འཛིན་པ་རང་གྲོལ་མན་ངག་ལསཿ དྲག་བསྐུལ་དུག་རླངས་འཚུབས་མ་དངཿ མཐའ་གཏད་སྤུ་གྲི་རེག་གཅོདཿ

From Khyentse Lineage - A Tsadra Foundation Project
DKYD-DZINDROL-053
Wylie title 'dzin pa rang grol man ngag las drag bskul dug rlangs 'tshubs ma dang mtha' gtad spu gri reg gcod DKYD-DZINDROL-053.pdf
Location mdo mkhyen brtse 'dzin grol
Volume 1, Text 53, Pages 541-556 (Folios 1a1 to 8b2)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. 'dzin pa rang grol man ngag las drag bskul dug rlangs 'tshubs ma dang mtha' gtad spu gri reg gcod. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 541-556. Delhi: Shechen Publications, 2020.
Genre Activity Practices - las tshogs
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

གཅོད་མཐུ་དགྲ་བོ་ཕུང་བྱེད་སྐོརཿ ཤིན་ཏུ་གསང་བར་བྱ་སྙམ་ཡངཿ ཌཱ་ཀི་མ་ཡི་བཀས་བསྐུལ་བཞིནཿ དབྱིངས་ཀྱི་རྗེ་མོས་བརྡ་བཀྲོལ་ལྟརཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིསཿ བརྡ་རིས་ངོས་ལས་དག་པར་བསྒྱུརཿ ཤིན་ཏུ་གསང་བའི་སྡེ་ཚན་ནོཿ ཡི་གེར་འདུ་བྱེད་དྲག་སྔགས་ལཿ མོས་ལྡན་རསྨིའི་མིང་གིས་བགྱིསཿ རྣལ་འབྱོར་པ་ལ་སྡང་བའི་དགྲཿ ཐལ་བའི་རྡུལ་དུ་བརླག་པར་ཤོགཿ དགེའོ།།

gcod mthu dgra bo phung byed skor: shin tu gsang bar bya snyam yang: DA ki ma yis bkas bskul bzhin: dbyings kyi rje mos brda bkrol ltar: brtul zhugs a tsar dmar po yis: shin tu gsang ba'i sde tshan no: yi ger 'du byed drag sngags la: mos ldan rasmi'i ming gis bgyis: rnal 'byor ba la sdang ba'i dgra: thal ba'i rdul du brlag par shog: dge'o//

[edit]

༄། །ཨ དྒྲ ཧ ཎཾ སྭོ ྅ ཀྵ ར སྶཾ པྲ ད ཡཱ ཏྟཱི པྲ ཤྩི ད ནཾ ག ར ལཾ བཱ ཥྤ པཱ རཱ ས ཎཱཾ ཀཱོ ཊི ཀ སྶ མ རྦི ཏ ཿ ཁ ཌྒ ཿ པ རཱ མྲྀ ཥྚ ཚི དུ རོ ཏི སྨ ། །།

ྈ འཛིན་པ་རང་གྲོལ་མན་ངག་ལསཿ དྲག་བསྐུལ་དུག་རླངས་འཚུབས་མ་དངཿ མཐའ་གཏད་སྤུ་གྲི་རེག་གཅོད་བཞུགསཿ ཿ

