རྩ་གསུམ་གསོལ་བསྡུས་གྲུབ་གཉིས་འདོད་འཇོ། རྡོ་རྗེའི་ཆོས་སྐྱོང་བའི་ཚོགས་ལ་ཕྲིན་ལས་སུ་བཅོལ་བ་ཆེ་མཆོག་བཞད་པའི་རྔམས་སྒྲ།

From Khyentse Lineage - A Tsadra Foundation Project
DKR-KABUM-11-DA-020
Wylie title rtsa gsum gsol bsdus grub gnyis 'dod 'jo/ rdo rje'i chos skyong ba'i tshogs la phrin las su bcol ba che mchog bzhad pa'i rngams sgra DKR-KABUM-11-DA-020.pdf
Location dil mgo mkhyen brtse bka' 'bum
Volume 11, Text 20, Pages 104-106 (Folios 1a to 3b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rtsa gsum gsol bsdus grub gnyis 'dod 'jo rdo rje'i chos skyong ba'i tshogs la phrin las su bcol ba che mchog bzhad pa'i rngams sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 104-106. Delhi: Shechen Publications, 1994.
Genre Protector Rituals - gsol mchod
[edit]
༄༅། རྩ་གསུམ་གསོལ་བསྡུས་གྲུབ་གཉིས་འདོད་འཇོ་བཞུགས། མཆོད་གཏོར་སོགས་འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ནས། །མ་འགགས་ཐབས་མཆོག་སྒྱུ་མ་རོལ་པའི་གར། །དྲན་པ་ཙམ་གྱིས་ཕན་བདེའི་རེ་སྐོང་བའི། །སྐྱབས་གནས་དཀོན་མཆོག་སྤྱི་དང་ཁྱད་པར་དུ། །སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང༌། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་རྩ་གསུམ་ཆོས་སྲུང་སོགས། །མཆོད་ཅིང་བསྟོད་པའི་མགྲོན་དུ་འོས་པ་རྣམས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །ཆོས་ཀུན་ཀ་དག་བྱང་ཆུབ་སེམས་ཀྱི་རྩལ། །རོལ་པ་འགགས་མེད་རྩ་གསུམ་དཀྱིལ་འཁོར་སྤྲིན། །ཇི་ལྟར་ཤར་ཡང་ཆོས་ཉིད་གཉུག་མའི་བབས། །བསལ་བཞག་སྤང་བླང་བྲལ་བའི་ཕྱག་གིས་འདུད། །ཚོགས་དྲུག་རང་གྲོལ་ཕྱི་མཆོད་འདོད་ཡོན་རྫས། །དུག་ལྔ་གནས་དག་ནང་གི་མཆོད་པའི་སྤྲིན། །བདེ་སྟོང་དགའ་བཞིས་ཉམས་རྩལ་གསང་མཆོད་འབུལ། །ཆོས་ཉིད་འོད་གསལ་གཉུག་མའི་ཀློང་དུ་འབུལ། །བདེ་ཆེན་འདུ་འབྲལ་མེད་པའི་རང་རྩལ་ལས། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་མ་འགགས་པ། །གང་འདུལ་མོས་ངོར་གཙོ་དང་འཁོར་གྱི་ཚུལ། །དག་པ་རབ་འབྱམས་འཁོར་ལོར་འཆར་ལ་བསྟོད། །ཅིར་སྣང་རྒྱན་དུ་ཤར་བའི་ཨ་མྲྀ་ཏ། །སྲིད་རྩ་ཉོན་མོངས་བསྒྲལ་བའི་དམར་ཆེན་བཅུད། །གཟུང་འཛིན་འཁྲུལ་རྟོག་དབྱིངས་དག་བ་ལིཾ་ཏ། །ཟག་མེད་མཆོད་བསྐང་ནམ་མཁའ་མཛོད་ཀྱི་སྒོ། །དགྱེས་དགུར་འཆར་བའི་ཏིང་འཛིན་རོལ་མོ་འདིས། །རང་ཤར་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་བསྐང༌། །དེ་ལྟར་ཐུགས་དམ་གཉན་པོ་བསྐང་བའི་མཐུས། །ཉམས་ཆགས་འགལ་འཁྲུལ་ནོངས་པ་སོར་ཆུད་ནས། །མི་འབྲལ་དམ་ཚིག་གཉན་པོ་རྗེས་དགོངས་ལ། །བདག་ལ་མཆོག་ཐུན་འདོད་དགུའི་དངོས་གྲུབ་སྩོལ། །རྒྱལ་བསྟན་སྤྱི་དང་ངེས་གསང་སྒྲུབ་བརྒྱུད་བརྒྱད། །ལོག་རྟོག་རྐྱེན་གྱིས་ནམ་ཡང་མི་སྒྲིབ་པར། །བཤད་སྒྲུབ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །དོན་གཉིས་ཕན་བདེའི་དགའ་སྟོན་རྒྱས་པར་མཛོད། །མཁས་གྲུབ་སྐྱེས་ཆེན་ཕྲེང་བར་ཕྱོགས་ཀུན་ཁྱབ། །རིགས་བཟང་བློ་གསལ་དད་ལྡན་འདུ་ཚོགས་རྒྱས། །ཀུན་ཀྱང་ལྟ་སྤྱོད་ཏིང་འཛིན་དོན་མཐུན་པས། །འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས་པར་མཛོད། །ཆོས་ལྡན་རྒྱལ་པོ་སྡེ་བཞིའི་མངའ་ཐང་དར། །ནད་མུག་འཁྲུགས་སོགས་དུས་ཀྱི་རྒུད་ཀུན་ཞི། །སྐྱེ་དགུ་ལས་འབྲས་ཡིད་ཆེས་བསྟན་ལ་གུས། །བདེ་སྐྱིད་རྫོགས་ལྡན་གསར་པའི་སྒོ་འཕར་ཕྱེས། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཞི་རྒྱས་དབང་དང་མངོན་སྤྱོད་ལས་ལ་སོགས། །གང་བཅོལ་ཐོགས་མེད་འགྲུབ་པའི་དགེ་མཚན་གྱིས། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རུ་མཚོན་སྒྲེངས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྲུང་སྐྱོབ་ཕྲིན་ལས་ཟབ་མོའི་རོལ་རྩེད་ཀྱིས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཆོས་མཐུན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་མཆོད་གཏོར་ཡོད་ན་གཙང་སར་འབུལ་བ་སོགས་རྗེས་སྤྱི་ལྟར་བྱའོ། །ཞེས་པའང་སྔགས་བཙུན་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་ཛ་ཡནྟུ། ༈ གྲངས་གསོག་སོགས་ཤིན་ཏུ་བསྡུས་པར་འདོན་ན། སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང༌། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་རྩ་གསུམ་ཆོས་སྲུང་རྣམས། །གསོལ་ལོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱད་པར་གྲུབ་པའི་རིག་འཛིན་མཚོ་སྐྱེས་རྗེའི། །སྤྱན་སྔར་ཞལ་བཞེས་བསྟན་པ་སྲུང་མཛད་པའི། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་རྣམས། །མཆོད་གཏོར་འདི་བཞེས་ལས་བཞིའི་དངོས་གྲུབ་སྩོལ། །བསྟན་པ་དར་ཞིང་བསྟན་འཛིན་དབུ་རྨོག་བཙན། །རྒྱལ་ཁམས་བདེ་ཞིང་སྣོད་བཅུད་དཔལ་འབྱོར་རྒྱས། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འདོད་དོན་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཞེས་བརྗོད་དོ།། ༈ རྡོ་རྗེའི་ཆོས་སྐྱོང་བའི་ཚོགས་ལ་ཕྲིན་ལས་སུ་བཅོལ་བ་ཆེ་མཆོག་བཞད་པའི་རྔམས་སྒྲ་བཞུགས་སོ།། ཀཱ་ལ་མ་ཧཱ་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །ཁ་བ་ལྟར་དཀར་ཐུབ་བསྟན་སྲུང་མཛད་ཕྱག་བཞི་པ། །ག་བུར་ངད་བཞིན་ཕྲིན་ལས་ཀུན་ཁྱབ་མ་ནིང་ནག །ང་བདག་དབྱིངས་སྒྲོལ་མཐུ་སྟོབས་དབང་ཕྱུག་ཞལ་བཞི་པ། །ཅ་རེའི་སྤྱན་གྱིས་ཐེག་མཆོག་བསྟན་སྲུང་ཨེ་ཀ་ཙ། །ཆ་ཤས་ཕྲིན་ལས་རེ་ཁཱ་ཡོངས་རྫོགས་ལྷ་ཆེན་པོ། །ཇ་ཧང་མཚམས་སྤྲིན་དུག་གི་ཟེར་འཕྲོ་ཁྱབ་འཇུག་ཆེ། །ཉ་ཟླའི་མདངས་བཞིན་འདོད་དགུའི་སིམ་སྟེར་ངལ་གསོས་པོ། །ཏ་ཐཱ་ག་ཏའི་བསྟན་སྲུང་མཚུངས་མེད་ཞིང་སྐྱོང་མ། །ཐ་ཚིག་ཉེར་དགོངས་ཞིང་སྐྱོང་དྲེགས་པའི་སྡེ་དཔོན་ཆེ། །དཱ་ནུའི་བུའི་དགྲ་ཕུར་སྲུང་སྨན་བཙུན་རྡོ་རྗེ་ལེགས། །ནཱ་ག་བཙན་རྒོད་པེ་ཧར་ཙིའུ་དམར་བདུད་བཙན་ཀླུ། །པཱ་ར་མི་ཏའི་ཐེག་མཆོག་བསྟན་སྲུང་རབ་འབྱམས་ཀུན། །ཕ་མཐའ་བརྡལ་བའི་མཆོད་སྤྲིན་དགྱེས་དགུར་སྟོབས་དང་བཅས། །བ་གླང་ལྟར་རྨོངས་ཡིད་ཅན་སྒྲོལ་དང་བསྟན་རྒྱས་ཕྱིར། །མ་མ་སྡུག་གུས་བུ་ལ་སྐྱོབ་བཞིན་ཁྱེད་བསྐུལ་ན། །ཙ་ཏུར་ཕྲིན་ལས་སྟོབས་ཀྱིས་ཚར་གཅོད་རྗེས་འཛིན་ཞིང༌། །ཚ་གྲང་ནད་གདོན་བགེགས་དང་བར་ཆད་མཐའ་དག་ཞི། །ཛ་ཏིའི་ཤིང་བཞིན་ལུང་རྟོགས་ཕྲིན་ལས་མངའ་ཐང་རྒྱས། །ཝ་སྤྲེལ་ལྟ་བུའི་སྡང་བྱེད་མིང་ཡང་མེད་པར་མཛོད། །ཞྭ་ལམ་རབ་འབྱམས་རྒྱལ་ཚབ་ཆོས་རྗེའི་ཕྱག་སྲོལ་བསྟན། །ཟ་མའི་ཡུན་ཙམ་མ་ཡིན་རྟག་འཕེལ་བཤད་སྒྲུབ་ལས། །འ་འུར་ཙམ་མིན་ཡར་ཟླ་ལྟ་བུར་རྒྱས་པ་ཡི། །ཡ་མཚན་ཆེན་པོས་ས་གསུམ་འཇིག་རྟེན་དགེ་བར་མཛོད། །ར་བ་རྒྱ་མཚོ་ཆེན་པོའི་མུ་ཁྱུད་ཚུན་གནས་འགྲོ། །ལ་ལ་ཙམ་མིན་ཆོས་བཞིན་སྤྱོད་ཅིང་དཀོན་མཆོག་མཆོད། །ཤཱ་ས་ན་ཡི་ལུང་རྟོགས་དབུ་འཕང་ཆེས་མཐོ་བས། །ས་གསུམ་སྐྱེ་དགུའི་ཡིད་ལ་ཕན་བདེའི་དཔལ་སྐྱེད་མཛོད། །ཧ་ལོའི་ལྟ་བུའི་སྙིགས་མའི་ནད་མཚོན་རྒུད་པ་ཞི། །ཨ་ཧོ་ངོ་མཚར་བསྟན་པའི་ཉིན་བྱེད་ས་གསུམ་གསལ། །ཧ་ཧིའི་གསུང་བཞིན་གདུལ་བྱ་ཀུན་གྱི་ཡིད་འཕྲོག་པའི། །ཨ་ཧོའི་ཤིས་པའི་གླུ་སྙན་རབ་ཏུ་སྒྲོགས་པར་མཛོད། །ཅེས་མེ་ཁམས་སྟག་གིས་ངར་སྒྲ་སྒྲོགས་པ་རབ་བྱུང་བཅུ་དྲུག་པའི་ལོར་ཉེ་བའི་ཚནྡྷོ་ཧའི་གདོད་ནས་གྲུབ་པའི་གནས་ཀྱི་ལྟེ་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགེ་འདུན་འདུས་པའི་སྡེར་བཤད་སྒྲུབ་ལས་གསུམ་གྱི་བསྟན་པའི་རྒྱུན་འཛུགས་པའི་ཚེ་ཐུན་མོང་མ་ཡིན་པའི་སྲུང་མའི་ཚོགས་ལ་ཕྲིན་ལས་སུ་བཅོལ་བ་འདི་ཡང་རིག་འཛིན་གྱི་བཙུན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ནག་ཟླའི་བཟང་པོ་གཉིས་པར་བྲིས་པ་འདིས་ཀྱང་བསྟན་འགྲོའི་ཕན་བདེའི་དཔལ་ཡོན་ཅི་དགའ་རྒྱས་ཤིང་བརྟན་པའི་རྒྱུར་གྱུར་ཅིག །།

Footnotes

Other Information