ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས། དབྱངས་ཅན་དམར་མོའི་གསང་སྒྲུབ། ཡིད་བཞིན་འཕྲུལ་མཛོད་ཀྱི་ཕྱི་དབང་གི་མཚམས་སྦྱོར་བདེ་ཆེན་དཔལ་མཛེས།

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-037
Wylie title yang zab bde chen dpal mo'i thugs kyi me long las/ dbyangs can dmar mo'i gsang sgrub/ yid bzhin 'phrul mdzod kyi phyi dbang gi mtshams sbyor bde chen dpal mdzes DKR-KABUM-08-NYA-037.pdf
Location dil mgo mkhyen brtse bka' 'bum
Volume 8, Text 37, Pages 284-290 (Folios 1a to 7b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las dbyangs can dmar mo'i gsang sgrub yid bzhin 'phrul mdzod kyi phyi dbang gi mtshams sbyor bde chen dpal mdzes. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 284-290. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dbyangs can dmar mo
Colophon

།ཞེས་པའང་མདོ་སྨད་བྱང་ཕྱོགས་ཀྱི་གྲུབ་དབང་ནམ་མཁའི་དགོངས་གཏེར་དབྱངས་ཅན་དམར་མོའི་དབང་ལུང་གི་རྒྱུན་རྗེ་དེ་ཉིད་ཀྱི་མདུན་ནས་མཁས་གྲུབ་ཆེན་པོ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་སྲས་མཁན་ཆེན་ཞི་འཚོའི་མཆོག་སྤྲུལ་སྐུ་ཕྲེང་གཉིས་པའི་སྤྱན་སྔ་ནས་དགྱེས་བཞིན་ནོད་པའི་དགོས་པ་བཞིན་དད་མཁྱེན་ཡངས་པ་སྔགས་བཙུན་རྡོ་རྗེ་འཆི་མེད་རྣམ་རྒྱལ་ནས་ཆེད་དུ་བསྐུལ་བ་བཞིན་ན་ཚོད་སྨིན་པའི་སྔགས་རྒན་ལྷོ་ཕྱོགས་མ་ལ་ཡ་ཙནྡན་འཁྲིགས་པའི་སྨན་ལྗོངས་སུ་ཀུན་ཏུ་རྒྱུ་བའི་སྐབས་བྲིས་པ་འདིས་ཀྱང་གསང་སྔགས་སྙིང་པོའི་བསྟན་པའི་ལྷོ་རླུང་གི་རེག་བྱས་རྨོངས་པའི་ཚ་གདུང་སེལ་ནས། འཆད་རྩོད་རྩོམ་པའི་དགའ་སྟོན་གྱི་དཔལ་ལ་རོལ་པའི་བསྟན་འཛིན་གྱི་འདུས་པས་ཡངས་པའི་དབྱིག་འཛིན་མཛེས་བྱེད་དུ་གྱུར་ཅིག །མངྒ་ལཾ། དགེའོ།། །།

/zhes pa'ang mdo smad byang phyogs kyi grub dbang nam mkha'i dgongs gter dbyangs can dmar mo'i dbang lung gi rgyun rje de nyid kyi mdun nas mkhas grub chen po chos dbyings stobs ldan rdo rje'i sku gsung thugs kyi sras mkhan chen zhi 'tsho'i mchog sprul sku phreng gnyis pa'i spyan snga nas dgyes bzhin nod