ཡང་གསང་འཛིན་པ་རང་གྲོལ་ལསཿ ལུས་སྦྱིན་བསྡུས་པ་རྒྱུན་གྱི་ཉམས་ལེནཿ

From Khyentse Lineage - A Tsadra Foundation Project
Wylie title yang gsang 'dzin pa rang grol las lus sbyin bsdus pa rgyun gyi nyams len DKYD-DZINDROL-022.pdf
Location mdo mkhyen brtse 'dzin grol
Volume 1, Text 22, Pages 237-239 (Folios 1a1 to 2a6)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. Yang gsang 'dzin pa rang grol las lus sbyin bsdus pa rgyun gyi nyams len. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 237-239. Delhi: Shechen Publications, 2020.
Genre Daily Practice - rgyun khyer  ·  Severance Texts - gcod gzhung
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

སྤྲོས་མེད་རྣལ་འབྱོར་རྒྱུན་སྤྱོད་མཆོགཿ བྱ་སླ་དོན་ཆེན་ཉམས་ལེན་བདེཿ ཚོགས་གཉིས་མྱུར་རྫོགས་ཟབ་པའི་གནདཿ ལས་ལྡན་བུ་དང་འཕྲད་པར་ཤོགཿ གུ་ཧྱཿ ཨྠི་ཿ དགེའོ།། །

spros med rnal 'byor rgyun spyod mchog:_bya sla don chen nyams len bde:_tshogs gnyis myur rdzogs zab pa'i gnad:_las ldan bu dang 'phrad par shog:_gu h+ya:_I+thi _dge'o//_/

[edit]
ཡང་གསང་འཛིན་པ་རང་གྲོལ་ལསཿ ལུས་སྦྱིན་བསྡུས་པ་རྒྱུན་གྱི་ཉམས་ལེན་བཞུགསཿ ྈ ཡང་གསང་མཁའ་འགྲོའི་ཟབ་ཏིག་ལསཿ ཚོགས་གསག་ཐར་ལམ་ཤིང་རྟ་བསྟནཿ དེ་ལ་སྦྱོར་དངོས་རྗེས་དང་གསུམཿ དང་པོ་སྦྱོར་བའི་ཆོས་ལ་ནིཿ ཕཊཿ སྟོང་ཆེན་བློ་འདས་རྡོ་རྗེ་བཙུན་མོའི་མཁརཿ རང་གདངས་འགག་མེད་གཉུག་མའི་ཕྱག་རྒྱ་ཆེཿ རིག་སྟོང་ཟུང་འཇུག་ཡེ་ཤེས་མཁའ་འགྲོ་མཿ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་མོ་གསལཿ ཕཊཿ སྐྱེ་མེད་རང་བྱུང་དབྱིངས་ཀྱི་མཁའ་འགྲོ་ལྔཿ རང་རྩལ་ཡེ་ཤེས་ལྔ་ཡི་བརྟུལ་ཞུགས་ཀྱིསཿ དུག་ལྔ་ལས་བསྐྲུན་ཉོན་མོངས་འཁྲུལ་རྟོག་ཆོསཿ སྲིད་ཞི་མཉམ་བརྡལ་དགོངས་པས་དབང་དུ་སྡུསཿ ཕཊཿ ཕཊཿ ཕཊཿ རང་རིག་གདོད་ནས་སྐུ་གསུམ་དག་པའི་ལྷརཿ གསལ་སྟོང་འཛིན་བྲལ་ངང་ནས་སྐྱབས་སུ་མཆིཿ མ་རྟོགས་སྲིད་པར་འཕྱན་པའི་ཡིད་ཅན་འགྲོཿ བདེ་ཆེན་ཆོས་སྐུའི་རྒྱལ་སྲིད་མཆོག་ལ་འགོདཿ ཕཊཿ གཉིས་པ་དངོས་གཞིའི་རྣམ་གྲངས་བཞིནཿ ཕཊཿ རང་ལུས་ཆེ་ཚོ་བཀྲག་མདངས་རབ་འབར་བའིཿ སྙིང་དབུས་རིག་པ་ཕཊ་ཀྱིས་དབྱིངས་ལ་བསྲེཿ སྐད་ཅིག་དྲན་རྫོགས་རྡོ་རྗེ་རྣལ་འབྱོར་མཿ སྣང་སྟོང་དབྱེར་མེད་འོད་ཀྱི་སྐུ་རུ་གསལཿ ཕཊཿ ཕྱག་གཡས་གྲི་གུག་བེམ་པོའི་ཐོད་པ་ཕྲལཿ སྐུ་གསུམ་དོན་མཚོན་མི་མགོའི་སྒྱེད་པུར་བཞགཿ དེ་ནང་བམ་ཆེན་ཟག་མེད་བདུད་རྩིའི་སྤྲིནཿ འབྲུ་གསུམ་སྔགས་ཀྱི་ནུས་པས་སྦྱངས་སྤེལ་བསྒྱུརཿ ཨོཾ་ཨཱཿཧཱུྃཿ བཟླས་པས་དམིགས་པ་གསལཿ ཕཊཿ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྲུང་མ་སོགསཿ རབ་འབྱམས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་གཤེགསཿ རང་ལུས་ཟག་མེད་ཀུན་བཟང་མཆོད་སྤྲིན་འབུལཿ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུལ་སྩོལཿ ཕཊཿ ཕཊཿ ཕཊཿ ཡེ་ཤེས་འཇིག་རྟེན་ལས་གྲུབ་སྣང་སྲིད་ཀྱིཿ ལྷ་སྲིན་སྡེ་བརྒྱད་མི་མིན་འབྱུང་པོ་འདུསཿ བདག་ལུས་པགས་པ་སྟོང་གསུམ་ཁྱོན་དུ་བརྡལཿ དེ་སྟེང་ཤ་ཁྲག་རུས་པ་ལྷུན་པོར་སྤུངསཿ ལྷག་མེད་བཞེས་ལ་དགའ་མགུ་ངོམས་ཤིང་ཚིམསཿ བྱང་ཆུབ་སེམས་བསྐྱེད་སྐུ་བཞིའི་འབྲས་སྨིན་ཤོགཿ ཕཊཿ ཕཊཿ ཕཊཿ ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པ་ཡིཿ རིགས་དྲུག་ཕ་མ་སྙིང་རྗེའི་མགྲོན་གྱི་ཚོགསཿ གློ་བུར་ལྷགས་དང་ཁས་ཞན་དབང་ཆུང་བཿ བུ་ལོན་ལན་ཆགས་སྙོག་པའི་ཚོགས་རྣམས་ལཿ རང་རང་འདོད་དགུའི་དཔལ་དུ་ཚིམས་པར་བསྔོཿ ཐར་དང་རྣམ་མཁྱེན་གོ་སར་དབུགས་དབྱུང་ཤོགཿ ཕཊཿ ཕཊཿ ཕཊཿ གསུམ་པ་རྗེས་ཀྱི་ལས་རིམ་ནིཿ ཕཊཿ དུས་གསུམ་བསགས་པའི་དགེ་ཚོགས་ཇི་སྙེད་ཀུནཿ འཁོར་གསུམ་དམིགས་མེད་ཆེན་པོར་རྒྱས་བཏབ་པསཿ ཁམས་གསུམ་སྲིད་མཚོར་དུབ་པའི་མཁའ་ཁྱབ་འགྲོཿ སྐུ་གསུམ་གདོད་མའི་གྲོལ་གཞི་མངོན་གྱུར་ཤོགཿ ཕཊཿ རང་བཞིན་གདོད་ནས་སྐྱེ་འགག་གནས་གསུམ་བྲལཿ གཅད་བྱ་གཅོད་བྱེད་རེ་དོགས་མཚན་མ་གྲོལཿ མ་བཅོས་གཉུག་མ་རིག་སྟོང་རྗེན་པའི་སྦུབསཿ འོད་གསལ་ཐིག་ལེ་ཉག་གཅིག་ཀློང་དུ་ཨཿ ཕཊཿ གཞི་དབྱིངས་འཕོ་འགྱུར་བྲལ་བ་རྡོ་རྗེའི་གདངསཿ ལམ་སྣང་འགགས་མེད་ཡེ་ཤེས་རོལ་པའི་རྩལཿ འབྲས་བུ་ཁྱབ་བརྡལ་ཆོས་ཟད་གདོད་མའི་གཤིསཿ རྣམ་ཀུན་མཆོག་ལྡན་ཡུམ་གྱི་བཀྲ་ཤིས་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྤྲོས་མེད་རྣལ་འབྱོར་རྒྱུན་སྤྱོད་མཆོགཿ བྱ་སླ་དོན་ཆེན་ཉམས་ལེན་བདེཿ ཚོགས་གཉིས་མྱུར་རྫོགས་ཟབ་པའི་གནདཿ ལས་ལྡན་བུ་དང་འཕྲད་པར་ཤོགཿ གུ་ཧྱཿ ཨྠི་ཿ དགེའོ།། །།