མཁས་པ་བློ་ལྡན་མཆོག་སྲེད་ལ་བསྔགས་པ་ཚངས་སྲས་དཔལ་མོ་སྙེམས་པའི་གླིང་བུ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-20
Wylie title mkhas pa blo ldan mchog sred la bsngags pa tshangs sras dpal mo snyems pa'i gling bu DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 20, Pages 272-273 (Folios 23a5 to 24b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Mkhas pa blo ldan mchog sred la bsngags pa tshangs sras dpal mo snyems pa'i gling bu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 272-273. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
མཁས་པ་བློ་ལྡན་མཆོག་སྲེད་ལ་བསྔགས་པ་ཚངས་སྲས་དཔལ་མོ་སྙེམས་པའི་གླིང་བུ་ཞེས་བྱ་བ། ན་མོ་གུ་རུ། ཀུན་གཟིགས་ཡེ་ཤེས་མེ་ལོང་འཆར་པའི་ལྷ། །ཆོས་རབ་རྣམ་འབྱེད་སྤོབས་པའི་རོལ་སྒེག་ཀྱིས། །སྙེམས་ཚེ་བློ་ལྡན་མཆོག་སྲེད་མཚན་གྱི་རྔས། །རབ་མཛེས་རྒྱལ་སྲས་ཆེན་པོར་བསྟོད་ལ་བྲེལ། ༡ །གཟོད་ནས་ཆོས་ཀུན་མཁྱེན་པའི་མཐར་སོན་བཞིན། །ཞིང་འདིར་མཚུངས་མེད་རིག་པ་འཛིན་ཟོལ་གྱིས། །མཁྱེན་གཉིས་སྣང་བྱེད་ཟུང་གིས་ཁྱེད་ཐུགས་མཁར། འདུ་འབྲལ་མེད་པའི་འགྲོ་འོང་གཡོ་བས་མཛེས། ༢ །མཐའ་ཡས་ཤེས་བྱའི་ཆོས་ཚུལ་རྒྱ་མཚོའི་གཟུགས། །མགོན་ཁྱོད་ཡེ་ཤེས་གསེར་གྱི་བརྟན་ལྡན་ངོགས། །ལེགས་བསྐྱེད་ཐུགས་བརྩེའི་རླབས་ཕྲེང་མུ་ཏིག་གི །དོ་ཤལ་མཚུངས་པས་རྟག་ཏུ་རྒྱན་པ་ལས། ༣ །མ་ལུས་འགྲོ་རྒྱུད་མི་ཤེས་སྲིད་པའི་ནོངས། །སེལ་ཕྱིར་དཔག་མེད་ཆོས་སྒོའི་མ་ཎི་ཀ །ཕྲིན་ལས་རྒྱལ་མཚན་རྩེ་མོར་བརྗིད་པ་ལས། །དགེ་ལེགས་ཤིས་པའི་ཆར་བཟང་ཟད་མི་ཤེས། ༤ །གཟུངས་སྤོབས་བློ་ཡི་ན་ཚོད་དར་བབ་པའི། །བློ་ལྡན་གཉིས་འཐུང་ཁྱུ་མཆོག་ཚོགས་པའི་དབུས། །འཇིགས་མེད་མཁྱེན་རབ་སུམ་ཟུང་མཆེ་བ་ཅན། །རྒྱུ་སྐར་དབུས་ན་བདུད་རྩིའི་གཏེར་བཞིན་སྙེམས། ༥ །རྒྱལ་དགོངས་དྲང་ངེས་ཐེག་པ་ཆེ་ཆུང་གི །རྣམ་བཞག་ཚོན་རིགས་བརྒྱ་ལྡན་དབང་པོའི་གཞུ། །ཁྱེད་ཐུགས་འཆི་མེད་ལམ་ཀུན་མཛེས་པ་ལས། །བློ་ལྡན་བྱེ་བའི་མིག་གི་བདུད་རྩིར་སིམ། ༦ །མཐའ་དག་ཐ་སྙད་རིག་གཞུང་དལ་འགྲོ་བཞི། །མཁྱེན་ཟབ་མ་དྲོས་ཆུ་གཏེར་ལས་ཐོན་པས། །རྒྱལ་བའི་ཆོས་གཏེར་གདེངས་ཅན་དབང་པོ་ཡིས། །ནོར་བུའི་མཛོད་ཀྱི་ལྡེའུ་མིག་ཁྱེད་ལ་མངའ། ༧ །ཆོས་སྒོ་གཅིག་གིས་མཐའ་ཡས་འགྲོ་སྒྲོལ་ཡང༌། །ཚིག་དོན་འཛད་མེད་དབྱར་གྱི་ཆར་བཞིན་དུ། །འཇོ་བས་བློ་ཡི་དྲི་མ་འཁྲུད་དང་བཅས། །ཀུན་མཁྱེན་ལང་ཚོའི་དཔལ་ཡོན་ཅིར་ཡང་དར། ༨ །ཟབ་དང་རྒྱ་ཆེ་རྣམ་པ་ཐམས་ཅད་གསུང༌། །ཇི་ལྟར་བསྟན་ཀྱང་མཐར་ཐུག་རྣམ་མཁྱེན་གྱི། །དཔལ་ལ་དབུགས་འབྱིན་བྱེད་པ་ཁོ་ན་སྟེ། །མཐར་ཐུག་དགོངས་བཅུད་རྒྱ་མཚོ་གཅིག་ཏུ་འཁྱིལ། ༩ །མཐོང་ཐོས་དྲན་དང་རེག་པའི་སྐལ་བཟང་ལ། །ཆོས་བཟང་ནོར་བུའི་ཞགས་པས་ལེགས་བཟུང་ནས། །རྣམ་གྲོལ་གླིང་དུ་དྲངས་པའི་གསུང་རྡོ་རྗེ། །ངག་གི་དབང་ཕྱུག་དཔལ་གྱིས་ཡོངས་སུ་བརྒྱན། ༡༠ །ཁྱོད་ཐུགས་ཤེས་བྱ་ཀུན་ལ་འཇུག་པའི་མཐུས། །ཡེ་ཤེས་ནོར་བུའི་གཟི་འོད་དད་བློ་ཡི། །བརྩོན་པས་མཆོད་པ་ཀུན་ཀྱང་ཆོས་ཐམས་ཅད། །གཟིགས་པའི་སྤྱན་རས་བདེ་མྱུར་བཀྲ་བར་མཛོད། ༡༡ །རབ་འབྱམས་རྒྱལ་བའི་ཐུགས་དབྱིངས་དཔལ་བེའུར། །ཡེ་ཤེས་སེམས་དཔའ་གྱད་ཀྱི་ནོར་བུ་བཞིན། །བཞུགས་པས་ཆོས་ཀྱི་དབྱིངས་ཀུན་རྒྱས་འགེངས་པའི། །ཟག་མེད་ཡོན་ཏན་སྣང་བ་བློས་མི་དཔོག ༡༢ །སྲིད་པའི་རྩ་བ་བདག་ཏུ་ལྟ་བ་ཡི། །མ་རིག་གཤེད་དུ་དཔའ་བ་ཁྱོད་གཅིག་ཕྱིར། །བློ་ལྡན་དད་དང་མོས་པའི་རྩལ་འཆང་ཀུན། །ཁྱོད་ཞབས་པདྨོར་མའི་བསྟེན་སུ་མ་མཆིས། ༡༣ །སྲིད་ཞིའི་དཔལ་ཀུན་མཚོ་ལས་ནོར་བུ་བཞིན། །ཁྱེད་ལས་འབྱུང་ཞིང་འཁོར་འདས་སྲོག་གི་སྙིང༌། །ཡེ་ཤེས་ལུས་ཅན་གྲགས་པའི་དབྱར་རྔ་ཡིས། །བདག་ཡིད་རྨ་བྱ་སྒེག་པའི་གར་གྱིས་བཏུད། ༡༤ །གཏིང་དཔོག་དཀའ་བའི་ཡེ་ཤེས་ནམ་མཁའི་དབྱིངས། །མོས་པས་བཏུད་ཅིང་བསྟོད་པའི་བསོད་ནམས་ཀྱང༌། །མཁའ་དང་རྒྱ་མཚོའི་འཇིངས་བཞིན་མཐའ་ཡས་པས། །འགྲོ་བའི་ཉེར་འཚོའི་དཔལ་དུ་བདག་གྱུར་ཅིག ༡༥

Footnotes

Other Information