ཐོད་རྒལ་གནད་ཀྱི་ལྡེའུ་མིག།

From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-014
Wylie title thod rgal gnad kyi lde'u mig DKR-KABUM-13-PA-014.pdf
Location dil mgo mkhyen brtse bka' 'bum
Volume 13, Text 14, Pages 182-186 (Folios 1a to 5b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Thod rgal gnad kyi lde'u mig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 182-186. Delhi: Shechen Publications, 1994.
Genre Contemplative Guide Books and Instructional Manuals - khrid yig
[edit]
༄༅། །ཐོད་རྒལ་གནད་ཀྱི་ལྡེའུ་མིག་བཞུགས་སོ།

༄༅། །བཅོམ་ལྡན་འདས་སྟོང་གསལ་མཐའ་དབུས་བྲལ་བ་ལ་ཕྱག་འཚལ་ལོ། །ཐོད་རྒལ་སྐབས་གདོད་མའི་སྤྱི་གཞི་ཡེ་ཤེས་སུམ་ལྡན་གྱི་རང་བཞིན་དུ་བཞུགས་པའི་སྐབས་ན་ངོ་བོའི་ཆ་ནས་ཡུལ་སྟོང་སེང་ངེ་བ་དང༌། རང་བཞིན་གྱི་ཆ་ནས་འོད་ལྔ་དང༌། ཐུགས་རྗེའི་ཆ་ཤེས་པ་ཕྲ་མོ་དཔེར་ན་ཤེལ་འོད་ནང་དུ་ནུབ་པ་བཞིན་དུ་ཡོད་དགོས་ཏེ་མེད་ན་ཕྱི་གསལ་དུ་དེ་གསུམ་སྣང་བའི་རྒྱུ་མེད་ལ། རང་བཞིན་ལ་གསར་སྐྱེས་མི་རུང་བའི་ཕྱིར་དང༌། ཕྱི་གསལ་དེའི་དུས་ཀྱི་ཤེས་པ་དེ་ཤེས་རབ་ཀྱི་ངོ་བོར་མ་སྐྱེས་པས་དགེ་བའང་མིན་ལ། མ་རིག་པའི་ངོ་བོར་ཡང་ད་དུང་མ་སྐྱེས་པས་མི་དགེ་བའང་མིན་པས་དེས་ན་ལུང་མ་བསྟན་ཅེས་བྱ་ལ། དེ་འཁོར་བའི་ཐོག་མ་ཡིན་ཀྱང་འཁོར་བ་ལ་ཐོག་མ་དང་སེམས་ཅན་ལ་གསར་སྐྱེ་མེད་པའི་ཕྱིར་ཏེ། གཞི་ལ་ཐོག་མ་མེད་ཅིང་གསེར་དང་གཡའ་བཞིན་དྲི་མ་ལྷན་སྐྱེས་བྲལ་རུང་གི་ཚུལ་དུ་ཡོད་པས་འཁོར་བ་ལ་ཐོག་མ་མེད། ནམ་ཞིག་ན་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཞེས་བྱ་བ་འགྱུ་བ་ཙམ་ལ་རླུང་ཞེས་བཏགས་པ་མ་གཏོགས་རླུང་རང་མཚན་པ་མེད་ཀྱང་དེ་ནང་ན་གནས་སྐབས་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཞེས་བྱ་ལ། དེ་ཕྱིར་འཕགས་ས་ན་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཟ་འོག་བེར་ཁྱིམ་ཁ་ཕྱེ་བ་ལྟར་དུ་སྣང་བ་ཡིན་ལ། ལྷུན་གྲུབ་ཀྱི་སྣང་བ་དེ་སྣང་བའི་སྒོ་འབྱེད་བྱེད་ངོ་བོ་སྟོང་པའི་ཆ་དཔེར་ན་ལམ་དུས་སུ་ད་ལྟའི་མཉམ་བཞག་གི་ཡུལ་ན་སྟོང་སང་ངེ་བ་ཞིག་ཡོད་པ་འདི་ཀས་ལྷུན་གྲུབ་ཀྱི་སྣང་བ་དང་ཤེས་པའི་ཆ་ཕྲ་མོ་དེ་གཉིས་མཉམ་ཤར་ཡིན་ཀྱང་གཞི་ལས་གཡོས་ཙམ་མ་གཏོགས་དེ་ཤེས་རབ་ཀྱི་ངོ་བོར་ཡང་མ་སྐྱེས། མ་རིག་པའི་ངོ་བོར་ཡང་མ་སྐྱེས་པར་ལུང་མ་བསྟན་དུ་གནས་པའི་སྐབས་ན་དེས་མ་རིག་པའི་རྒྱུ་བྱས་དེས་ཀ་དག་ཁྲེགས་ཆོད་ཀྱི་རིག་པ་ཚུར་མ་ཤེས་པ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཅེས་བྱ་སྟེ་བསྐལ་པའམ་ཞག་དང་པོ་ཡིན། དེ་ནས་ལྷུན་གྲུབ་ཀྱི་སྣང་བ་ཕར་རང་རྩལ་ཡིན་པར་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་བསྐལ་པའམ་ཞག་གཉིས་པ་ཡིན། དེ་ནས་ཕ་ཀི་ལས་ང་བྱུང་ངམ་ང་ལས་ཕ་ཀི་བྱུང་སྙམ་པའི་གཟུང་འཛིན་རྒྱང་ཆད་དུ་ཞེན་པ་དེ་ལ་ཀུན་བརྟགས་ཀྱི་མ་རིག་པ་ཞེས་བྱ། ཀུན་ཏུ་བཟང་པོ་ཀུན་བརྟགས་ཀྱི་མ་རིག་པ་དེ་མ་ཤར་བའི་སྔོན་དུ་སེམས་ཕྲ་བ་དེ་ཤེས་རབ་ཀྱི་ངོ་བོར་སྐྱེས་ཏེ་ཀ་དག་གི་རང་ངོ་ཤེས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། རྩལ་རང་སྣང་དུ་ཤེས་པས་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་ཤེས་པ་ཤེས་རབ་ཏུ་སྨིན། ཤེས་རབ་ཀྱང་ཆོས་སྐུར་ཐིམ་པས་ཀུན་ཏུ་བཟང་པོ་གྲོལ་བ་ཡིན་ནོ། །སེམས་ཅན་རྣམས་ནི་ངོ་བོ་སྟོང་པའི་གདངས་མི་རྟོག་པ་ལུང་མ་བསྟན་དེས་མ་རིག་པའི་ཉེར་ལེན་གྱི་རྒྱུ་བྱས། རང་བཞིན་གསལ་བའི་གདངས་ལྷུན་གྲུབ་ཀྱི་སྣང་བ་དེས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ཐུགས་རྗེ་ཀུན་ཁྱབ་ཆེན་པོའི་གདངས་སྔ་མའི་ཤེས་པ་ཇེ་རགས་སུ་སོང་བའི་རིག་ཙམ་འགྱུ་ཙམ་དེས་བདག་པོའི་རྐྱེན་བྱས་ནས་འོད་ལྔ་ཡུལ་གྱི་འཁྲུལ་གཞི། སྐུ་ལུས་ཀྱི་འཁྲུལ་གཞི། ཆོས་ཉིད་ཀྱི་སྒྲ་ངག་གི་འཁྲུལ་གཞི། རྩལ་རིག་ཙམ་འགྱུུ་ཙམ་ལ་སེམས་ཀྱི་འཁྲུལ་གཞི་བྱས་ཏེ་ཁམས་གསུམ་འཁོར་བ་འདི་སྣང་བ་ཡིན། དེའི་འཆར་ཚུལ་དྲུག་དང་དག་པ་མྱ་ངན་ལས་འདས་པའི་སྒོ་རང་ངོ་མ་ཤེས་པར་ནུབ་ནས་མ་དག་འཁོར་བའི་སྒོ་མཐོ་རིས་གསུམ་ལ་ཆགས། ངན་སོང་གསུམ་ལ་སྡང་བ་དེ་འཁོར་བའི་བག་ཆགས་ཐམས་ཅད་ཀྱི་ཐོག་མ་ཡིན། དེས་ན་ཆགས་པའི་སེམས་དེ་ཡུལ་གང་ལ་ཞེན་པ་དེ་གཙོ་བོར་སྣང་བའི་ཕྱིར། སྣང་བ་སྔ་མ་དེ་གསུམ་ལ་ཆགས་པའི་དབང་གིས་སྣང་བའི་ལས་སྣང་ཡང་ཡིན་ལ། ལྷུན་གྲུབ་ཀྱི་སྣང་བ་ཡིན་པས་རྩལ་གཟུགས་ཀྱང་ཡིན། དེ་ལྟར་ན་ཁམས་གསུམ་དུ་འཁོར་ཚུལ་ནི་དང་པོའི་སེམས་ཕྲ་བ་དེའི་ཐིམ་རིམ་ལུགས་ལྡོག་ལྟར་གཟུགས་མེད་ནས་རིམ་གྱིས་རྟོག་པ་ཇེ་རགས་སུ་འགྲོ་བ་ལས་འོས་མེད་པས་གཟུགས་མེད་ཀྱི་སེམས་དང་པོ་ཐོབ་པ་ཡིན་ལ་སྐྱེ་བའམ་དེའི་སེམས་ཐོབ་པ་ནི་དེ་དང་དེའི་བསམ་གཏན་སྒྲུབ་པ་ལ་མི་ལྟོས་པར་འབྱུང་བའི་རྒྱུ་མཚན་ཅི་ཡིན་བསམ་ན། དེ་ལ་སེམས་ཕྲ་རགས་སུ་འབྱུང་བའི་རྒྱུ་མཚན་གཉིས་ལས། དང་པོ་སྔར་གདོད་མའི་སྤྱིར་གཞི་མི་རྟོག་ལུང་མ་བསྟན་ལ་ཡུན་རིང་དུ་གནས་པའི་བག་ཆགས་ཀྱི་མཐུ་བརྟས་པ་ལས་ཡིན་ཞིང༌། འདོད་སེམས་རགས་པ་ལ་གོམས་མི་དགོས་པའི་རྒྱུ་མཚན་ཀུན་བརྟགས་ཀྱི་མ་རིག་པ་ཤར་ནས་རིམ་གྱིས་རྟོག་པ་རགས་སུ་སོང་བའི་དབང་གིས་ཡིན། གཉིས་པ་ནི། རྟེན་གྱི་དབང་དུ་ན་གཟུགས་མེད་ལ་ལུས་མེད། གཟུགས་ཁམས་ལ་ལུས་ཙམ་ཡོད་ཀྱང་རགས་པའི་ལུས་མེད་ཅིང༌། དེ་མེད་པས་རགས་པའི་རྩ་རླུང་མེད། དེ་མེད་པས་དེ་ལ་བརྟེན་པའི་སེམས་རགས་པ་མེད་པས་མི་རྟོག་པར་གནས། འོ་ན་གཟུགས་མེད་ལ་ལུས་དྭངས་མ་ལས་མེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྔར་གྱི་སེམས་ཕྲ་བ་དེའི་རྩལ་སྣང་གི་སྐུ་དྭངས་མ་ལ་འཛིན་པ་ཞུགས་པས་སྨིན་པ་ལུས་ལ་སྨིན་ཀྱང་ལུས་རགས་པར་མ་སྨིན་པའི་སྐབས་ཡིན་པའི་གནད་ཀྱི་ཡིན་ལ། ཕྱིན་ཆད་གཟུགས་ཁམས་པའི་ལུས་དེ་ཐོབ་དུས་སྔ་མའི་ལུས་དང་སེམས་དེའི་བག་ཆགས་ཀྱིས་ཕྱི་མའི་ལུས་དང་སེམས་ཐོབ་པར་བྱེད་པ་ཡིན་ནོ། །འདོད་ཁམས་ལ་ལུས་རགས་པ་ཡོད། དེ་ཡོད་པས་དེ་ལ་བརྟེན་པའི་རྩ་རླུང་རགས་པ་ཡང་ཡོད། དེ་ཡོད་པས་དེ་ལ་བརྟེན་པའི་སེམས་རགས་པ་ཡང་རྗེས་སུ་འགྲོ་ལྡོག་གིས་གྲུབ་པས་རྒྱུ་མཚན་གཅིག་ནི་རྟེན་གྱི་སྒོ་ནས་ཀྱང་ཕྱེ་བ་ཡིན་ནོ། །ད་རེས་ལམ་ལྷུན་གྲུབ་སྒོམ་པའི་སྐབས་འདིར་འོད་ལུས་གྲུབ་པས་གྲོལ་བར་འདོད་པ་དང༌། གཟུགས་ཁམས་ལ་འོད་ལུས་ཡོད་ཀྱང་གྲོལ་གོ་མི་ཆོད་པའི་རྒྱུ་མཚན་གཟུགས་ཁམས་པ་ལས་སྔར་བཤད་པ་བཞིན་ལུས་རགས་པ་མེད་པས་རྩ་མེད། རྩ་མེད་པས་རླུང་རགས་པ་མེད། དེ་མེད་པས་དེ་ལ་བརྟེན་པའི་སེམས་རགས་པ་མེད། དེ་མེད་ན་ཤེས་རབ་མེད། ཤེས་རབ་མེད་པས་ཤེས་རབ་རང་བྱུང་གི་སྒྲོན་མ་ངོ་མ་ཤེས། དེ་མ་ཤེས་པས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་མི་ལྡོག །མ་ཟད་རགས་པ་ཀུན་རྫོབ་པའི་རྩ་མེད་པས་དེ་ལ་བརྟེན་པ་དོན་དམ་པའི་དཀར་འཇམ་རྩ་ཡི་སྒྲོན་མའང་མེད། དེ་མེད་ན་ལྷུན་གྲུབ་ཐོད་རྒལ་གྱི་སྣང་བའང་མི་འཆར། དེ་མ་འཆར་བས་ཐབས་མེད་པས་ཐབས་བྱུང་ཤེས་རབ་རང་བྱུང་གི་སྒྲོན་མ་མི་འདྲེན། དེ་འདྲེན་མ་ནུས་ན་རྩལ་དང་ངོ་བོ་ལ་གོམས་པའི་ཡེ་ཤེས་མེད། གཞན་ཡང་ལྷུན་གྲུབ་ཀྱི་སྣང་བ་རང་རྩལ་དུ་མ་ཤེས་ན་བདག་ཉིད་གཅིག་པའི་ལྷན་སྐྱེས་དང་ཀུན་བརྟག་གི་མ་རིག་པ་མི་ལྡོག །དེ་མ་ལྡོག་པས་དེའི་རྩལ་ཉོན་མོངས་སོགས་མི་ལྡོག་པས་དེས་ན་འོད་ལུས་སུ་གྲོལ་བའི་ལམ་མེད་ལ། འདོད་ཁམས་པའི་སྐབས་འདིར་རྩ་རླུང་རགས་པ་ཡོད་པས་སེམས་རགས་པ་གྲུབ། དེ་གྲུབ་པས་བླ་མའི་མན་ངག་གི་སྟོབས་ཀྱིས་སེམས་ཤེས་རབ་ཀྱི་ངོ་བོར་སྐྱེས་ཏེ། དཀར་འཇམ་རྩ་ཡི་སྒྲོན་མ་ལས་ཤར་བའི་ལྷུན་གྲུབ་ཀྱི་སྣང་བ་རང་སྣང་དུ་ངོ་ཤེས། དེ་ཤེས་པས་ནང་ཤེས་རབ་རང་བྱུང་གི་སྒྲོན་མ་འདྲེན། དེ་དྲངས་པས་རྩལ་དང་ངོ་བོ་གཉིས་ལ་གོམས་པའང་ཡོད། །དེ་ཡོད་ན་མ་རིག་པ་སྤང༌། །དེ་སྤངས་པས་ཉོན་མོངས་པ་སྤང༌། །ཉོན་མོངས་པ་སྤང་པས་ལས་སྤང༌། །ལས་སྤངས་པས་ལས་སྣང་དང་རྩལ་གཟུགས་ཀྱིས་བསྐྱེད་པའི་ལུས་རགས་པ་ཡང་ནུབ་ནས་ལྷུན་གྲུབ་རང་གདངས་ཀྱི་འོད་ལུས་གྲུབ་པས་ན་ཞེན་པས་བསྐྱེད་པའི་གཟུགས་ཁམས་ཀྱི་འོད་ལུས་དང་མི་འདྲ་བར་གྲོལ་ཞིང་སངས་རྒྱས་པར་འདོད་དོ། །འདི་ལ་དཔའ་བོ་དང་ཌཱ་ཀིའི་ཚོགས་ཀྱིས་གཉེར་ཞིང་སྲུངས་ལ་དམ་ཉམས་བཀའ་རྐུན་ལག་ཏུ་མ་བཏང་ཞིག །ས་མ་ཡ་༔ ྀཨཐི༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ༈ བླ་མ་ལ་ཕྱག་འཚལ་ལོ། །དགེ་མི་དགེའི་རྣམ་རྟོག་གི་འགྱུུ་ཆ་ཐམས་ཅད་སེམས་ཡིན། བདེ་གསལ་མི་རྟོག་གསུམ་དང༌། གནས་ཆ་ཐོམ་ཡོ་རེ་བ་དང༌། ཅི་དྲན་འདི་དྲན་མེད་པའི་ལུང་མ་བསྟན་དྲན་མེད་ཧད་པོ་དེ་རྣམས་དང༌། ངོ་ཤེས་མཁན་གྱི་འདུ་ཤེས་གྲུང་པོ་སོགས་ལམ་གོང་མས་གཞལ་ན་ལྟ་བྱ་ལྟ་བྱེད་སོགས་གཉིས་འཛིན་ཕྲ་བའི་རིགས་རྣམས་སེམས་ཡིན། རྫོགས་པ་ཆེན་པོའི་ལྟ་བ་དང་རྟོགས་པ་མིན། རིག་པ་དང་ཆོས་སྐུ་ཡེ་ཤེས་གསུམ་དོན་གཅིག །བརྗོད་དུ་མེད་པའི་དོན་རང་ངོ་ཤེས་པས་རིག་པ་གནས་ལུགས་ཡེ་གྲོལ་ཆེན་པོ་རང་གྲོལ་དུ་ཤེས་པ་ཡེ་ཤེས། གནས་འགྱུུ་དང་ལུང་མ་བསྟན་སོགས་མ་རིག་པའི་སྐྱོན་ཐམས་ཅད་དང་བྲལ་བའི་མ་བཅོས་རང་བབ་ཀྱི་དྭངས་ཆ་དེ་ལ་རིག་པ་ཆོས་སྐུ་ཟེར། མ་བཅོས་རང་ངོ་ཤེས་པ་ལྟ་བ། དྲན་མེད་ཡེངས་མེད་ཀྱི་ངང་སྐྱོང་བ་སྒོམ་པ། རྩལ་གྱི་རྣམ་རྟོག་ཐམས་ཅད་ཤར་གྲོལ་དུས་མཉམ་དུ་འགྲོ་བ་སྤྱོད་པ། བཅས་བཅོས་ཐམས་ཅད་དང་བྲལ་བ་འབྲས་བུ། ཆོས་ཅན་སེམས་གྱི་དྭངས་ཆ་རྟོག་མེད་ཀུན་གཞིའི་རྣམ་ཤེས་དང༌། ཆོས་ཉིད་རིག་པའི་དྭངས་ཆ་དྲན་མེད་འོད་གསལ་འཁོར་ལོ་གཉིས་མ་ནོར་བ་གལ་ཆེ། དེ་རྣམས་གོ་ཡུལ་དུ་མ་ལུས་པར་མྱོང་ཐོག་ནས་ཤན་འབྱེད་དགོས། ཉམས་སུ་ལེན་པའི་སྐབས་སེམས་རིག་བཟང་ངན་རིས་སུ་མ་ཆད་པར་གཉིས་མེད་འོད་གསལ་ངང་དུ་ལ་ཟླ་བར་བྱ། མདོར་ན་རིག་པ་རྟོག་མེད་བཅོས་སླད་དང་བྲལ་བའི་རང་བབ་འདི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཟུང་འཇུག་གམ་འགག་པ་མེད་པ་སྤྲུལ་སྐུ་ཡིན་པས་ངོ་འཕྲོད་དགོས། དེའང་སྒོམ་རྒྱུ་ཅི་ཡང་མེད་པ་སྟོང་པ་དེ་གའི་རང་བབ་ཡོངས་སུ་མེད་པ་གསལ་བ། གསལ་སྟོང་རིས་སུ་མ་ཆད་པའི་རིག་ཆ་འགག་པ་མེད་པ་དེ་ལ་ཐུགས་རྗེ་ཟུང་འཇུག་ཟེར་བས། དེ་ལྟར་ཐུགས་ལ་བསྟི་བར་རང་རྒྱུད་ཆུད་ཟོས་མི་འགྲོ་བར་དཔྱད་འཚལ། དགེའོ། །དགེའོ། །དགེའོ།། །།
[edit]

@#/_/thod rgal gnad kyi lde'u mig bzhugs so/ bcom ldan 'das stong gsal mtha' dbus bral ba la phyag 'tshal lo/_/thod rgal skabs gdod ma'i spyi gzhi ye shes sum ldan gyi rang bzhin du bzhugs pa'i skabs na ngo bo'i cha nas yul stong seng nge ba dang*/_rang bzhin gyi cha nas 'od lnga dang*/_thugs rje'i cha shes pa phra mo dper na shel 'od nang du nub pa bzhin du yod dgos te med na phyi gsal du de gsum snang ba'i rgyu med la/_rang bzhin la gsar skyes mi rung ba'i phyir dang*/_phyi gsal de'i dus kyi shes pa de shes rab kyi ngo bor ma skyes pas dge ba'ang min la/_ma rig pa'i ngo bor yang da dung ma skyes pas mi dge ba'ang min pas des na lung ma bstan ces bya la/_de 'khor ba'i thog ma yin kyang 'khor ba la thog ma dang sems can la gsar skye med pa'i phyir te/_gzhi la thog ma med cing gser dang g.ya' bzhin dri ma lhan skyes bral rung gi tshul du yod pas 'khor ba la thog ma med/_nam zhig na shes rab srog tu gyur pa'i rlung zhes bya ba 'gyu ba tsam la rlung zhes btags pa ma gtogs rlung rang mtshan pa med kyang de nang na gnas skabs shes rab srog tu gyur pa'i rlung zhes bya la/_de phyir 'phags sa na lhun grub sgo brgyad kyi snang ba za 'og ber khyim kha phye ba ltar du snang ba yin la/_lhun grub kyi snang ba de snang ba'i sgo 'byed byed ngo bo stong pa'i cha dper na lam dus su da lta'i mnyam bzhag gi yul na stong sang nge ba zhig yod pa 'di kas lhun grub kyi snang ba dang shes pa'i cha phra mo de gnyis mnyam shar yin kyang gzhi las g.yos tsam ma gtogs de shes rab kyi ngo bor yang ma skyes/_ma rig pa'i ngo bor yang ma skyes par lung ma bstan du gnas pa'i skabs na des ma rig pa'i rgyu byas des ka dag khregs chod kyi rig pa tshur ma shes pa rgyu bdag nyid gcig pa'i ma rig pa ces bya ste bskal pa'am zhag dang po yin/_de nas lhun grub kyi snang ba phar rang rtsal yin par ma shes pas lhan cig skyes pa'i ma rig pa ste bskal pa'am zhag gnyis pa yin/_de nas pha ki las nga byung ngam nga las pha ki byung snyam pa'i gzung 'dzin rgyang chad du zhen pa de la kun brtags kyi ma rig pa zhes bya/_kun tu bzang po kun brtags kyi ma rig pa de ma shar ba'i sngon du sems phra ba de shes rab kyi ngo bor skyes te ka dag gi rang ngo shes pas ye shes kyi tshogs rdzogs/_rtsal rang snang du shes pas bsod nams kyi tshogs rdzogs te shes pa shes rab tu smin/_shes rab kyang chos skur thim pas kun tu bzang po grol ba yin