ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ སྨན་བཙུན་གཡུ་སྒྲོན་མའི་གསོལ་མཆོད་བདེ་ཆེན་རོལ་མཚོ༔

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-039
Wylie title yang zab bde chen dpal mo'i thugs kyi me long las: sman btsun g.yu sgron ma'i gsol mchod bde chen rol mtsho: DKR-KABUM-08-NYA-039.pdf
Location dil mgo mkhyen brtse bka' 'bum
Volume 8, Text 39, Pages 294-295 (Folios 1a1 to 2a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las sman btsun g.yu sgron ma'i gsol mchod bde chen rol mtsho. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 294-295. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity rdo rje g.yu sgron ma
Colophon

བཀའ་སྲུང་སྨན་བཙུན་གཡུ་སྒྲོན་མའི༔ གསོལ་མཆོད་བདེ་ཆེན་རོལ་མཚོ་འདི༔ ཁོ་བོ་ཀློང་གྲོལ་རྡོ་རྗེ་ལ༔ ཉམས་དང་རྨི་ལམ་སྣང་བའི་ངོར༔ ལྷ་མོའི་དགྱེས་ཞལ་གསལ་བ་ལས༔ དག་པའི་སྣང་བ་ཤར་བཞིན་སྤེལ༔ དགེ་བས་ལས་བཞི་ལྷུན་གྲུབ་ཤོག༔ མངྒ་ལཾ། དགེའོ།། །།

bka' srung sman btsun g.yu sgron ma'i:_gsol mchod bde chen rol mtsho 'di:_kho bo klong grol rdo rje la:_nyams dang rmi lam snang ba'i ngor:_lha mo'i dgyes zhal gsal ba las:_dag pa'i snang ba shar bzhin spel:_dge bas las bzhi lhun grub shog:_mang+ga laM/_dge'o//_//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃ༔ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ སྨན་བཙུན་གཡུ་སྒྲོན་མའི་གསོལ་མཆོད་བདེ་ཆེན་རོལ་མཚོ་བཞུགས༔ ༁ྃ༔ སྨན་བཙུན་གཡུ་སྒྲོན་མའི་གསོལ་མཆོད་བྱ་བ་ནི༔ གཏོར་མ་དང་ཛ་གད་ཀྱི་སྐྱེམས་ཕུད་བཤམས༔ གཞན་ཡང་མཐུན་རྫས་དང་སྒྲུབ་རྫས་སོགས་འདུ་བགྱིས་ལ༔ རྃ་ཡྃ་ཁྃཿ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་གྱིས་བརླབས་ལ༔ ཀྱེཿ རང་སྣང་སྤྲུལ་པའི་ཞིང་ཁམས་མཆོག༔ གངས་ཆེན་ཤེལ་གྱི་ཟུར་ཕུད་ནས༔ ཕོ་བྲང་གཡུ་ཡི་བ་གམ་ཅན༔ རིན་ཆེན་རྡུལ་བརྩེགས་གཞལ་ཡས་ནས༔ ཡིད་འོང་ལྷ་མོ་གཡུ་སྒྲོན་མ༔ སྒྲུབ་པོར་བརྩེ་བའི་གྲོགས་གཅིག་མ༔ བདེ་ཆེན་སྦོར་བའི་མཛའ་ན་མོ༔ ཕྲིན་ལས་སྒྲུབ་པའི་བཀའ་སྲུང་མ༔ གདུང་བས་འབོད་དོ་ད་ཚུར་བྱོན༔ རང་མདུན་འཇའ་འོད་གུར་ཁྱིམ་དབུས༔ ལྷ་མོ་མེ་ཏོག་མནྡྷ་ར༔ མཛེས་སྡུག་འཇོ་སྒེག་ཉམས་དང་ལྡན༔ བཞིན་རས་ཟླ་བའི་དཔལ་ལ་འཁུ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་མ༔ ལྷ་གོས་ལྗང་སྔོན་ན་བཟའ་དང༔ རིན་ཆེན་གསེར་གཡུའི་སྙན་ཆ་མཛེས༔ གཞན་ཡང་རཏྣ་མེ་ཏོག་གིས༔ ཐོད་བཅིངས་དོ་ཤལ་འཕྱང་འཕྲུལ་གཡོ༔ ཕྱག་གཡས་མདའ་དར་མེ་ལོང་བརྒྱན༔ གཡོན་པ་དངུལ་སྐྱོགས་ནོར་བུ་ཡིས༔ བཀང་བ་བསྣམས་ནས་འདོད་རྒུ་སྩོལ༔ ཞབས་གཉིས་པདྨའི་གདན་ལ་ནི༔ མཉམ་པའི་སྟབས་ཀྱིས་དགྱེས་པར་བཞེངས༔ ཆགས་པའི་ཟུར་མིག་འོད་ཞགས་སྐྱོངས༔ ཁྱེད་ལ་དགྱེས་པའི་མཆོད་པ་ནི༔ རྟེན་རྫས་བསྒྲུབ་རྫས་མཆོད་བསྐང་རྫས༔ མ་ཆགས་མེད་པའི་མཆོད་སྤྲིན་གྱིས༔ ཐུགས་ཀྱི་དགྱེས་པ་སྐོང་པར་མཛོད༔ ཁྱད་པར་བཟའ་བཅའ་ལྡག་མྱང་རྫས༔ ཞིམ་དགུའི་མཉེས་མཆོད་དགྱེས་པར་རོལ༔ ཕྱི་ལྟར་སྣང་བ་དབང་དུ་སྡུས༔ ནང་ལྟར་རླུང་སེམས་སྲིད་པའི་རྒྱུ༔ རྩ་ཡི་མཛེས་སྤྱིར་འུབ་ཆུབ་མཛོད༔ གསང་བ་ལྷན་ཅིག་སྐྱེས་སྦྱོར་གྱི༔ བཅུ་དྲུག་དགའ་བའི་ཡེ་ཤེས་མཆོག༔ སྦྱོར་བའི་གྲོགས་མཛོད་གཡོ་ལྡང་དང༔ སྨོན་དང་འཛིན་འཇུག་གནས་པ་དང༔ མཐར་ཕྱིན་བྱང་ཆུབ་སེམས་འབྱོངས་ནས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འགྲུབ༔ ཐབས་ཀྱི་ལམ་མཆོག་རྩེ་མོར་ཕྱིན༔ ཤེས་སྒྲིབ་ཆ་དང་བཅས་དག་ནས༔ རྡོ་རྗེ་འཆང་དངོས་འགྲུབ་པ་ཡི༔ དགའ་སྟོན་དེང་འདིར་བསྩལ་དུ་གསོལ༔ གཞན་ཡང་ཚེ་ཆོས་ཟས་ནོར་དང༔ རྨ་གཡང་སྙན་གྲགས་རླུང་རྟ་ཀུན༔ ཡར་ངོའི་ཟླ་བ་ལྟ་བུར་མཛོད༔ ལས་བཞི་རབ་འབྱམས་མ་ལུས་ཀུན༔ ཐོགས་པ་མེད་པར་བསྒྲུབ་ཏུ་གསོལ༔ བཅོལ་བའི་ལས་རྣམས་མྱུར་མགྱོགས་སྒྲུབས༔ བཀྲ་ཤིས་དཔལ་གྱིས་འཛམ་གླིང་ཀུན༔ ཁྱབ་པའི་དགེ་མཚན་རྒྱས་གྱུར་ཅིག༔ བཀའ་སྲུང་སྨན་བཙུན་གཡུ་སྒྲོན་མའི༔ གསོལ་མཆོད་བདེ་ཆེན་རོལ་མཚོ་འདི༔ ཁོ་བོ་ཀློང་གྲོལ་རྡོ་རྗེ་ལ༔ ཉམས་དང་རྨི་ལམ་སྣང་བའི་ངོར༔ ལྷ་མོའི་དགྱེས་ཞལ་གསལ་བ་ལས༔ དག་པའི་སྣང་བ་ཤར་བཞིན་སྤེལ༔ དགེ་བས་ལས་བཞི་ལྷུན་གྲུབ་ཤོག༔ མངྒ་ལཾ། དགེའོ།། །།

Footnotes

Other Information