ྈ ཁམས་གསུམ་སྲོག་ལ་དབང་བསྒྱུར་མཐུ་མོ་ཆེཿ ཤ་ཟ་ཁྲག་འཐུང་ཁྲོས་མའི་རྒྱལ་ལ་འདུདཿ སྙིགས་མ་ལྔ་བདོ་དུས་ཀྱི་མར་ཤམ་ནཿ ནག་ཕྱོགས་ཁ་དར་བསྟན་དང་དེ་འཛིན་ལཿ ལོག་ལྟ་དམ་ཉམས་གནོད་སྦྱོར་རྩོམ་པ་མངཿ ཁྱད་པར་ཐུགས་ཐིག་བརྒྱུད་འཛིན་རྣལ་འབྱོར་ལཿ ལོག་ལྟ་སྒྲོ་བསྐུར་དོ་བསྡོ་ཕོད་བཙུགས་པའིཿ བསམ་ངན་སྦྱོར་རྩུབ་དགྲ་བོ་འབྱུང་སྲིད་པསཿ དེ་ཉིད་མངོན་སྤྱོད་དྲག་པོས་མ་བསྒྲལ་ནཿ བསྟན་པ་ཉམས་ཤིང་དེར་འཛིན་ཚོགས་རྣམས་སུནཿ དུས་ངན་སྐྱེ་བོས་བརྙས་བཤུང་རྒྱུར་འགྱུར་བསཿ སྤུ་གྲི་རེག་གཅོད་མཚོན་ཆའི་འཁོར་ལོ་འདིཿ བརྟུལ་ཞུགས་ལྡན་པའི་རྣལ་འབྱོར་མཚོན་ཆར་བསྟནཿ སྙིང་འདྲའི་བུ་ལ་གཅིག་བརྒྱུད་དམ་ཚིག་རྒྱཿ རྣལ་འབྱོར་པ་ལ་དགྲ་བྱུང་ནཿ འཛིན་པ་རང་གྲོལ་གྱི་ཉམས་ལེན་འགྱེད་ཆེན་བཞི་དང་བཅས་རྟགས་ཐོན་དུ་བསྒྲུབས་པའམཿ ཡང་ན་གློ་བུར་ལས་བཅོལ་གྱི་ཚེ་ཁྲོས་མའི་ཟིལ་གནོན་ལ་བརྟེན་ནས་གཙོ་བོར་ལས་དང་དམ་ཚིག་ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཚོགས་རྣམས་དབང་སྡུད་དམིགས་པ་དྲག་པོ་བྱ་ཞིང་དྲག་གཏོར་དུག་ཁྲག་གིས་བྱུགས་པ་ལ་འཁོར་མཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་གྲངས་མེད་ཀྱིས་བསྐོར་བ་ལ་ཤ་རུས་ཁྲག་སྣས་བརྒྱནཿ གྲི་རྡོའམ་དུར་རྡོ་ཟུར་ཅན་ལ་དུག་ཁྲག་དང་རོ་སོལ་གྱིས་བྱུག་པ་དགུ་བཅས་འདུ་བྱས་པ་སྤྲོས་བཅས་དངཿ སྤྲོས་མེད་ལ་རྡོ་ཟོར་གཅིག་པུས་ཀྱང་རུང་ངོཿ རྣལ་འབྱོར་པ་ཁྲོས་མའི་ང་རྒྱལ་དང་ལྡན་པའི་ངང་ནས་ཅང་ཏེའུ་གླིང་བུའི་སྒྲ་དང་བཅསཿ ཕཊཿ རང་རིག་མ་བཅོས་ཟིལ་གནོན་དོན་གྱི་ལྷཿ དམ་པ་རྒྱ་གར་ཨ་ཙར་ནག་པོ་ནིཿ སྤྱན་གསུམ་སྡང་མིག་ཞལ་ནས་ང་རོ་སྒྲོགཿ དབུ་སྐྲ་ཐོར་ཅོག་ལྷག་མ་ས་ལ་བསྙིལཿ སྐུ་ཆེ་ཡན་ལག་རགས་པ་རི་རབ་ཙམཿ གཡས་པས་གནམ་ལྕགས་ཐོ་བ་ནམ་མཁར་ཕྱརཿ གཡོན་པས་སྤུ་གྲི་རེག་གཅོད་རླུང་འཁོར་བསྐོརཿ མི་ལྤགས་སྟོད་གཡོགས་སྟག་གི་ཤམ་ཐབས་ཅནཿ ཞབས་གཉིས་དཔའ་བོ་རོལ་པའི་སྟབས་སུ་འགྱིངསཿ སྐུ་ལས་རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོསཿ འཁོར་འདས་བརླག་པའི་མཐུ་སྟོབས་ནུས་པར་ལྡནཿ ཡེ་ཤེས་ལས་དང་དམ་ཚིག་ཌཱཀྐི་མཿ ཤ་ཟ་ཁྲག་འཐུང་འཇིག་རྟེན་མཁའ་འགྲོའི་ཚོགསཿ སྔགས་སྲུང་ལ་སོགས་མ་མོའི་དམག་ཚོགས་འབུམཿ ཕོ་རྒྱུད་མགོན་པོ་མོ་རྒྱུད་ལྷ་མོ་དངཿ གཟའ་རྒོད་དམ་ཅན་དྲེགས་པ་སྡེ་བརྒྱད་ཚོགསཿ རང་དབང་མེད་པར་སྐྲག་ཅིང་སྲོག་སྙིང་སྐྱུགཿ ཕྱག་འཚལ་བྲོ་བོར་ལས་ལ་འདུས་པར་གྱུརཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ བྷྱོཿ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོ་ནིཿ རབ་འཇིགས་དྲག་པོའི་གནས་མཆོག་ཨུ་ཙ་ལཿ དྲག་པོའི་ཐོད་མཁར་འབར་བའི་གཞལ་ཡས་ནསཿ ཡུམ་ཆེན་བདུད་འདུལ་ཁྲོས་མ་ནག་མོ་ནིཿ ཐུགས་རྗེ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ སྐུ་ལས་སྤྲུལ་པའི་ཟ་བྱེད་ནག་མོ་འབུམཿ གསུང་ལས་སྤྲུལ་པའི་གསོད་བྱེད་དམར་མོ་འབུམཿ ཐུགས་ལས་སྤྲུལ་པའི་སྒྲོལ་བྱེད་མཐིང་ག་འབུམཿ ཡོན་ཏན་སྤྲུལ་པའི་སྲོག་འཕྲོག་སེར་ནག་འབུམཿ ཕྲིན་ལས་སྤྲུལ་པ་ཕུང་བྱེད་ཐལ་མདོག་འབུམཿ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དངཿ མཐུ་ལྡན་ལྷ་གཉན་གནོད་སྦྱིན་ཀླུ་རིགས་སོགསཿ དཀར་ཕྱོགས་སྐྱོང་རྣམས་གསན་ཅིང་དགོངས་སུ་གསོལཿ བདག་ཅག་འཛིན་པ་རང་གྲོལ་རྣལ་འབྱོར་པཿ གཞོན་ནུའི་དུས་ནས་ཐེག་ཆེན་སྒོར་ཞུགས་ཤིངཿ བཀའ་དྲིན་གསུམ་ལྡན་བླ་མ་ཐོད་དུ་ཁུརཿ བཀའ་བཞིན་སྒྲུབ་ཅིང་ལུས་སྲོག་འབེན་དུ་བཙུགསཿ ཞབས་ཏོག་མཐར་ཕྱིན་བསྐྱེད་རྫོགས་དོན་ལ་སྦྱངསཿ ཁྲེགས་ཆོད་ཐོད་རྒལ་དགོངས་པའི་བཙན་ས་ཟིནཿ དཀའ་བ་དང་ལེན་ངལ་བ་ཁྱད་གསོད་ཅིངཿ སེམས་ཅན་དོན་སྒྲུབ་བྱང་ཆུབ་ལམ་ལ་བཀོདཿ གསང་སྔགས་སྦྱོར་སྒྲོལ་བླ་ན་མེད་པའི་ལམཿ ཐེ་ཚོམ་མེད་པར་ཉམས་བླངས་འབྲས་བུ་ཐོབཿ ཀུན་ལ་ཕན་པའི་ལྷག་བསམ་ལྡན་མོད་ཀྱངཿ དོ་བསྡོ་ཕོད་དུ་བཙུགས་པའི་དགྲ་འདི་ལཿ ཐོག་མཐའ་བར་གསུམ་ལུས་ངག་སེམས་མ་ཉེསཿ འདི་ཕྱིར་ཕན་པའི་བསམ་སྦྱོར་བརྩོན་ན་ཡངཿ ཐོག་མར་ཉེས་མེད་བདག་ལ་ངན་སེམས་འཆངཿ བར་དུ་དངོས་སམ་བརྒྱུད་ནས་གནོད་སྦྱོར་རྩོམཿ ཐ་མ་དགྲ་མཚོན་དུག་གི་སྣ་འདྲེན་བྱེདཿ དམངས་སུ་འབེབ་ཅིང་ལུས་སྲོག་འདོར་བར་ཉེཿ འཁོར་དང་ལོངས་སྤྱོད་སྡེ་རིས་འཕྲོག་པར་རློམསཿ དམ་ལྡན་སློབ་མའི་འཁོར་ཚོགས་སྡུག་ལ་སྦྱོརཿ དད་ལྡན་སྦྱིན་བདག་རིགས་གྱུར་སྡུག་བསྔལ་བསྐྱེདཿ ཁྱེད་རྣམས་ཡེ་ཤེས་སྤྱན་གྱིས་མི་གཟིགས་སམཿ བླ་མར་གསོལ་བཏབ་ཡི་དམ་བསྙེན་ཅིང་བསྒྲུབསཿ མཁའ་འགྲོར་གཏོར་ཚོགས་སྲུང་མར་མཆོད་སྒྲུབ་ཅིངཿ དཀར་ཕྱོགས་ཟོ་དོར་བསྟེན་པ་དོན་མེད་དམཿ ད་ནི་མངོན་སྤྱོད་ཕྲིན་ལས་མི་མཛད་ནཿ བདག་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྲིད་པ་རུ་ལོག་བཀའ་རྟགས་ཕྱག་རྒྱ་ཡིསཿ འཇིག་རྟེན་མ་མོ་མཁའ་འགྲོ་བསྟན་སྲུང་སྡེཿ དྲེགས་པ་སྡེ་བརྒྱད་སྣང་སྲིད་ལྷ་འདྲེར་བཅསཿ སྲོག་སྙིང་ཕྲོག་ཅིང་སྙིང་ཁྲག་ཐང་དུ་བོརཿ ལུས་སེམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགཿ རྣམ་ཤེས་མནར་མེད་དམྱལ་བའི་གནས་སུ་འཕེནཿ བསྐལ་ཆེན་སྡུག་བསྔལ་ཉམས་སུ་མྱོང་བར་བྱེདཿ བདག་ནི་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པཿ ཆོས་སྐུ་གཏད་མེད་རིག་པའི་རྒྱལ་ས་ཟིནཿ ཁྲག་འཐུང་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀཿ ཡེ་ཤེས་ལས་དང་དམ་ཚིག་མཁའ་འགྲོ་མཿ ཁྱེད་རྣམས་ཀུན་གྱི་སྲོག་སྙིང་ང་ལ་ཡོདཿ ཡེ་ཤེས་གྲུབ་ཀྱང་འཇིག་རྟེན་ཚུལ་ཟུངས་ལཿ རང་རང་རྟགས་དང་རྫུ་འཕྲུལ་མངོན་ཕྱུངས་ཤིགཿ སྲིད་པ་གསུམ་གྱི་དམག་ཚོགས་ཀུན་བསྡུས་ནསཿ དམ་ཉམས་དགྲ་བོའི་སྟེང་དུ་དམག་དཔུང་ཆོསཿ ལས་བྱེད་མ་མོའི་ཚོགས་ཀྱིས་དམག་སྣ་དྲོངསཿ ཤན་པ་ལག་དམར་ཚོགས་ཀྱིས་སྲོག་སྙིང་ལོངསཿ དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བླ་སྲོག་ཁྱེརཿ འཇིག་རྟེན་མཁའ་འགྲོའི་ཚོགས་ཀྱིས་རྟེན་དང་ཕྲོལཿ སྣང་སྲིད་ལྷ་འདྲེའི་ཚོགས་ཀྱིས་ཆོ་འཕྲུལ་སྟོནཿ ལོ་ཟླ་ཞག་དང་དུས་ཚོད་མ་འགྱངས་པརཿ སྐད་ཅིག་ད་ལྟ་ཉིད་དུ་མྱུར་བར་རྒྱུགསཿ ཞེ་སྡང་ཕྱུངས་ལ་ང་རྒྱལ་དྲག་པོ་སྐྱེདཿ མགྱོགས་པ་ཞོན་ལ་རྣོ་མཚོན་ངར་མ་ཐོགསཿ བརྒྱ་བྱིན་གཡུལ་ངོར་ཆས་བཞིན་དཔུང་དང་བཅསཿ མིང་དང་མཚན་མ་མ་ནོར་དམིགས་པའི་དགྲཿ སྲོག་ཆོད་དབུགས་ལོངས་སྙིང་ཁྲག་དྲོན་མོ་ཐུངསཿ རྣམ་ཤེས་རྟེན་དང་ཕྲོལ་ལ་བླ་ཚེ་སྡུསཿ ཤ་ཁྲག་དོན་སྙིང་ནང་རོལ་རྔམས་ཟས་གྱིསཿ ལོ་ཟླ་ལྟ་ཅི་ཞག་དུས་འགྱངས་གྱུར་ནཿ ཁྱེད་རྣམས་དམ་ཚིག་ཉམས་པའི་བཀའ་ཆད་གཅོདཿ ལྷ་ཡི་དམག་ཚོགས་བྱ་ལྟར་ཉིལ་ལི་ལིཿ གཉན་གྱི་དམག་ཚོགས་ཐོག་ལྟར་ཤ་ར་རཿ ཀླུ་ཡི་དམག་ཚོགས་རྡུལ་ལྟར་ཕྱུ་རུ་རུཿ སྲུང་མའི་དམག་ཚོགས་སྐར་ལྟར་ཁྲིགས་སེ་ཁྲིགཿ མ་མོའི་དམགས་ཚོགས་བུ་ཡུག་ཚུབས་སེ་ཚུབཿ མཁའ་འགྲོའི་དམག་ཚོགས་སྤྲིན་ལྟར་ཐིབས་སེ་ཐིབཿ བདག་ལ་སྡང་བའི་དགྲ་བོ་ལས་ངན་འདིཿ སྐད་ཅིག་ད་ལྟ་ཉིད་དུ་སྒྲོལ་གྱིས་ལཿ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོགཿ ཀྱེ་མ་ཀྱི་ཧུད་མཁའ་འགྲོ་ཆོས་སྐྱོང་དངཿ སྡེ་བརྒྱད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ རྣལ་འབྱོར་བདག་གི་ར་མདར་མི་རྒྱུག་གམཿ ཞག་དང་ཟླ་བ་དུས་ཚོད་འདས་གྱུར་ནཿ རྣལ་འབྱོར་རང་ཤ་ཟ་ཞིང་རང་ཁྲག་འཐུངཿ མཛེ་ཡུགས་དམེ་མནོལ་དྲག་པོའི་རྫས་ངན་གྱིསཿ ཁྱོད་ཀྱི་གནས་རྟེན་བརླག་ཅིང་ཕུང་བར་བྱེདཿ དེ་བས་ལས་མ་འགྱངས་ལ་ཕྲིན་ལས་སྒྲུབསཿ ཅེས་བརྗོད་ཁྲག་སྐྱེམས་ཕུལ་ལཿ ཧོཿ དབྱིངས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཁྱད་པར་དུའང་མ་ཅིག་ཁྲོས་མ་ནག་མོ་བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་ཡེ་ཤེས་མཁའ་འགྲོའི་དམག་ཚོགསཿ དམ་ཚིག་མཁའ་འགྲོའི་དམག་ཚོགསཿ ཤ་ཟ་མཁའ་འགྲོའི་དམག་ཚོགསཿ ལས་ཀྱི་མཁའ་འགྲོའི་དམག་ཚོགསཿ འཇིག་རྟེན་མཁའ་འགྲོའི་དམག་ཚོགསཿ ཤུགས་ཀྱི་འགྲོ་བའི་དམག༴ མོ་རྒྱུད་མ་མོའི་དམག༴ ཕོ་རྒྱུད་མགོན་པོའི་དམག༴ དཀར་པོ་ལྷ་ཡི་དམག༴ འཆི་བདག་གཤིན་རྗེའི་དམག༴ གདུག་པ་གཟའ་ཡི་དམག༴ སེར་པོ་གཉན་གྱི་དམག༴ དམར་པོ་བཙན་གྱི་དམག༴ ནག་པོ་བདུད་ཀྱི་དམག༴ སྔོན་པོ་ཀླུ་ཡི་དམག༴ མཐུ་ཆེན་གནོད་སྦྱིན་དམག༴ དམ་ཅན་སྲུང་མའི་དམག༴ ས་བདག་འཛིན་མའི་དམག༴ དཀྲུགས་ཤིང་ཐེའུ་རང་གི་དམག༴ དྲེགས་ལྡན་རྒྱལ་པོའི་དམག༴ གྲོང་རྒྱུག་འདྲེ་མོའི་དམག༴ སྣང་སྲིད་ལྷ་འདྲེའི་དམག༴ ཤན་པ་ལག་དམར་དམག་ཚོགསཿ ཁྱེད་རྣམས་ལས་མ་འགྱངཿ མཐུ་མ་ཆུངཿ རྩལ་མ་ཞནཿ བང་མ་བུལཿ ངོ་སྲུང་དང་ཟས་ཕྱིར་མ་འབྲངཿ བསོད་ནམས་དབང་ཐང་ལ་ཁག་མ་འགེལཿ སྲུང་ཟློག་རིམ་གྲོ་ལ་སྙེམས་མ་འཆོརཿ རྣལ་འབྱོར་པའི་སྒོས་དགྲར་གྱུར་པའི་དམ་ཉམས་ཆེ་གེ་མོ་འདི་མིང་འདྲ་བ་ལ་མིང་མ་ནོརཿ རུས་འདྲ་བ་ལ་རུས་མ་ནོརཿ མཚན་མ་འདྲ་བ་ལ་མཚན་མ་མ་ནོར་བར་ཚེ་ཡི་རྟེན་ཕུར་ཕུད་ཅིགཿ སྲོག་གི་ཀ་བ་ཆོག་ཅིགཿ རླུང་རྟའི་མགོ་མཇུག་ལྡོག་ཅིགཿ རྣམ་ཤེས་མར་མེ་སོད་ཅིགཿ འགོ་བའི་ལྷ་དང་ཕྲོལ་ཅིགཿ སྐྱོབ་པའི་མགོན་དང་ཕྲོལ་ཅིགཿ སྲུང་མ་བདུད་དུ་ཕོབ་ཅིགཿ རྫས་སྨན་དུག་ཏུ་སྒྱུར་ཅིགཿ ལུས་སེམས་སོ་སོར་ཕྲོལ་ཅིགཿ འདུ་བའི་ནད་ཀྱིས་གཟིར་ལ་སྙིང་ཁྲག་ཁ་རུ་སྐྱུག་ནས་ཧུར་ཐུམས་དྲག་པོས་སོད་ཅིགཿ ཤ་ལ་རྔམས་ཟས་གྱིས་ཤིགཿ ཁྲག་ལ་ཧུབ་འཐུང་གྱིས་ཤིགཿ དོན་སྙིང་དམར་འདོན་གྱིས་ལ་བསད་རྟགས་དངོས་སུ་སྟོན་ཅིགཿ བཀའ་ལས་མ་འདའཿ དམ་ལས་མ་འགལཿ ལེ་ལོ་མ་འགྱང་བར་སྐད་ཅིག་ད་ལྟ་ཉིད་དུ་རྗེས་མེད་ཐལ་བའི་རྡུལ་དུ་རློགས་ཤིགཿ མ་མ་ཌཱ་ཀ་ཌཱ་ཀི་ནཱི་ཏྲག་རཀྴ་མུ་ཏྲ་མུ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཆེ་གེ་མོའི་སྲོག་ལ་བྲིང་བྲིངཿ ཙིཏྟ་གཏུབ་གཏུབཿ སྙིང་ཁྲག་ཧུབ་ཧུབཿ མཱ་ར་ཡ་རྦད་སོདཿ ཅེས་རྡོ་གཏོར་དགྲ་ཕྱོགས་སུ་འཕངཿ ལུས་གཅེར་བུར་ཕྱུངཿ གོས་མགོ་མཇུག་ལྡོག་ལ་དུལ་མོ་དངཿ རལ་པ་རྡེབཿ ངུ་འབོད་དང་འོ་དོད་དྲག་པོས་འབོད་ཅིང་མཁའ་འགྲོ་སྲུང་མ་ལྷ་འདྲེའི་དམག་ཚོགས་སེར་བ་དྲག་པོ་རྒྱུག་པ་ལྟར་དགྲ་བོའི་སྟེང་དུ་སོང་བར་མོས་པས་དེའི་ནུབ་མོ་ནས་བསད་རྟགས་མཐོང་ཞིང་དགྲ་བོ་གློ་བུར་ཧུར་ཐུམས་སུ་འགྱུར་བར་ཐེ་ཚོམ་མེད་དོཿ དགྲ་བོའི་ཟས་ནོར་གང་རུང་ཁོའི་སྲོག་སྙིང་མོས་ནས་ཟ་ཞིང་ལོངས་སུ་སྤྱོད་དོཿ འཛིན་པ་རང་གྲོལ་མན་ངག་ཟབ་མོ་ཡིཿ དྲག་བསྐུལ་གཅོད་མཐུ་དགྲ་བོའི་སྲོག་འཕྲོག་འདིཿ ཨ་ཙར་དམ་པ་ནག་པོའི་མན་ངག་སྟེཿ སྙིགས་མའི་དུས་སུ་ཟབ་ཆོས་སྤེལ་བའི་ཚེཿ ལོག་ལྟ་དམ་ཉམས་དོ་བསྡོ་ཕོད་བཙུགས་པའིཿ དགྲ་བོ་ཕུང་བར་བྱེད་པའི་མཚོན་ཆ་རུཿ ལེགས་འདུས་སྤྲུལ་པའི་གཏེར་གྱི་བདག་མོ་དངཿ འཕྲད་ནས་གཟུགས་ཅན་དགྲ་སྡེའི་དཔུང་ཚོགས་འཇོམསཿ ཕྱོགས་ལས་རྣམ་རྒྱལ་འགྲོ་དོན་མཐར་ཕྱིན་ཤོགཿ བཀའ་འདི་འབར་མ་གསུམ་དང་གིང་ཆེན་བཞིཿ སྤུ་གྲི་མཆེད་གསུམ་སྨྱོ་ཁ་ནག་པོ་ཡིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཁ་ཐཾཿ ྈ ཡང་ཅིག་བསྟན་ལ་སྡང་བའི་དགྲ་བོ་ཡིཿ མི་རྒྱུད་གཏན་བརླག་ཕུང་བར་བྱེད་འདོད་ནཿ དགྲ་བོའི་ཟག་རྫས་དྲི་མ་གང་རུང་ངམཿ རྗེས་ས་བསྲེས་པའི་བག་ཟན་གཟུགས་བྱས་ལཿ རེ་བས་དྲིལ་ཞིང་ཤིང་གི་བར་དུ་བཅུམཿ ལ་བཙས་སམ་ནི་ས་གཉན་གང་རུང་ལཿ དམར་འགྱེད་བྱ་ཞིང་ཁྲོས་མའི་ངང་ཉིད་ལསཿ གཉན་མིག་དག་ཏུ་ལིང་ག་མེར་བསྲེགས་ཤིངཿ ཕཊཿ ས་ཆ་འདིར་གནས་སྣང་སྲིད་ལྷ་འདྲེའི་ཚོགསཿ ཟོ་དོར་མཐུ་ཆེན་ལྷ་གཉན་ས་བདག་དངཿ བཙན་དང་སྨན་མོ་གནོད་སྦྱིན་དགེ་བསྙེན་རིགསཿ བདག་ནི་མ་ཉེས་དམ་ཉམས་དགྲ་བོ་ལནཿ མངོན་སྤྱོད་ལས་འདི་མི་སྒྲུབ་ཐབས་མ་བྱུངཿ ད་ནི་ཁྱོད་ཀྱི་གནས་རྟེན་བཤིག་པར་བྱེདཿ མཛེ་ཤས་རི་བརྩེགས་མཛེ་ཁྲག་རྒྱ་མཚོ་བསྐྱིལཿ དམེ་ཡུགས་ཤ་ཁྲག་རུས་པ་གཅལ་དུ་བཀྲམཿ སྡེ་བརྒྱད་དཔུང་ཚོགས་ནད་ཀྱིས་ཐེབས་པར་འགྱུརཿ དེ་བས་ཁྱེད་ལ་མཐུ་དང་རྩལ་ཡོད་ནཿ བདག་ལ་སྡང་བའི་དགྲ་བོ་ཆེ་གེ་མོཿ ཁྱོད་ལ་གཏད་པ་ཡིན་པས་མ་ཤོར་ཅིགཿ མྱུར་དུ་རྣམ་ཤེས་རྟེན་དང་ཕྲོལ་ལ་ཤོགཿ ཕོ་རྒྱུད་ནགས་ལ་མེ་ཆེན་མཆེད་འདྲར་ཐོངསཿ མོ་རིགས་ལོ་ཐོག་སེར་བས་བཅོམ་བཞིན་ཐོངསཿ ཕུང་ཤུལ་ཐལ་བ་རླུང་གིས་གཏོར་བ་བཞིནཿ རྗེས་མེད་ཐོངས་ལ་རྣལ་འབྱོར་འདོད་དོན་སྒྲུབསཿ ཁྱོད་ཀྱིས་མཐུ་སྟོབས་ནུས་པ་རྒྱས་པར་མཛོདཿ བཀའ་ལས་འདའ་ན་ཁྱོད་ཉིད་རྡུལ་དུ་བརླགཿ ཅེས་བརྗོད་ཅིང་ལུས་གཅེར་བུར་ཕྱུངཿ ལ་བཙས་བཤིགཿ བྲག་གཉན་ཡིན་ན་བཤིག་སྟངས་བྱ་ཞིངཿ ཤིང་གཉན་ཡིན་ན་སྟྭ་རེས་བརྒྱབ་ཅིངཿ གོས་ས་ལ་རྡེབཿ སྨྱོ་སྤྱོད་སྣ་ཚོགས་བྱཿ ཁྲག་གི་ཆར་དང་ལྕགས་སྲེག་གི་སེར་བ་འབེབ་པས་སྡེ་བརྒྱད་རྣམས་སྐྲག་ཅིང་སྔངསཿ དགྲ་ལ་ཤིན་ཏུ་ཁྲོས་ནས་འཕྲལ་དུ་གསད་ཕུང་གི་ལས་བསྒྲུབས་པར་བསམ་མོཿ སྐམ་གཏད་རིམ་པའོཿ གདོལ་པ་ཀླུ་ལ་གཏད་པ་ནིཿ མཛོ་ཡི་ར་རུའི་ནང་དུ་ནིཿ ཕུང་ས་རབས་ཆད་དུད་པ་དངཿ དགྲ་བོའི་ཟག་རྫས་གང་རྙེད་བསྲེསཿ མ་རྙེད་ཁྲག་གི་མིང་ཡིག་འཇུགཿ གདོལ་པ་གནས་པའི་ཆུ་མིག་གམཿ ཡང་ན་མཚོ་གཉན་འགྲམ་དུ་ཕྱིནཿ ཚེར་མ་ཤིང་གི་ཕུར་བུ་ནིཿ འདོམ་གང་ཐོགས་ནས་འདི་སྐད་དོཿ ཕཊཿ ང་ནི་ཡེ་ཤེས་མཁའ་འགྲོ་མཿ བདུད་འདུལ་ཁྲོས་མ་ནག་མོ་སྟེཿ ཁམས་གསུམ་ཀུན་གྱི་སྲོག་གི་བདགཿ གདོལ་པ་ཀླུ་བདུད་ནག་པོ་ཁྱོདཿ ང་ཡི་བཀའ་ལ་ཚུར་ཉོན་དངཿ ཁྱོད་ཉིད་འཁྲེན་ཅིང་འཁུ་བ་ཡིསཿ དོ་བསྡོ་ཕོད་བཙུགས་མ་བསམས་ཀྱངཿ བསྟན་དགྲ་ལས་ངན་སྡིག་པོ་ཆེཿ ཆེ་གེ་མོ་ཞེས་བྱ་བ་ཡིསཿ སངས་རྒྱས་བསྟན་པ་བཤིགས་པ་དངཿ དཀོན་མཆོག་དབུ་འཕང་སྨད་པར་བྱསཿ གསང་སྔགས་ཆོས་ལ་ཡ་ག་བསྒྲགསཿ ཀླུ་ཡི་གནས་རྟེན་བརླག་གོ་ཟེརཿ སྒྲུབ་པོ་རྣམས་ཀྱི་རྒྱུད་དཀྲུགས་ཤིངཿ ཉེས་མེད་སེམས་ཅན་སྡུག་ལ་སྦྱརཿ དེ་ཕྱིར་ཁྱོད་ཀྱི་གམ་དུ་འོངཿ ཁྱོད་ལ་མཐུ་སྟོབས་ཡོད་སྲིད་ནཿ དམ་ཉམས་དགྲ་བོ་ཟས་སྐལ་གཏདཿ མཐུ་མ་ཆུང་ལ་རྩལ་མ་ཞནཿ གཏད་འདི་ལོངས་ལ་དགྲ་བོ་སྒྲོལཿ མི་རྒྱུད་རྩད་ནས་བརླག་པར་གྱིསཿ ཅེས་བརྗོད་ཅིང་ཆུ་མིག་གམ་མཚོ་ལ་བྱེ་མ་གཏོར་བས་ཕྱུར་བའམ། བྲུབ་པ་སོགས་ཀྱི་རྟགས་མཚན་བྱུང་འཕྲལ་ཆུ་མིག་ཡིན་ན་ཁ་ཁུག་དངཿ མཚོ་གཉན་ཡིན་ན་འགྲམ་གཡོན་དུ་ཕུར་པ་གདབ་ཅིང་དེའི་ཤུལ་དུ་གཏད་འཕང་ནསཿ སླར་ཡང་ཕུར་པས་སྟེང་ནས་བརྡབ་ཅིངཿ ཕཊཿ འཻཿ གདོལ་པ་ཀླུ་བདུད་ནག་པོ་འཛིན་ཤེས་གཏོང་མི་ཤེས་ཁྱོད་ལ་དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་ཞེས་བྱ་བ་འདི་ཉིད་གཏད་པ་ཡིན་པས་མ་ཤོར་བར་ཟོ་ཞིགཿ ལུས་ལ་དུག་ནད་སྣ་དགུ་ཐོངས་ཤིངཿ ཚེ་སྡུས་མདངས་ཕྲོགས་སྲོག་ཆོད་དབུགས་ལོངས་ལོ་ཟླ་ཞག་དུས་མ་འགྱང་བར་སོད་ལཿ སླར་ཡང་བུ་ཚ་རྒྱུད་གཏན་བརླག་ཏུ་ཐོངས་ཤིགཿ མཐུ་མ་ཆུངཿ རྩལ་མ་ཞནཿ ལས་མ་འགྱངསཿ གལ་ཏེ་དགྲ་བོ་ཤོར་བར་གྱུར་ན་ཤ་སྣ་དགུ་དང་རྫས་སྣ་དགུ་ཁྲག་སྣ་དགུ་དང་བསྲེས་ནས་ཁྱོད་ལ་ནད་སྣ་དགུ་གཏོང་ཞིངཿ བདག་ཉིད་ཁྲོས་མ་ནག་མོ་རབ་ཏུ་ཁྲོས་ནས་རི་རབ་ཙོག་པོར་འཕེནཿ རྒྱ་མཚོ་ཧུབ་ཀྱིས་རྔུབསཿ བྱ་ཁྱུང་སྤྲུལ་པའི་དམག་ཚོགས་བསྡུས་ནས་ཁྱོད་ཀྱི་གནས་རྟེན་ཕུང་བར་བྱེད་པར་གདོན་མི་ཟ་བསཿ དེ་བས་གཞན་རྐྱེན་རང་ཐོག་ཏུ་མ་ལེན་པར་དགྲ་སྲོག་ཆོད་ལ་མྱུར་དུ་ཕུང་ཞིང་བརླག་པར་གྱིས་ཤིགཿ ཕུ་ཕུ་ཕི་ལིང་ནཱ་ག་དུ་ན་ཨེ་ནན་ཆེ་གེ་མོའི་སྲོག་ལ་བྲིང་བྲིང་རྦད་སོདཿ ཅེས་བརྗོད་ཅིང་ཕུར་ཤུལ་གཏོརཿ ནམ་མཁའ་བྱ་ཁྱུང་གི་ཚོགས་སྤྲིན་བཞིན་འཁྲིགས་པ་དངཿ ཁྲོས་མ་ནག་མོའི་གཟི་བརྗིད་ཀྱིས་ཀླུ་རྣམས་སྔངས་ཤིང་སྐྲག་ནས་དགྲ་བོའི་སྟེང་དུ་ཕུང་བའི་ལས་ལ་འཇུག་པར་བསམ་ཞིངཿ སྣང་བ་གང་ཤར་གྱི་བརྟུལ་ཞུགས་ཀྱིས་མཐའ་སྡུད་པར་བྱའོཿ ཕུང་བྱེད་ཨ་ཙར་ནག་པོ་ཡིསཿ ཀླུ་གཏད་མན་ངག་ཟབ་མོ་འདིཿ མ་འོངས་ལེགས་འདུས་སྤྲུལ་པ་ལཿ བརྩེ་བའི་ལག་ཆར་སྦྱིན་པ་སྟེཿ སྙིང་འདྲའི་བུས་ལས་ཤོར་ར་རེཿ ལྟ་བ་རྟོགས་པའི་རྣལ་འབྱོར་པསཿ ཏིང་འཛིན་དམིགས་གནད་དང་ལྡན་ནཿ ལས་མྱུར་ཤུགས་ཆེ་འཁུ་ལྡོག་བྲལཿ གང་ལ་གཏད་ཀྱང་མྱུར་དུ་ཕུངཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ ཕ་ཡིས་ནམ་ཡང་མི་བསླུ་བསཿ སྙིང་ལ་གཅེས་པར་ཆོངས་ཤིག་གུཿ བཀའ་འདི་དུར་བདག་མིང་སྲིང་དངཿ ཀླུ་བདུད་ནག་པོས་ཐུབ་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དམ་ཚིག་སྲོག་གི་རྒྱཿ ཁ་ཐཾཿ གུཧྱཿ ཨྠི་ཿ གཅོད་མཐུ་དགྲ་བོ་ཕུང་བྱེད་སྐོརཿ ཤིན་ཏུ་གསང་བར་བྱ་སྙམ་ཡངཿ ཌཱ་ཀི་མ་ཡི་བཀས་བསྐུལ་བཞིནཿ དབྱིངས་ཀྱི་རྗེ་མོས་བརྡ་བཀྲོལ་ལྟརཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིསཿ བརྡ་རིས་ངོས་ལས་དག་པར་བསྒྱུརཿ ཤིན་ཏུ་གསང་བའི་སྡེ་ཚན་ནོཿ ཡི་གེར་འདུ་བྱེད་དྲག་སྔགས་ལཿ མོས་ལྡན་རསྨིའི་མིང་གིས་བགྱིསཿ རྣལ་འབྱོར་པ་ལ་སྡང་བའི་དགྲཿ ཐལ་བའི་རྡུལ་དུ་བརླག་པར་ཤོགཿ དགེའོ།། །