no/__/sems can rnams ni ngo bo stong pa'i gdangs mi rtog pa lung ma bstan des ma rig pa'i nyer len gyi rgyu byas/_rang bzhin gsal ba'i gdangs lhun grub kyi snang ba des lhan cig byed pa'i rkyen byas nas thugs rje kun khyab chen po'i gdangs snga ma'i shes pa je rags su song ba'i rig tsam 'gyu tsam des bdag po'i rkyen byas nas 'od lnga yul gyi 'khrul gzhi/_sku lus kyi 'khrul gzhi/_chos nyid kyi sgra ngag gi 'khrul gzhi/_rtsal rig tsam 'gyu+u tsam la sems kyi 'khrul gzhi byas te khams gsum 'khor ba 'di snang ba yin/_de'i 'char tshul drug dang dag pa mya ngan las 'das pa'i sgo rang ngo ma shes par nub nas ma dag 'khor ba'i sgo mtho ris gsum la chags/_ngan song gsum la sdang ba de 'khor ba'i bag chags thams cad kyi thog ma yin/_des na chags pa'i sems de yul gang la zhen pa de gtso bor snang ba'i phyir/_snang ba snga ma de gsum la chags pa'i dbang gis snang ba'i las snang yang yin la/_lhun grub kyi snang ba yin pas rtsal gzugs kyang yin/_de ltar na khams gsum du 'khor tshul ni dang po'i sems phra ba de'i thim rim lugs ldog ltar gzugs med nas rim gyis rtog pa je rags su 'gro ba las 'os med pas gzugs med kyi sems dang po thob pa yin la skye ba'am de'i sems thob pa ni de dang de'i bsam gtan sgrub pa la mi ltos par 'byung ba'i rgyu mtshan ci yin bsam na/_de la sems phra rags su 'byung ba'i rgyu mtshan gnyis las/_dang po sngar gdod ma'i spyir gzhi mi rtog lung ma bstan la yun ring du gnas pa'i bag chags kyi mthu brtas pa las yin zhing*/_'dod sems rags pa la goms mi dgos pa'i rgyu mtshan kun brtags kyi ma rig pa shar nas rim gyis rtog pa rags su song ba'i dbang gis yin/_gnyis pa ni/_rten gyi dbang du na gzugs med la lus med/_gzugs khams la lus tsam yod kyang rags pa'i lus med cing*/_de med pas rags pa'i rtsa rlung med/_de med pas de la brten pa'i sems rags pa med pas mi rtog par gnas/_'o na gzugs med la lus dwangs ma las med pa'i rgyu mtshan ci yin snyam na/_sngar gyi sems phra ba de'i rtsal snang gi sku dwangs ma la 'dzin pa zhugs pas smin pa lus la