pa'i dgos pa bzhin dad mkhyen yangs pa sngags btsun rdo rje 'chi med rnam rgyal nas ched du bskul ba bzhin na tshod smin pa'i sngags rgan lho phyogs ma la ya tsan+dan 'khrigs pa'i sman ljongs su kun tu rgyu ba'i skabs bris pa 'dis kyang gsang sngags snying po'i bstan pa'i lho rlung gi reg byas rmongs pa'i tsha gdung sel nas/_'chad rtsod rtsom pa'i dga' ston gyi dpal la rol pa'i bstan 'dzin gyi 'dus pas yangs pa'i dbyig 'dzin mdzes byed du gyur cig__/mang+ga laM/_dge'o//__//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༄༅། །ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས། དབྱངས་ཅན་དམར་མོའི་གསང་སྒྲུབ། ཡིད་བཞིན་འཕྲུལ་མཛོད་ཀྱི་ཕྱི་དབང་གི་མཚམས་སྦྱོར་བདེ་ཆེན་དཔལ་མཛེས་བཞུགས།།

༄༅། །ན་མོ་གུ་རུ་སྭ་ར་སྭ་སྟི་པྲཛྙཱ་དེ་ཝ་བྷྱཿ འདི་ལ་གསུམ། སྦྱོར་བ་བཤམས་བཀོད་ནི། རྡུལ་ཚོན་ནམ་རས་བྲིས་གང་རུང་གི་དཀྱིལ་འཁོར་ཟླ་གམ་དམར་པོ་སྒོ་གཅིག་པའི་དབུས་པདྨ་འདབ་བརྒྱད་མཛེས་ཚོན་ཅན་གྱི་ལྟེ་བར་ཧྲཱིཿཡིག་དམར་པོས་མཚན་པའི་སྟེང་མཉྫི་ལ་རིན་པོ་ཆེའི་བུམ་པ་སོ་ལྔའི་བཅུད་ལྡན། གསང་ཐོད། རིག་ཙཀ །སིནྡྷཱུ་རའི་རྡུལ་གྱི་ཐིག་ལེ་བྱས་པའི་མེ་ལོང༌། མན་ཤེལ། ཕྱག་མཚན་པི་ཝཾ་གཞུང་ལྟར་བཅའ་སྒྲུབ་བྱས་པ། ཞི་ཆས་བཅས་ཀྱི་མཐར་ཉེར་སྤྱོད་མཆོད་པས་བསྐོར། སྨན་རཀ་གཏོར་མ། ཚོགས། བཀའ་སྲུང༌། ཆད་བརྟན་གྱི་གཏོར་མ། འབྱོར་ན་མར་མེའི་མཆོད་པ་གཙང་ལ་དག་པ་བརྒྱ་རྩ་སོགས་ཅི་འབྱོར་བཅས་བཤམས། སློབ་དཔོན་གྱི་མདུན་དུ་ཌཱ་རུ། རྡོར་དྲིལ། འཐོར་ནས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། སྒྲུབ་པ་པོ་བདེ་བའི་སྟན་ལ་འཁོད་པས་ངེས་འབྱུང་དང་དད་པས་རྒྱུད་བསྐུལ་ཏེ་བརྒྱུད་པའི་གསོལ་འདེབས། སྐྱབས་སེམས་ནས་བརྩམས། བདག་མདུན་དབྱེར་མེད་བཟླས་བསྒོམ་བྱས་ལ་བསྙེན་བཟླས་ཅི་ནུས་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་འཕགས་མ་དབྱངས་ཅན་མ་རིགས་བདག་དང་བཅས་པ་མ་འདྲེས་གསལ་རྫོགས་སུ་བཞུགས་པའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་གསལ་ལ་གཟུངས་ཐག་བཟུང་སྟེ། བཟླས་པ་ཅི་ནུས་བྱས་ནས། མཆོད་བསྟོད་ཡིག་བརྒྱའི་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