབང་ཆོག་ཟབ་མོ་བསྟནཿ ཟབ་མོ་གཅོད་ཀྱི་རིང་ལུགས་འགྲོ་བའི་སྡུག་བསྔལ་སེལ་ཞིང་བདེ་བ་མཆོག་གི་ལམ་ལ་འགོད་པའི་ཐབས་དུ་མར་བསྟན་པའི་ནང་ཚན་ལསཿ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་འབྱུང་པོའི་ཁ་རླངས་སོགས་ཀྱི་ནད་གདོན་སེལ་ཞིང་སྒོ་གསུམ་བྱིན་གྱིས་རློབ་པའི་གདམས་པ་ལཿ དཀྱིལ་འཁོར་ཡུལ་དུས་དང་བསྟུནཿ དབུས་སུ་ཐོད་པ་བདུད་རྩིས་གཏམས་པཿ གཡས་སུ་བུམ་པ་འོ་ཆབ་ཀྱིས་གཏམས་པཿ གཡོན་དུ་སྡེ་ལྔའི་གཏོར་མ་བཀོདཿ ཅི་རིགས་པའི་མཆོད་པས་མཐའ་ནས་བསྐོར་ཞིངཿ ཐོག་མར་སྒྲུབ་པའི་རིམ་པ་ནིཿ ན་མོཿ བླ་མ་མཁའ་འགྲོ་དབྱེར་མེད་ལཿ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངསཿ མ་དག་སེམས་ཅན་ཀུན་སྒྲོལ་ཕྱིརཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ ཕྱི་སྣོད་དྷུ་མ་ཐ་ལའི་ཞིངཿ རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ པདྨ་ཉི་མ་རོ་ཡི་གདནཿ རང་ཉིད་དམ་པ་ནག་པོ་ནིཿ དབུ་སྐྲ་ཁྲག་འཐུང་དྲུག་ཅུ་ཡིཿ ལྕང་ལོ་ཟར་བུ་ཐུར་དུ་འཁྲོལཿ སྤྱན་གསུམ་འབྲུ་ཚུགས་ནམ་མཁར་གཟིགསཿ ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབཿ གཡོན་པས་མི་རྐང་གླིང་བུ་འབུདཿ ཞལ་ནས་ཧཱུྃ་ཕཊ་གད་རྒྱངས་སྒྲོགཿ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབསཿ སྟག་ལྤགས་ཤམ་ཐབས་རུས་རྒྱན་གསོལཿ གཟི་བརྗིད་འོད་ཟེར་འབར་བར་བཞུགསཿ སྙིང་གར་ཌཱཀྐི་གསང་ཡེ་མཿ དམར་གསལ་ཞི་མ་ཁྲོ་ཡི་ཉམསཿ དབུ་སྐྲ་ཐོར་ཚུགས་ཕྱེད་ཐུར་གཟརཿ རཏྣ་སྣ་ཚོགས་རུས་པས་བརྒྱནཿ ཕྱག་གཡས་ཅང་ཏེའུ་ནམ་མཁར་འཁྲོལཿ རབ་འབྱམས་ཞིང་ཁམས་ཐུགས་རྒྱུད་བསྐུལཿ གཡོན་པས་ཐོད་པ་བདུད་རྩི་སྟོབསཿ ཞབས་གཉིས་སེམས་དཔའི་གར་སྟབས་སྒྱུརཿ ཌཱཀྐི་འབུམ་གྱི་འཁོར་གྱིས་བསྐོརཿ སྤྱི་བོར་རིགས་བདག་ཐོད་ཕྲེང་རྩལཿ བརྟུལ་ཞུགས་ཆེན་པོའི་ཉམས་དང་ལྡནཿ བུམ་པར་བདེ་ཆེན་དཀར་མོ་ནིཿ རིག་འཛིན་མཁའ་འགྲོའི་ཆ་བྱད་ཅནཿ ཕྱག་ན་སྨན་གྱི་བུམ་པ་ཐོགསཿ མདུན་དཀྱིལ་ཁྲོས་མ་ལྷ་ལྔ་མཿ རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལཿ ཧྲཱིཿ རྣམ་གྲོལ་དབུགས་ཆེན་འབྱིན་ཞིང་ནསཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགསཿ དམ་ཚིག་པ་དང་དབྱེར་མེད་འདྲེསཿ བརྟུལ་ཞུགས་ཟིལ་གནོན་ཆེན་པོ་ཡིསཿ ཁམས་གསུམ་གུས་པས་ཕྱག་བགྱི་འོཿ ཕྱི་དང་ནང་དང་གསང་བ་མཆོགཿ བདེ་བ་ཆེན་པོའི་མཆོད་པ་འབུལཿ ཨོཾ་བཛྲ་པུཥྤེ་སོགས་ནས་ཤབྡ་མ་ཧཱ་པཱུ་ཛ་སུ་ཁ་ཨ་ཧོཿ ཧྲཱིཿ སངས་རྒྱས་ཀུན་དངོས་བླ་མ་རྡོ་རྗེ་འཆངཿ དཀྱིལ་འཁོར་གཙོ་བོ་ཌཱཀྐི་གསང་ཡེ་མཿ ཡེ་ཤེས་ལྔ་རྫོགས་བདུད་འདུལ་ལྷ་ལྔ་སྟེཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་རུཿ ཉི་ཟླའི་གདན་དུ་དགའ་འཁྱིལ་དབུསཿ ཨཿཡིག་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིསཿ རྒྱལ་རྣམས་མཆོད་ཅིང་བྱིན་རླབས་བསྡུསཿ སྣོད་བཅུད་དག་པའི་ཞིང་དུ་གྱུརཿ དྲང་སྲོང་རིག་འཛིན་སྨན་བཅུད་བསྡུསཿ བདག་དང་དཀྱིལ་འཁོར་ལ་ཐིམ་པསཿ བྱིན་རླབས་ནུས་པ་བཅུད་དུ་དྲིལཿ ཁམས་གསུམ་གསོ་བའི་ནུས་ལྡན་གྱུརཿ ཨཱཿཧ་རི་ནི་ས་མ་ཧཱ་བྷཱཻ་ཥཛྱེ་སརྦ་སིདྡྷི་ཧཱུྃཿ ཅི་ནུས་བཟླས་ཤིང་ནུས་ལྡན་བསྒྲུབཿ བདག་ཉིད་དམ་པ་ནག་པོ་ཡིཿ སྐུ་ལས་བྱིན་རླབས་འོད་ཟེར་ནིཿ མེ་ཡི་ཚྭ་ཚྭ་ལྟར་འཕྲོས་པསཿ དམིགས་པའི་ཡུལ་དུ་གྱུར་ཀུན་གྱིཿ ནད་རིམས་བག་ཆགས་མ་ལུས་བསྲེགསཿ ཆོས་ཉིད་སྟོང་པའི་ངང་དུ་གཏོརཿ གནོད་བྱ་གནོད་བྱེད་བྲལ་བར་དམིགསཿ ཨོཾ་ཨཱཿས་ར་ན་སརྦ་ཛྭ་རེ་དུཥྚཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ བཟླ་ཞིང་ཆོས་ཉིད་ངང་མདངས་སྐྱོངཿ སྔགས་ཀྱིས་མཆོད་ཅིང་གོང་ལྟར་བསྟོདཿ རིགས་བདག་སྐུ་ལས་བདུད་རྩིའི་རྒྱུནཿ བབ་ཅིང་ལུས་ཀུན་མེར་གྱིས་གངཿ སྒྲིབ་བཞི་དག་ཅིང་དབང་བཞི་རྫོགསཿ དངོས་གྲུབ་མཆོག་ཐོབ་སྐུ་བཞིར་སྨིནཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ ཀཱ་ཡ་ཝཱཀ྄་ཙིཏྟ་སིདྡྷི་ཕ་ལ་ཧོཿ ལན་བདུན་བཟླས་པས་བདག་དབང་བླངཿ གཉིས་པ་གཞན་དོན་དབང་སྐུར་ནཿ བསྲུང་བྱར་གྱུར་ཀུན་མདུན་དུ་འཁོདཿ གཙང་མའི་ཆབ་ཀྱིས་ཁྲུས་བྱ་ཞིངཿ ཧཱུྃཿ མཱ་མ་ཀཱི་ཡི་མཁའ་ཀློང་ནསཿ བྱུང་བའི་དག་བྱེད་ཆུ་རྒྱུན་གྱིསཿ བསྲུང་བྱའི་སྒོ་གསུམ་དྲི་མ་བཀྲུཿ གཟུང་འཛིན་བག་ཆགས་དག་གྱུར་ཅིགཿ བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ དྲི་ཁུའི་གླུད་གཏོར་བྱ་ཞིངཿ རང་ཉིད་དམ་པ་ནག་པོའི་ཐུགས་ཀ་ནསཿ འོད་བྱུང་བསྲུང་བྱར་ཕོག་པས་ཤ་ཁྲག་རུསཿ མེར་གྱིས་ཞུ་བ་གཏོར་མའི་ནང་དུ་སོངཿ འདོད་ཡོན་ལྔ་ལྡན་གླུད་གཏོར་གྲངས་མེད་པཿ ནམ་མཁའ་མཛོད་ཀྱི་གཏེར་ལྟར་མཛད་མེད་གྱུརཿ ཨོཾ་ཨཱཿཧཱུྃཿ ལན་གསུམཿ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། ཁཾ་གྷྲི་ཧ་ཎ་དཾ་བ་ལྱ་དི་ཧ་ཧོ་ཧྲཱིཿ ཀྱཻཿ ཕ་མའི་རང་བཞིན་འགྲོ་བ་འདི་དག་ལཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ སྲོག་ལུས་དབང་ཐང་ལན་ཆགས་མ་འཁོར་བའིཿ བགེགས་དང་ནད་རིམས་བདག་པོ་བདག་མོའི་རིགསཿ མཆོད་སྦྱིན་འདོད་ཡོན་ལྔ་ལྡན་གླུད་གཏོར་འདིཿ ལོངས་ལ་དགའ་མགུ་ཡི་རངས་ཚིམས་པར་གྱིསཿ ཕྱིན་ཆད་གདུག་རྩུབ་བསམ་ངན་ཀུན་ཞི་ནསཿ ཞི་བ་བྱང་ཆུབ་སེམས་དང་ལྡན་པར་གྱིསཿ ཟག་བཅས་ཤ་ཁྲག་སྒྱུ་མའི་གྲོང་ཁྱེར་ཞིགཿ སྦྱིན་པ་རྒྱ་ཆེན་རྒྱུན་མི་ཆད་པར་བསྔོཿ སེམས་ནི་དངོས་མེད་ནམ་མཁའ་ལྟ་བུ་ལཿ གནོད་བྱ་གནོད་བྱེད་བྲལ་བ་ཤེས་པར་གྱིསཿ གདོན་ཁྱོད་དགའ་མགུ་ཡི་རང་གནས་གཞན་གཤེགསཿ སརྦ་བྷཱུ་ཏ་གཙྪཿ ཅེས་གླུད་གཏོར་རྒྱང་རིང་བར་དོརཿ དེ་ནས་སློབ་བུ་ཡིད་ཆེས་ཀྱི་ལོ་རྒྱུས་བརྗོད་པ་ནིཿ འོཿ ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱཿ དེའི་ཆེད་དུ་འགྲོ་ལ་ཕན་པའི་གདམས་པ་ཟབ་མོ་ཞུ་ཞིང་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སྒོ་ནས་ལེགས་པར་གསན་འཚལཿ དེ་ཡང་ཇི་སྐད་དུཿ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའཿ སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལཿ གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ནཿ ཕྱིས་ནས་ཡང་དག་འབྱོར་བར་ག་ལ་འགྱུརཿ ཞེས་གསུངས་པ་ལྟརཿ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ལྷག་པའི་ལུས་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ་པའི་དུས་འདིར་རང་གཞན་གྱི་དོན་གཉིས་འགྲུབ་ཅིང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པའི་ཐབས་ལ་འབད་དགོསཿ དེའང་གནས་སྐབས་ཀྱི་འགལ་རྐྱེན་ཞི་ཞིང་མཐར་ཐུག་བྱང་ཆུབ་ཀྱི་ས་དང་ལམ་ལ་བར་དུ་གཅོད་པ་ལས་ཐར་པའི་ཐབས་ཁྱད་པར་ཅན་ལ་བརྟེན་དགོས་པ་ཡངཿ མགོན་པོ་ཀླུ་སྒྲུབ་ཀྱིསཿ གྲུ་ལ་བརྟེན་ནས་ཆུ་བོའི་ཕ་རོལ་སྒྲོལཿ དཔུང་ལ་བརྟེན་ནས་དགྲ་ལས་རྒྱལ་བ་ལྟརཿ ནད་གདོན་བགེགས་ལས་གྲོལ་བའི་ཐབས་ལ་འབདཿ ཅེས་གསུངས་པ་ལྟརཿ བདུད་སྡེ་དང་བར་ཆད་ཀྱི་གཡུལ་ལས་རྒྱལ་ཕྱིརཿ ཨོ་རྒྱན་ཆེན་པོའི་གདམས་པ་ཇི་སྙེད་ཅིག་གསུངས་པའི་ནང་ཚན་ལསཿ ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་ལོ་རྒྱུས་ནིཿ རྒྱ་གར་གྱི་ཡུལ་ཀ་མ་ཤཱི་ལ་ཞེས་པར་རྒྱལ་རིགས་བྷ་ར་དྷྭ་ཛ་དང་བྲམ་ཟེ་བུ་མོ་ལེགས་འབྱིན་མ་གཉིས་ཀྱི་སྲས་སུཿ གུ་རུའི་བྱིན་གྱིས་བརླབས་པའི་ཐུགས་སྤྲུལ་ཁྱེའུ་ངོ་མཚར་བ་ཞིག་འཁྲུངས་པ་ལོ་གསུམ་ནས་འཇམ་དཔལ་དབྱངས་ཀྱི་བྱིན་གྱིས་བརླབསཿ ལོ་བདུན་གྱི་དུས་སུ་སྤྲུལ་གཞི་གུ་རུ་ཉིད་དང་མཇལཿ བདུད་རྩི་བུམ་པས་ཁྲུས་མཛདཿ ཕ་མའི་མངལ་གྱི་དྲི་མ་ཀུན་བྱང་ནས་རིགས་སྲས་ཀྱི་སྤྲུལ་པའི་སྐུར་བསྒྱུརཿ སྦྱངས་པའི་ཡོན་ཏན་མཐར་ཕྱིནཿ དུར་ཁྲོད་བསིལ་བའི་ཚལ་དུ་ཡེ་ཤེས་མཁའ་འགྲོ་མ་དང་མཇལ་ཞིང་དབང་བསྐུར་བྱིན་གྱིས་བརླབསཿ སློབ་དཔོན་བདེ་བའི་སྙིང་པོ་ལས་གྲོང་འཇུག་གི་གདམས་པ་གསན་ནས་བོད་དུ་ལན་གསུམ་བྱོན་པའི་ཐ་མརཿ འགྲོ་དོན་དུས་ལ་བབ་ཚེ་ཐོད་པ་བྷ་དྲ་ལ་གྲོང་འཇུག་གི་གདམས་པ་གནང་ནས་ཞབས་ཏོག་དུ་ཁྲིད་ནས་ཁོས་ཕྱི་ཆོས་ཐོས་ཀྱང་ནང་གི་རང་རྒྱུད་མ་ཐུལཿ རྒྱ་བལ་གྱི་ས་མཚམས་བྱང་གླིང་ཆེན་པོ་རུ་འདམ་ཆེན་གྱི་ཁྲོད་དུ་གླང་ཆེན་གྱི་རོ་རུལ་བ་ལ་སེམས་ཅན་མང་པོ་ཉམས་ཉེས་པ་གཟིགས་ནསཿ སྐུ་ལུས་ཉེར་གནས་ལ་བཅོལ་ཞིང་གླང་ཆེན་གྱི་རོ་ལ་གྲོང་འཇུག་མཛད་ཅིང་བདེ་བའི་གནས་སུ་བསྐྱལ་བའི་ཤུལ་དུཿ ཐོད་པ་བྷ་དྲས་ལོག་བསམ་སྐྱེས་ཤིང་དམ་པའི་སྐུ་ལུས་སུ་ཞུགས་ནས་དམ་པ་ཡིན་བློས་བོད་ཡུལ་དུ་སོང་ནས་ལབ་སྒྲོན་གཙོར་མཛད་མཆོག་དམན་ཐམས་ཅད་མགོ་བོ་རྨོངས་པར་བྱས་སོཿ དམ་པ་རིན་པོ་ཆེ་ཕྱིར་བྱོན་རང་གི་སྐུ་ལུས་ནི་མེད་ཨ་ཙར་བྷ་དྲའི་རོ་ཡོད་པར་གཟིགས་ཚེ་ཁོས་སྐུ་ལུས་ཕྲོགས་པར་མཁྱེན་ནས་ཐུགས་ཞུམ་ཞིངཿ འོན་ཀྱང་བྷ་དྲའི་ལུས་ངན་ལ་མི་ཞུགས་ཐབས་མེད་ཀྱིས་འཇུག་པར་མཛད་ཅིངཿ ཁོའི་ལུས་གྲིབ་དང་སྐུ་ལུས་ཕྲོགས་པའི་ལས་སྒྲིབ་ཀྱིས་ཅུང་ཟད་ཐུགས་རྨོངས་ཤིང་འཐིབ་པར་གྱུར་པ་དེའི་ཚེ་སྤྲུལ་གཞི་གུ་རུ་ཐོད་ཕྲེང་རྩལ་ལྷ་ལྕམ་ཡུམ་དང་མཁའ་འགྲོའི་ཚོགས་བཅས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བྱོན་ནསཿ བདུད་རྩི་བུམ་པའི་ཆུ་དང་སྐུ་ལུས་ལས་བྱུང་བའི་བདུད་རྩིས་གྲིབ་དང་མ་དག་པའི་ཉེས་ཚོགས་དག་པར་མཛད་ཅིང་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་སྨིན་པར་མཛདཿ ཟབ་ལམ་གྱི་གདམས་པ་ངོ་སྤྲོད་ཀྱི་གསལ་གདབཿ ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་དྲུང་དུ་ལུང་བསྟན་པ་ལྟར་བྱོན་ཅིངཿ སྐུ་ལུས་རྡོ་རྗེ་ལྟར་གྱུར་ཅིང་དབང་བཞི་རྫོགས་པར་མཛད་ནས་མ་ཅིག་གྲུབ་པའི་རྒྱལ་མོས་འཆི་མེད་ཚེའི་དབང་བསྐུརཿ སླར་ཡང་གུ་རུ་ཉིད་དང་གསང་བ་ཡེ་ཤེས་ཀྱིས་འཛིན་པ་རང་གྲོལ་གྱི་དབང་བསྐུར་ཞི་བྱེད་ཀྱི་གདམས་པ་མ་ལུས་པ་གནང་ཞིང་གྲུབ་བརྙེས་རིག་འཛིན་མཆོག་ཏུ་གྱུརཿ ཕྱི་ནང་གི་སྟོན་པ་འགའ་ལས་ཟབ་གནད་ཀྱི་མན་ངག་དུ་མ་ཡང་བླངསཿ སླར་བོད་དུ་བྱོན་ཞིང་གཟུགས་ཅན་གཟུགས་མེད་ཀྱི་འགྲོ་བ་མང་པོའི་དོན་མཛདཿ མཚོ་རྒྱལ་སྤྲུལ་པ་ལབ་ཀྱི་སྒྲོན་མ་དང་འཕྲད་ཅིང་བོད་དུ་འགྲོ་དོན་འབྱུང་བའི་རྟེན་འབྲེལ་འགྲིགས་ཤིང་ཞི་གཅོད་ཀྱི་གདམས་པས་སྐལ་ལྡན་གྱི་གདུལ་བྱ་འགའ་འགས་ལུས་མ་སྤང་བར་མཁའ་སྤྱོད་དུ་གཤེགསཿ ཐུན་མོང་མ་ཡིན་པའི་གདམས་པ་ཀུན་ཌཱཀྐིའི་བརྡ་རིས་ཆེན་མོར་བཏབ་ཅིང་ཌཱཀྐིའི་གཙོ་མོའི་ཐུགས་ཀློང་དུ་སྦས་ཤིང་སྤྲུལ་གཞི་གུ་རུ་ཉིད་ཀྱི་སྨོན་ལམ་གཏད་རྒྱ་མཛད་ནསཿ མ་འོངས་ལྷ་ལྕམ་སྤྲུལ་པས་འགྲོ་དོན་མཛད་ཚེ་སྨོན་ལམ་བཏབ་པ་དུས་རྟགས་མངོན་གྱུར་གྱི་སྐབས་སུ་གཏེར་སྟོན་ཁྲག་འཐུང་དཔའ་བོ་དམ་པ་ནག་པོའི་རིག་པའི་ཀློང་དུ་དབྱེར་མེད་འདྲེས་ཤིང་བརྡ་རིས་ལས་དབབ་པའི་ནང་ཚན་ལསཿ གཞན་དོན་རྐྱེན་སེལ་དབང་གི་ཆོ་ག་སྒྲུབ་པ་ལ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་འབུལཿ གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོདཿ ཀྱེཿ འགྲོ་བའི་སྡུག་བསྔལ་སྐྱོབ་པའི་མགོནཿ བརྟུལ་ཞུགས་གྲུབ་པ་ཧེ་རུ་ཀཿ བདག་ཅག་སྡུག་བསྔལ་ལས་བསྒྲལ་ཕྱིརཿ ཁྱོད་ཀྱིས་རྗེས་སུ་གཟུང་དུ་གསོལཿ རྒྱུད་དག་པར་བྱ་བའི་ཕྱིར་ཡན་ལག་བཅུ་པ་ནིཿ སྐྱབས་གནས་བླ་མ་རྩ་གསུམ་ལཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ སྡིག་སྒྲིབ་དག་ཕྱིར་ཕྱག་འཚལ་ལོཿ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལཿ སྡིག་ལྟུང་དམ་ཚིག་ཉམས་ཆག་བཤགསཿ སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེདཿ རྣམ་དཀར་དགེ་ལ་རྗེས་ཡི་རངསཿ བདག་ཅག་རྗེས་སུ་འཛིན་པར་སྐུལཿ སེམས་ཅད་དོན་དུ་བཞུགས་གསོལ་འདེབསཿ འཁྲུལ་པའི་སེམས་ཅན་དྲག་པོས་སྒྲོལཿ དགེ་རྩ་ཅི་སྙེད་མཆིས་པ་ཀུནཿ འགྲོ་བའི་དོན་དུ་ཡོངས་སུ་བསྔོཿ ལན་གསུམ་བརྗོད་ཅིངཿ དངོས་གཞིའི་དབང་བསྐུར་བ་ནིཿ ཕཊཿ དམིགས་ཡུལ་ཤ་ཁྲག་ལུས་ཀྱི་ཕུང་པོ་དེཿ ཉིལ་གྱིས་ཞིག་པས་སྟོང་གསུམ་འཇིག་རྟེན་ཁྱབཿ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་གྱུརཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་རྣམས་ལཿ སྦྱིན་པས་ཟོས་འཐུངས་དགའ་མགུ་ཡི་རངས་ཚིམསཿ བྱང་ཆུབ་སེམས་ལྡན་གདུག་སེམས་ཀུན་ཞི་ཞིངཿ མཐར་ཐུག་ཡུམ་གྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ དམིགས་པ་མ་ཟིན་བར་དུ་བརྗོདཿ སློབ་བུའི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་སློབ་དཔོན་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་སྒྲིབ་གཉིས་བྱང་ཞིང་ཕྱིར་འཐོན་པ་ལསཿ ཁྱེད་རང་རྣམས་སྐད་ཅིག་གཅིག་གིས་ཌཱཀྐི་བདེ་ཆེན་དཀར་མོ་དུང་ཕྱིས་པའི་མདོག་ཅན་ཞི་མ་ཁྲོ་ཉམས་དང་ལྡན་ཞིང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་མཁའ་འགྲོའི་ཆ་ལུགས་སྐུ་ལ་རྫོགས་པར་སྒོམསཿ སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྱན་དྲངས་ཤིང་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་དངོས་གྲུབ་ཐོབ་པར་མོས་ལཿ ན་མོཿ བཞེངས་ཤིག་བཞེངས་ཤིག་བླ་མ་མཁའ་འགྲོ་དངཿ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་གཤེགས་སུ་གསོལཿ མོས་པའི་བུ་ལ་བྱིན་གྱིས་བརླབ་ཏུ་གསོལཿ ནད་གདོན་འགལ་རྐྱེན་བར་ཆད་ཀུན་བསལ་ཞིངཿ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དངཿ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལཿ གུ་རུ་བཛྲ་ཛྙཱ་ན་ཌཱཀྐི་ནཱི་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾཿ བྱིན་དབབཿ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ བརྟན་པར་བྱཿ བུམ་པ་སྤྱི་བོར་བཞག་ལཿ བདེ་ཆེན་ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མའིཿ སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་ཆུསཿ ཁྱེད་ཀྱི་ལུས་གང་ནད་གདོན་དྲི་མ་དགཿ ཟག་པ་མེད་པའི་བདེ་བ་མཆོག་ཐོབ་ཅིངཿ བུམ་པ་ལྷ་ཡི་དབང་མཆོག་ཐོབ་པར་ཤོགཿ བཛྲ་ཌཱཀྐི་ནཱི་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃཿ བདུད་རྩི་ཐོད་པས་དབང་བསྐུར་ཞིངཿ ཧཱུྃ་ཧྲཱིཿ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནསཿ རྗེ་བཙུན་གུ་རུ་པདྨ་ཐོད་ཕྲེང་རྩལཿ ཡུམ་ཆེན་གསང་བ་ཡེ་ཤེས་མཁའ་འགྲོའི་ཚོགསཿ རྡོ་རྗེ་ཕག་མོ་ཞིང་ཁམས་དབང་བསྒྱུར་ཅིངཿ རིག་འཛིན་གྲུབ་བརྙེས་དཔའ་བོ་མཁའ་འགྲོའི་ཚོགསཿ སྐལ་ལྡན་མོས་པའི་བུ་ལ་བྱིན་ཆེན་ཕོབཿ དབང་མཆོག་སྐུར་ལ་དངོས་གྲུབ་མཆོག་སྩོལ་ཅིགཿ ནད་གདོན་སྡིག་སྒྲིབ་སྒྲིབ་གཉིས་བག་ཆགས་དགཿ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དངཿ ཉམས་དང་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལཿ རྡོ་རྗེ་བཞི་ཡི་འབྲས་བུ་ཐོབ་པར་ཤོགཿ ཨཱཿཧ་རི་ནི་ས་མ་ཧཱ་བྷཻ་ཥཛྱེ་སརྦ་སིདྡྷི་ཧཱུྃཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ ལྷ་ཚོགས་སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུནཿ མགྲིན་པ་ནས་ཞུགས་རྩ་ཁམས་ཡོངས་གང་ཞིངཿ འཆི་བ་མེད་པ་ཚེ་ཡི་རིག་འཛིན་འགྲུབཿ རྡོ་རྗེའི་སྲོག་ལ་རང་དབང་ཐོབ་པར་ཤོགཿ ཨཱཿཧ་རི་ནི་ས་མ་ཧཱ་བྷཻ་ཥཛྱེ་སརྦ་སིདྡྷི་ཧཱུྃཿ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ་ཡུར་སིདྡྷི་ཧཱུྃཿ ཐོད་པ་སྙིང་གར་བཞག་ལ་རིག་པ་གཏད་ཅིངཿ རྒྱལ་བའི་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིནཿ ཐུགས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབངཿ བསྐུར་ཐོབ་བྲལ་བའི་བྱིན་རླབས་སེམས་ལ་ཞུགསཿ མཐར་ཐུག་ཕྱིར་མི་ལྡོག་པའི་ས་ཐོབ་ཤོགཿ ཨཱཿཧ་རི་ནི་ས་མ་ཧཱ་བྷཻ་ཥཛྱེ་སརྦ་སིདྡྷི་ཧཱུྃཿ ཙིཏྟ་ཨ་བྷི་ཥིཉྩ་ཧོཿ གཏོར་མས་དབང་བསྐུར་ཞིངཿ ཧྲཱིཿ མ་ཅིག་ཡུམ་ཆེན་ཁྲོས་མ་ལྷ་ལྔ་མཿ ཡེ་ཤེས་རོལ་པའི་རྣམ་འགྱུར་སྣ་ཚོགས་སྟོནཿ འགྲོ་བའི་འཁྲུལ་སྣང་ལོག་རྟོག་དབྱིངས་སུ་སྒྲོལཿ ལྔ་ཕྲག་ཐ་མའི་འགྲོ་བ་སྡུག་བསྔལ་ཞིངཿ ནད་རིམས་གདོན་དང་རྒྱ་འདྲེ་ཁ་རླངས་འཚུབསཿ ཁྱོད་ལས་སྐྱོབ་པའི་ལྷ་གཞན་མ་མཆིས་པསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྩལ་ཤུགས་ཀྱིསཿ ངོ་མཚར་རྟགས་དང་མཚན་མ་བསྟན་པ་དངཿ རྐྱེན་ངན་ཞི་ཞིང་ཚེ་དང་བསོད་ནམས་འཕེལཿ སྣང་བ་དབང་འདུས་འབྱུང་པོ་ཚར་གཅོད་པའིཿ བྱིན་ཆེན་ཕོབ་ལ་དབང་མཆོག་སྐུར་དུ་གསོལཿ ཨཱཿཧ་རི་ནི་ས་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མཿ ཡུམ་ཆེན་གསང་བ་ཡེ་ཤེསཿ མཁའ་འགྲོ་རྡོ་རྗེ་ཕག་མོཿ སྟོན་པ་དྲི་མ་མེད་པཿ སློབ་དཔོན་དགའ་རབ་རྡོ་རྗེཿ རིག་འཛིན་པདྨ་ཀཱ་རཿ ལྷ་ལྕམ་མནྡཱ་ར་བཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལཿ མ་ཅིག་གྲུབ་པའི་རྒྱལ་མོཿ ཕ་ཅིག་དམ་པ་རྒྱ་གརཿ མ་ཅིག་ལབ་ཀྱི་སྒྲོན་མཿ སྲས་མོ་ལ་འདུས་སྒྲོན་མཿ ཐུགས་སྲས་རྒྱ་ནག་གཅེར་བུཿ གཏེར་ཆེན་ཁྲག་འཐུང་དཔའ་བོཿ གཉེར་འཛིན་ཏཱ་རེ་ལྷ་མོཿ བདེ་བ་དབྱིངས་ཀྱི་སྒྲོན་མཿ ཆོས་བདག་རིག་འཛིན་སྐྱེས་བུཿ འཛིན་པ་རང་གྲོལ་ཞི་གཅོད་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིགཿ ཡི་དམ་བདུད་འདུལ་ཁྲོས་མ་ནག་མོཿ སྐུ་སྤྲུལ་བདེ་ཆེན་དཀར་མོཿ གསུང་སྤྲུལ་དམར་མོ་སྒྲ་སྒྲོགཿ ཡོན་ཏན་སེར་མོ་དོན་གྲུབཿ ཕྲིན་ལས་སྣ་ཚོགས་མཐར་ཕྱིནཿ ཡེ་ཤེས་ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིགཿ གཞན་ཡང་ཕ་བརྒྱུད་ཐབས་ཀྱི་བརྒྱུད་པཿ མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པཿ སྲས་བརྒྱུད་ཉམས་ཀྱི་བརྒྱུད་པཿ ཟབ་མོ་ལྟ་བའི་བརྒྱུད་པཿ རྒྱ་ཆེན་སྤྱོད་པའི་བརྒྱུད་པཿ བླ་མ་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིགཿ རྒྱུ་ཉོན་མོངས་དུག་ལྔཿ རྐྱེན་ན་ཚ་དང་གདོན་བགེགསཿ འབྲས་བུ་རིགས་དྲུག་གི་སྡུག་བསྔལ་དུས་ད་ལྟ་ཉིད་དུ་བྱང་བར་མཛད་དུ་གསོལཿ ནད་མེད་བདེ་བའི་དངོས་གྲུབ་འཇིགས་མེད་རྡོ་རྗེའི་གུར་ཁང་འཆི་མེད་ཚེ་ཡི་རིག་འཛིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལཿ སྨིན་པར་གྱུར་ཅིགཿ གྲོལ་བར་གྱུར་ཅིགཿ བརྟན་པར་གྱུར་ཅིགཿ རྟེན་འབྲེལ་སྙིང་པོ་ལན་གསུམ་བརྗོདཿ གཏང་རག་ཡོན་དུ་མཎྜལ་འབུལཿ ཤིས་པ་བརྗོད་ཅིང་མེ་ཏོག་མཐོརཿ འགྲོ་ཕན་སྙིང་རྗེ་བྱང་ཆུབ་སེམསཿ མཆོག་དང་ལྡན་ཞིང་རང་འདོད་བྲལཿ འཛིན་པ་རང་གྲོལ་རྣལ་འབྱོར་པཿ འདི་ཡིས་འགྲོ་དོན་དཔག་མེད་འབྱུངཿ སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའིཿ འདུ་བ་རྣམ་པ་བཞི་དང་ནིཿ གཉན་རིགས་འགོ་བའི་ནད་ཀྱི་རིགསཿ གདོན་གྱིས་བཏབ་དང་གྲིབ་ཀྱིས་གཟིརཿ ཉོན་མོངས་སྡུག་བསྔལ་དབང་གྱུར་ཀུནཿ འདི་ཡིས་གྲོལ་བར་ཐེ་ཚོམ་མེདཿ འཛིན་པ་རང་གྲོལ་རྣལ་འབྱོར་པསཿ དབང་འདི་ནོད་ཅིང་གཞན་དོན་བྱཿ དད་མེད་གཡོ་སྒྱུ་ཐེ་ཚོམ་ཅནཿ སྔགས་ལ་ལོག་པར་ལྟ་བ་དངཿ བླ་མར་སྡང་ཞིང་ལྟ་ལོག་སྤྱོདཿ སྐལ་བ་དམན་ལ་འདི་སྤེལ་ནཿ ཕན་ཅི་སྲོག་གི་གཤེད་མར་འགྱུརཿ དེ་ཕྱིར་མཁས་པས་འཚོ་ཤེས་བྱཿ མ་འོངས་ལྷ་ལྕམ་ཌཱཀྐི་མརཿ འཕྲད་ནས་འགྲོ་དོན་འབྱུང་བར་ཤོགཿ བཀའ་འདི་གིང་ཆེན་སྡེ་བཞི་དངཿ དུར་བདག་མིང་སྲིང་ཐུབ་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨྠི་ཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ཨ་ཙར་དམ་པ་ནག་པོས་གསུང་བཞིན་དག་པར་བསྒྱུར་བའི་ཡི་གེའི་འདུ་བྱེད་སློབ་བུ་འོད་ཟེར་མིང་གི་བགྱིས་པ་ཤིན་ཏུ་བྱིན་རླབས་ཆེའོ། དགེའོ།། །།