smin kyang lus rags par ma smin pa'i skabs yin pa'i gnad kyi yin la/_phyin chad gzugs khams pa'i lus de thob dus snga ma'i lus dang sems de'i bag chags kyis phyi ma'i lus dang sems thob par byed pa yin no/__/'dod khams la lus rags pa yod/_de yod pas de la brten pa'i rtsa rlung rags pa yang yod/_de yod pas de la brten pa'i sems rags pa yang rjes su 'gro ldog gis grub pas rgyu mtshan gcig ni rten gyi sgo nas kyang phye ba yin no/__/da res lam lhun grub sgom pa'i skabs 'dir 'od lus grub pas grol bar 'dod pa dang*/_gzugs khams la 'od lus yod kyang grol go mi chod pa'i rgyu mtshan gzugs khams pa las sngar bshad pa bzhin lus rags pa med pas rtsa med/_rtsa med pas rlung rags pa med/_de med pas de la brten pa'i sems rags pa med/_de med na shes rab med/_shes rab med pas shes rab rang byung gi sgron ma ngo ma shes/_de ma shes pas rgyu bdag nyid gcig pa'i ma rig pa mi ldog_/ma zad rags pa kun rdzob pa'i rtsa med pas de la brten pa don dam pa'i dkar 'jam rtsa yi sgron ma'ang med/_de med na lhun grub thod rgal gyi snang ba'ang mi 'char/_de ma 'char bas thabs med pas thabs byung shes rab rang byung gi sgron ma mi 'dren/_de 'dren ma nus na rtsal dang ngo bo la goms pa'i ye shes med/_gzhan yang lhun grub kyi snang ba rang rtsal du ma shes na bdag nyid gcig pa'i lhan skyes dang kun brtag gi ma rig pa mi ldog_/de ma ldog pas de'i rtsal nyon mongs sogs mi ldog pas des na 'od lus su grol ba'i lam med la/_'dod khams pa'i skabs 'dir rtsa rlung rags pa yod pas sems rags pa grub/_de grub pas bla ma'i man ngag gi stobs kyis sems shes rab kyi ngo bor skyes te/_dkar 'jam rtsa yi sgron ma las shar ba'i lhun grub kyi snang ba rang snang du ngo shes/_de shes pas nang shes rab rang byung gi sgron ma 'dren/_de drangs pas rtsal dang ngo bo gnyis la goms pa'ang yod/_/de yod na ma rig pa spang*/_/de spangs pas nyon mongs pa spang*/_/nyon mongs pa spang pas las spang*/_/las spangs pas las snang dang rtsal gzugs kyis bskyed pa'i lus rags pa yang nub nas lhun grub rang gdangs kyi 'od lus grub pas na zhen pas bskyed pa'i gzugs khams kyi 'od lus dang mi 'dra bar grol zhing sangs rgyas par 'dod do/___/'di la dpa' bo dang DA ki'i tshogs kyis gnyer zhing srungs la dam nyams bka' rkun lag tu ma btang zhig_/sa ma ya :_\u0f80athi:_sku'i rgya:_gsung gi rgya:_thugs kyi rgya:__!