་འོད་དུ་ཞུ་ནས་བུམ་ཆུ་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་འོད་ཞུ་བྱས་ལ་རིག་པའི་མེ་ཏོག་དོར། བསྐང་བཤགས་སྔོན་དུ་འགྲོ་བས་ཚོགས་ཀྱི་མཆོད་པ་བཅས་བྱས་ནས། ཁྲུས་བགེགས་བསྐྲད། སྲུང་འཁོར་བཅས་དབང་དངོས་ཀྱི་དང་པོ་སྦྱོར་བའི་ཆོས་ནི་དད་བརྩོན་ལྡན་པའི་སློབ་མ་བོས་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཡང་དག་པ་ཞིག་སྒྲུབ་པ་ལ་རྣོ་མྱུར་ཟབ་པའི་ཤེས་རབ་ཁྱད་པར་ཅན་སྒྲུབ་འོས་ཏེ། མ་ཧཱ་གུ་རུའི་ཞལ་ནས། ཚེ་དང་དབང་ཐང་འབྱོར་ལྡན་ཀྱང༔ ཤེས་རབ་མེད་ན་ཀུན་གྱིས་བརྙས༔ དེ་ཕྱིར་འདི་དང་ཕྱི་མའི་དོན༔ ཤེས་རབ་ལྡན་པས་འཕྲལ་དུ་འགྲུབ༔ ཅེས་གསུངས་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཤེས་རབ་ཡིན་ཅིང༌། དེར་མ་ཟད་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ལམ་ཡང་དག་པ་མ་ནོར་བའི་རྩ་བ་ཤེས་རབ་ཁོ་ནར་བསྔགས་ཤིང་ཤེས་རབ་ཀྱི་མཆོག་ལྷག་མཐོང་བདག་མེད་རྟོགས་པའི་ཤེས་རབ་ནི་འཕགས་པའི་ས་མངོན་དུ་མ་གྱུར་གྱི་བར་རྒྱུད་ལ་བསྐྱེད་མི་ནུས་ཀྱང༌། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་ཟབ་མྱུར་དང༌། མི་བརྗེད་པའི་གཟུངས་ཀྱི་སྒོ་དང༌། སྤོབས་པའི་གཏེར་ཆེན་པོ་སྒྲུབ་པའི་ཐབས་མདོ་རྒྱུད་མན་ངག་གི་དགོངས་པ་དུ་མ་འབྱུང་བ་བཞིན་བསྒྲུབས་ན་བདེ་བླག་ཏུ་ཤེས་རབ་ཁྱད་པར་ཅན་བསྐྱེད་ནུས་པས། དེའི་ཚུལ་བཀའ་གཏེར་དག་སྣང་གི་བཀའ་བབ་མཐའ་ཡས་པ་ཞིག་བཞུགས་པའི་བྱེ་བྲག་སྔ་འགྱུར་བསྟན་པའི་རྒྱན་གཅིག་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཐུགས་སྲས་པདྨ་ཐུགས་མཆོག་རྡོ་རྗེའམ། རྒྱལ་སྲས་ཆོས་ཀྱི་གོ་ཆ་ཞེས་པ་མཁས་ཤིང་དངོས་གྲུབ་བརྙེས་པའི་སྐྱེས་བུ་ཁྱད་པར་ཅན་མདོ་སྨད་བྱང་ཕྱོགས་རེབ་སྐོང་རིག་པའི་འབྱུང་གནས་ཀྱི་བསྟན་འགྲོའི་དཔལ་མགོན་ཆེན་པོ་གང་གི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱུང་བའི་ཤེས་རབ་ལྷ་མོ་དབྱངས་ཅན་དམར་མོའི་གསང་སྒྲུབ་ཡིད་བཞིན་འཕྲུལ་མཛོད་ཀྱི་བྱིན་རླབས་དབང་གི་ཆོ་ག་བགྱིད་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་ཐུགས་རྗེའི་སོགས། དབང་གི་ཐོག་མར་དོན་དམ་ཡེ་ཤེས་ཀྱི་མཁའ་འགྲོ་གདོད་ནས་ལྷན་སྐྱེས་སུ་བཞུགས་པ་མངོན་དུ་བྱ་བའི་ཕྱིར་ཀུན་རྫོབ་རྣམ་པ་རྟགས་ཀྱི་མཁའ་འགྲོ་རྒྱལ་ཀུན་ཡུམ་གཅིག་མཚོ་བྱུང་དཔལ་མོ་སྐྱབས་ཀུན་འདུས་པའི་བདག་ཉིད་རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་ལ་དད་པས་སྐྱབས་སུ་གསོལ་བས་བདེན་གཉིས་འདུ་འབྲལ་མེད་པའི་དེ་ཉིད་མངོན་དུ་གྱུར་ཅིག་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ། གདོད་ནས་རྣམ་དག་སྐུ་གསུམ་མཁའ་འགྲོ་ཡི༔ ངོ་མཚར་རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ལ༔ ཤེས་དང་ཤེས་བྱ་བདག་ཉིད་གཅིག་པ་རུ༔ འདུ་འབྲལ་མེད་པའི་ངང་ནས་སྐྱབས་སུ་མཆི༔ ཆོས་ཉིད་བདེ་བ་ཆེན་པོའི་ཐིག་ལེར་རང་གཞན་ཡིད་ཅན་ཐམས་ཅད་གཞན་དུ་མ་གཡོས་པར་གནས་ཀྱང་གནས་ལུགས་ཇི་བཞིན་མ་རྟོགས་པའི་འཁྲུལ་སྣང་རྒྱུ་འབྲས་ལ་སྤྱོད་པས་མེད་སྣང་སྲིད་པའི་སྡུག་བསྔལ་བསལ་བའི་ཕྱིར་མཆོག་ཏུ་མི་འགྱུར་བདེ་ཆེན་ཡེ་ཤེས་ཀྱི་བདག་མོ་བསྒྲུབ་ནས་འཕོ་མེད་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་བྱ་བའི་བདག་གིས་རྒྱུད་སྨིན་པའི་ལམ་ལ་འཇུག་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ མཐའ་མེད་འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ ཡང་དག་ཞི་བ་མཆོག་གི་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་དབྱངས་ཅན་ཁྱོད་སྒྲུབ་ནས༔ འགྲོ་རྣམས་བདེ་ཆེན་ས་ལ་འགོད་པར་བགྱི༔ ཚོགས་ཀྱི་ཞིང་དེ་དག་གི་སྤྱན་སྔར་རྒྱུད་རྣམ་པར་དག་ཅིང་ལམ་བདེ་བླག་ཏུ་བགྲོད་པའི་ཕྱིར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པའི་རྗེས་ཟློས་ལན་གསུམ་མཛོད། ཧཱུྃ༔ གཞི་དབྱིངས་ཀློང་དུ་སོགས། ཕྱོགས་དུས་འདྲེན་པ་ཡོངས་ཀྱི་རྣམ་ཐར་བཞིན་སྡོམ་གསུམ་གནང་བཀག་གི་རིམ་པ་ལས་མ་འདས་པ་བླང་ཞིང་བསྲུང་བར་བགྱི་སྙམ་པས་རྗེས་ཟློས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་བསྐྱེད། བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །ལན་གསུམ། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་ཕྱིར་སྒོ་གསུམ་ཐ་མལ་དུ་མ་སོང་བར་དམིགས་པ་འདི་ལྟར་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་སོགས། སྣོད་བཅུད་རྒྱུད་གསུམ་ཐ་མལ་འཁྲུལ་རྟོག་གི་མཚན་འཛིན་དབྱིངས་སུ་དག་པའི་བདེ་ཆེན་ཡེ་ཤེས་ཀྱི་རང་རྩལ་ཡེ་ཤེས་རང་སྣང་འོག་མིན་རྡོ་རྗེ་དབྱིངས་དང་ཐ་མི་དད་པའི་མཁའ་སྤྱོད་སྤྲུལ་པའི་གྲོང་ཁྱེར་ཆོས་དབྱིངས་དྷཱུ་མ་ཐཱ་ལའི་ཞིང་མཆོག་རྣམ་པ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བ། ལྷ་དང་དྲང་སྲོང་དྲི་ཟའི་ཚོགས་ཀྱིས་བསྙེན་པའི་གནས། འོ་མའི་རྒྱ་མཚོ། མེ་ཏོག་གི་སྐྱེད་ཚལ། སྨན་ཤིང་གི་ངད་པ་ལྡང་བའི་ཁྲོད་དུ་བྱ་དང་རི་དྭགས་བུང་བ་རྣམས་བག་ཕེབས་ཤིང༌། ཆོས་ཀྱི་དོན་དང་ལྡན་པའི་གླུ་སྙན་རོལ་མོ་སྒྲོགས་པའི་དབུས་སུ་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་བདེ་ཆེན་འདུ་འབྲལ་མེད་པའི་ཐིག་ལེ་གཅིག་ཏུ་སྡོམ་པའི་དབང་གི་ཕོ་བྲང་བདེ་དྲོད་ཀྱི་རང་འོད་འཁྲིགས་པའི་དབུས་སུ་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་ལྟེ་བར་རང་རིག་ཧྲཱིཿཡིག་དམར་པོ་འོད་དུ་ཞུ་བ་ལས་རྒྱལ་ཀུན་གསུང་གི་རྡོ་རྗེ་རྗེས་ཆགས་དཔལ་མོ་དབྱངས་ཅན་ཌཱ་ཀི་རྒྱལ་མོའི་རྣམ་པར་བཞེངས་པ། བརྒྱད་ཟུང་ལང་ཚོས་དྲེགས་པའི་སྨིན་ལེགས་ཀྱི་མཚན་དཔེ། མཛེས་སྡུག་ཞལ་བཟང་གི་ཚལ་དུ་སྤྱན་ཟུར་མིག་གི་བུང་བ་གནག་སྣུམ་དུ་གཡོ་བ། འཛུམ་པའི་ཞལ་དང་གཙང་མའི་ཤངས་བུག་ལ་ཨུཏྤལའི་དྲི་ངད་འཐུལ་བ། ཚེམས་ཕྲེང་མུ་ཏིག་དོག་པའི་སྦུབས་སུ་འཇམ་མཉེན་ལྗགས་ཀྱི་རྩེ་ལས་རྡོ་རྗེ་ནཱ་དའི་དགྱེས་གླུ་དར་དིར་སྒྲོགས་པས་གཡོ་བའི་གར་ཅན། པདྨའི་ལྕུག་མ་ལྟར་མཉེན་ལྕུག་གི་ཕྱག་ཟུང་ནོར་བུ་དབང་གི་གཟི་འབར་དང་དྲི་མ་མེད་པའི་མེ་ལོང་འགྱིང་ཞིང་སྒེག་པས་འཛིན་པ། མཐོན་མཐིང་རལ་པའི་ནགས་ཚལ་རིན་པོ་ཆེ་སྣ་ཚོགས་པའི་ལན་ཚར་ཅན་གྱི་ཐོར་ཚུགས་ལ་ཉིན་བྱེད་ལྟར་འབར་བའི་ནོར་བུས་བརྗིད་ཅིང༌། ལྷག་མ་ལྕང་ལོའི་ཚུལ་དུ་འཕྱང་བ། འདོད་པའི་མྱོས་བུམ་མཐོ་ཞིང་སྐེད་སྐབས་ཕྲ་བ། རྒྱས་པའི་ཆུ་སྐྱེས་མཁྲེགས་ཤིང་བརླ་ཡི་ཆུ་སྐྱེས་འཇམ་པ། ལྗིད་ཀྱིས་སྤངས་བའི་ལྷ་རྫས་ཀྱི་ན་བཟས་བཀླུབས་ཤིང་རིན་ཐང་བཟུང་མི་ནུས་པའི་རྒྱན་ཆས་བྱེ་བས་སྤྲས་པའི་ཞབས་ཟུང་མཉམ་པའི་སྟབས་ཀྱིས་བཞུགས་པའི་སྐུ་སྣང་སྟོང་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་བཀོད་པ་བློ་ལས་འདས་པའི་དག་པ་རབ་འབྱམས་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་ཡོངས་སུ་རྫོགས་པའི་རིགས་ཀྱི་བདག་པོ་ཁྱབ་བདག་འཇམ་པའི་རྡོ་རྗེར་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིས་མཚན་པ་གསལ་བས། བླ་མ་དང་ལྷག་པའི་ལྷ་ཐ་མི་དད་པར་མོས་གུས་གདུང་ཤུགས་བསྐྱེད་དེ་བསྐུལ་བས་སྐུ་གསུམ་དག་པ་རབ་འབྱམས་ཀྱི་ཞིང་ནས་ཆོས་དབྱིངས་བདེ་བ་ཆེན་པོའི་འཁོར་ལོར་བཞུགས་པའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བསམ་ལ། སྤོས་རོལ་དབྱངས་དང་བཅས་ཏེ། ཨེ་མ་ཧོཿ གནས་འོག་མིན་མཁའ་སྤྱོད་གཡུ་ལོ་བཀོད༔ ཡུལ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་སོགས༔ ཞིང་དག་པ་རབ་འབྱམས་གར་བཞུགས་ནས༔ མ་ཆོས་སྐུ་ཡུམ་ཆེན་ཀུན་ཏུ་བཟང༔ དཔལ་ལོངས་སྤྱོད་རྫོགས་མཛད་ཝ་རཱ་ཧི༔ ལྷ་འཇམ་དཔལ་དགྱེས་སྐྱེད་ཚངས་སྲས་མོ༔ ཡུམ་རྗེ་བཙུན་ཨརྻ་ཏཱ་རེ་མ༔ མགོན་པདྨའི་ལྕམ་གཅིག་མཁར་ཆེན་བཟའ༔ ཡུལ་ཉེར་བཞིའི་དཔའ་བོ་ཌཱཀྐིའི་ཚོགས༔ འདིར་གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ན༔ དུས་སྐད་ཅིག་ཉིད་ལ་བྱོན་ནས་ཀྱང༔ དོན་ཡུམ་ཆེན་དགོངས་པ་མངོན་གྱུར་མཛོད༔ སླར་མི་བརྗེད་གཟུངས་དང་མི་འཇིགས་སྤོབས༔ དོན་མི་ཟད་བློ་གྲོས་སྣང་བ་སྩོལ༔ མཆོག་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ༔ བཛྲ་ཌཱཀྐི་ནི་ས་མཱ་ཡ་ཧྲཱིཾཿཧྲཱིཾཿཛཿཛཿ ཏིཥྛ་བཛྲས་བརྟན་པར་བྱ། གཉིས་པ་དབང་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་གི་སླད་དུ་གཙོ་མོའི་ཐུགས་ཀའི་འོད་ཀྱི་དབང་ལྷ་མཁའ་ཁྱབ་ཏུ་སད་པ་དང་ཆབས་ཅིག་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་བུམ་པའི་དབང་བསྐུར་བར་གྱུར། ཧཱུྃཿ རིན་ཆེན་བུམ་པ་སོགས། བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་ཁྲུས་བྱས་ཏེ་མྱངས་བས་དྲི་མ་ཐམས་ཅད་སྦྱངས། ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྐྱེས། ལུས་སྣང་སྟོང་སྒྲིབ་བྲལ་དུ་གྱུར་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར། མདུན་རྟེན་འཕགས་མའི་སྐུ་ལས་རང་འདྲ་བ་ཞིག་རྒྱངས་ཀྱིས་བྱོན་ནས་དཔྲལ་བར་ཐིམ་པས་སྣང་སྟོང་སྐུ་རྡོ་རྗེའི་ལུས་ལ་རྒྱས་བཏབ་པར་མོས་ཤིག ཧྲཱིཿ སྣང་སྟོང་གཉིས་མེད་སོགས། འཕགས་མའི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་བར་མ་ཆད་དུ་བྱུང་མགྲིན་པར་ཐིམ་པས་གྲགས་སྟོང་གསུང་རྡོ་རྗེའི་ངག་ལ་རྒྱས་གདབ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཨཱཿ ཟབ་ཅིང་རྒྱ་ཆེ་སོགས། འཕགས་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་པི་ཝཾ་ཆོས་སྒྲ་སྒྲོགས་བཞིན་པ་བྱུང་བ་སྙིང་གར་ཐིམ་པས་ཐུགས་རྡོ་རྗེའི་ཡིད་ལ་རྒྱས་གདབ་པར་མོས་ཤིག །པི་ཝཾ་སྙིང་གར་བཞག་ལ། ཧཱུྃ༔ སྟོང་ཉིད་ཆོས་ཀྱི་རྡོ་རྗེ་སོགས། འཕགས་མའི་ལྟེ་བ་ནས་ཟག་མེད་ཀྱི་ཡོན་ཏན་མཚོན་པའི་རྒྱན་ཆས་ཀྱི་རྣམ་པ་སྤྲོས་ཏེ་མངའ་གསོལ་བའི་ཚུལ་དུ་ཕུལ་བས་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་མོས་ཤིག །ཞི་ཆས་གཏད་ལ། ཧྲཱིཿ ནང་དུ་ཟག་མེད་སོགས། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་ལ་བརྟེན་པའི་བུམ་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས། སྦྱང་གཞི་སྣང་སྟོང་སྐུ་རྡོ་རྗེའི་དཀྱིལ་འཁོར་མངོན་དུ་བྱས། སྦྱོང་བྱེད་བུམ་པའི་དབང་ཐོབ་པས་ལམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། སྦྱང་བྱ་ཀུན་རྫོབ་སྣོད་བཅུད་རྒྱུད་གསུམ་འཁྲུལ་རྟོག་དག །སྦྱངས་འབྲས་སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ་མདུན་གྱི་འཕགས་མ་རིགས་བདག་འཇམ་དཔལ་གཞོན་ནུ་དང་མཉམ་པར་སྦྱོར་བའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ལ་བྱིན་པས་རོལ་པར་མོས་ཤིག །བདུད་རྩི་མྱང་དུ་གཞུག་ལ། ཧཱུྃ༔ དགའ་བ་ཆེན་པོ་སོགས། ཞེས་བདུད་རྩི་རོལ་པས་དྭངས་མ་ལུས་གནས་ཐམས་ཅད་ལ་ཁྱབ་པས་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་མོས་ཤིག །དེས་སློབ་དཔོན་གྱི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལ་བརྟེན་པའི་གསང་བ་བདུད་རྩི་བྱང་ཆུབ་སེམས་ཀྱི་དབང་ཐོབ། སྦྱང་གཞི་གྲགས་སྟོང་གསུང་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱས། སྦྱོང་བྱེད་གསང་དབང་ཐོབ་པས་ལམ་བདག་བྱིན་རླབས་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། སྦྱང་བྱ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ལས་རླུང་རྡོ་རྗེའི་བཟླས་པར་དག །སྦྱངས་འབྲས་ལོངས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་མདུན་བསྐྱེད་འཕགས་མ་ལས་རང་འདྲ་གཉིས་པ་སྤྲོས། རང་འཇམ་དཔལ་དུ་གསལ་བ་དང་གཉིས་སུ་མེད་པར་རོལ་པའི་བདེ་བ་སྟེར་བར་མོས་ཤིག །རིག་ཙཀ་གཏད་ལ། ཨཱཿ སྟོང་པའི་དབྱིངས་ལས་སོགས། དེས་གསང་བ་ཕྱག་རྒྱའི་པདྨོའི་རེག་པ་ལ་བསྟེན་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྦྱང་གཞི་བདེ་སྟོང་ཐུགས་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱས། སྦྱོང་བྱེད་ཤེར་དབང་ཐོབ་པས་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་ལ་དབང༌། སྦྱང་བྱ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་བདེ་བ་ཆེན་པོ་དག །སྦྱངས་འབྲས་ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །བཞི་པ་ཚིག་དབང་རིན་པོ་ཆེའི་ངོ་སྤྲད་པ་ལ། གསུམ་པའི་ལྷན་སྐྱེས་ལ་བརྟེན་པའི་རྗེས་ཤེས་བཞི་པའི་དབང་དོན་དགོངས་པས་ངོ་སྤྲད་ཅིང་བརྡ་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་པས་རྡོ་རྗེའི་ཚིག་གི་ངོ་སྤྲད་པར་མོས་ཤིག །ཤེལ་རྡོ་བསྟན་ལ། ཧཱུྃ༔ ཡེ་ཤེས་རྣམ་པ་སོགས། དེས་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་པ་ཐོབ། སྦྱང་གཞི་རིག་སྟོང་རྗེན་པའི་ཡེ་ཤེས་ཉམས་སུ་མྱོང༌། སྦྱོང་བྱེད་དབང་བཞི་པ་ཐོབ་པས་ལམ་ཟུང་འཇུག་ཕྱག་ཆེན་བསྒོམ་པ་ལ་དབང༌། སྦྱང་བྱ་སྣང་གསུམ་འཕོ་བའི་ཞེན་རྟོག་འགགས། སྦྱངས་འབྲས་ངོ་བོ་ཉིད་སྐུ་མངོན་དུ་བྱས་པའོ། །དེས་གསང་བ་དབྱིངས་ཀྱི་རྒྱལ་མོའི་བྱིན་རླབས་དབང་གི་རིམ་པ་གྲུབ་པ་ཡིན་པས་འདི་ཉིད་ལྷག་པའི་ལྷར་བཟུང་ཞིང་ལྷ་སྔགས་ཀྱི་རྣལ་འབྱོར་ལ་བརྩོན་པ་དང༌། ཆོས་སྤྱོད་བཅུའི་རྣམ་དཀར་ལ་གཅིག་དྲིལ་དུ་བརྩོན་པ་སོགས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས། གཏང་རག་གི་མཎྜལ་དང༌། ལུས་འབུལ། དགེ་བསྔོ་སྨོན་ལམ་བྱ་ཞིང་སློབ་མ་གྱེས། སློབ་དཔོན་གྱི་ལྷག་མ་ནས་བཟུང་ཆོ་གའི་རྗེས་རིམ་མཐར་དབྱུང་བར་བྱ་དགོས་སོ། །ཞེས་པའང་མདོ་སྨད་བྱང་ཕྱོགས་ཀྱི་གྲུབ་དབང་ནམ་མཁའི་དགོངས་གཏེར་དབྱངས་ཅན་དམར་མོའི་དབང་ལུང་གི་རྒྱུན་རྗེ་དེ་ཉིད་ཀྱི་མདུན་ནས་མཁས་གྲུབ་ཆེན་པོ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་སྲས་མཁན་ཆེན་ཞི་འཚོའི་མཆོག་སྤྲུལ་སྐུ་ཕྲེང་གཉིས་པའི་སྤྱན་སྔ་ནས་དགྱེས་བཞིན་ནོད་པའི་དགོས་པ་བཞིན་དད་མཁྱེན་ཡངས་པ་སྔགས་བཙུན་རྡོ་རྗེ་འཆི་མེད་རྣམ་རྒྱལ་ནས་ཆེད་དུ་བསྐུལ་བ་བཞིན་ན་ཚོད་སྨིན་པའི་སྔགས་རྒན་ལྷོ་ཕྱོགས་མ་ལ་ཡ་ཙནྡན་འཁྲིགས་པའི་སྨན་ལྗོངས་སུ་ཀུན་ཏུ་རྒྱུ་བའི་སྐབས་བྲིས་པ་འདིས་ཀྱང་གསང་སྔགས་སྙིང་པོའི་བསྟན་པའི་ལྷོ་རླུང་གི་རེག་བྱས་རྨོངས་པའི་ཚ་གདུང་སེལ་ནས། འཆད་རྩོད་རྩོམ་པའི་དགའ་སྟོན་གྱི་དཔལ་ལ་རོལ་པའི་བསྟན་འཛིན་གྱི་འདུས་པས་ཡངས་པའི་དབྱིག་འཛིན་མཛེས་བྱེད་དུ་གྱུར་ཅིག །མངྒ་ལཾ། དགེའོ།། །།

Footnotes

Other Information