__bla ma la phyag 'tshal lo/__/dge mi dge'i rnam rtog gi 'gyu+u cha thams cad sems yin/_bde gsal mi rtog gsum dang*/_gnas cha thom yo re ba dang*/_ci dran 'di dran med pa'i lung ma bstan dran med had po de rnams dang*/_ngo shes mkhan gyi 'du shes grung po sogs lam gong mas gzhal na lta bya lta byed sogs gnyis 'dzin phra ba'i rigs rnams sems yin/_rdzogs pa chen po'i lta ba dang rtogs pa min/_rig pa dang chos sku ye shes gsum don gcig_/brjod du med pa'i don rang ngo shes pas rig pa gnas lugs ye grol chen po rang grol du shes pa ye shes/_gnas 'gyu+u dang lung ma bstan sogs ma rig pa'i skyon thams cad dang bral ba'i ma bcos rang bab kyi dwangs cha de la rig pa chos sku zer/_ma bcos rang ngo shes pa lta ba/_dran med yengs med kyi ngang skyong ba sgom pa/_rtsal gyi rnam rtog thams cad shar grol dus mnyam du 'gro ba spyod pa/_bcas bcos thams cad dang bral ba 'bras bu/_chos can sems gyi dwangs cha rtog med kun gzhi'i rnam shes dang*/_chos nyid rig pa'i dwangs cha dran med 'od gsal 'khor lo gnyis ma nor ba gal che/_de rnams go yul du ma lus par myong thog nas shan 'byed dgos/_nyams su len pa'i skabs sems rig bzang ngan ris su ma chad par gnyis med 'od gsal ngang du la zla bar bya/_mdor na rig pa rtog med bcos slad dang bral ba'i rang bab 'di ngo bo stong pa chos sku/_rang bzhin gsal ba longs sku/_thugs rje zung 'jug gam 'gag pa med pa sprul sku yin pas ngo 'phrod dgos/_de'ang sgom rgyu ci yang med pa stong pa de ga'i rang bab yongs su med pa gsal ba/_gsal stong ris su ma chad pa'i rig cha 'gag pa med pa de la thugs rje zung 'jug zer bas/_de ltar thugs la bsti bar rang rgyud chud zos mi 'gro bar dpyad 'tshal/_dge'o/__/dge'o/__/dge'o//_//

Footnotes

Other Information